༧རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་གིས་ཞེན་པ་བཞི་བྲལ་འཆད་པ། མུས་འགོད། ༡

                          གང་གིས་སྐྱེ་དང་འཇིག་པ་དག།

                         ཚུལ་འདི་ཡིས་ནི་སྤངས་གྱུར་པ།།   

                         རྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི།།

                         ཐུབ་དབང་དེ་ལ་ཕྱག་འཚལ་ལོ།།    

                        ཚེ་འདི་ལ་ཞེན་ན་ཆོས་པ་མིན།།       

                        འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།།  

                        བདག་དོན་ལ་ཞེན་ན་བྱང་སེམས་མིན།།  

                        འཛིན་པ་བྱུང་ན་ལྟ་བ་མིན།།        

  དེ་འདྲའི་ཚིག་བཞི་དེ་བླ་མ་ས་སྐྱ་པ་ཆེན་པོས།རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་སྒྲུབ་པ་ཟླ་བ་དྲུག་མཛད་པའི་དུས་སུ། འཇམ་པའི་དབྱངས་གཙོ་འཁོར་གསུམ་གྱིས་ཞལ་གཟིགས་ནས་གཙོ་བོའི་ཞལ་ནས་དེ་ཡི་ཚིག་བཞི་དེ་བཀའ་བསྩལད་བ་རེད། དེ་ནས་དེ་ཡི་ནང་དུ་མདོ་མཚན་ཉིད་ཐེག་པའི་ཉམས་ལེན་ཡོངས་སུ་རྫོགས་པ་འདུས་པར་མཁྱེན་ཅིང་གཟིགས་ནས་བླ་མ་ས་སྐྱ་པ་ཆེན་པོས་ཉམས་ལེན་གནང་ཞིང་། དེ་ཡི་རྗེས་སུ་རྗེ་བཙུན་སྐུ་མཆེད་དང་། ཆོས་རྗེ་ཁུ་དབོན་ལ་སོགས་པ་ནས་ད་ལྟའི་བར་དུ་བླ་མ་བརྒྱུད་པ་བར་མ་ཆད་པས་ཉམས་སུ་བླངས་བར་མ་ཟད།   བློ་སྦྱོང་ཞེན་པ་བཞི་བྲལ་ཟེར་བ་འདི། ས་སྐྱ་རྐྱང་པ་ཙམ་མ་ཡིན་པར་རྙིང་མ་དང་བཀའ་རྒྱུད་ཀྱི་ཕྱོགས་ལ་སོགས་པ་གྲུབ་མཐའ་གཞན་དག་ལའང་བློ་སྦྱོང་ཁེ་གྲགས་ཡོད་པ་ཞིག་ཏུ་ཆགས་སོང་བ་རེད། དེའི་ཚིག་རྐང་དང་པོ།

ཚེ་འདི་ལ་ཞེན་ན་ཆོས་པ་མིན།།

     གསུངས་པ་རེད། དངོས་བསྟན་ལ་དགག་ཕྱོགས་ནས་བསྟན་པ་རེད། ཅི་དགག་སོང་པ་རེད་ཅེ་ན།   ཚེ་འདི་ལ་ཞེན་པ་ཡོད་པ་དེ་ཆོས་པ་ཡིན་པ་ཕར་དགག་ནས་ཆོས་པ་མིན་ཅེས་གསུངས་པ་རེད། དེ་ཆོས་རྣམ་དག་སྒྲུབ་མཁན་དང་། ཉམས་ལེན་ཡང་དག་བྱེད་མཁན་གྱི་གང་ཟག་ཅིག་མ་རེད་ཅེས་གསུངས་པ་རེད། དེའི་ལྡོག་ཕྱོགས་ནས་ཅི་ཞིག་བསྟན་ཡོད་རེད་ཅེ་ན། ཚེ་འདི་ལ་མ་ཞེན་པ་དེ་ཆོས་པ་རྣམ་དག་རེད་ཅེས་གསུངས་པ་རེད། དེ་འདྲའི་ཚེ་འདི་ལ་ཞེན་དང་མ་ཞེན་ཞེས་བཤད་འོང་དུས། ཚེ་འདི་ཟེར་རྒྱུ་དེ་སུ་རེད། ཅི་རེད། གང་རེད། ཅེས་དྲི་བ་ཞིག་བཀོད་ཁུལ་བྱས་ན། ཚེ་འདི་ཟེར་རྒྱུ་དེ་དཔེ་ཆའི་ནང་དུ་བཤད་སྟངས་བྱས་ན། འཇིག་རྟེན་མཁྱེན་པའི་རྙེད་དང་མ་རྙེད་དང་ཞེས་སོགས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་བཞིན་དུ་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཞེན་པ་མ་ཆོད་ཅིང་།   འཁྲི་བ་མ་ཆོད་ན། དེ་ལ་ཚེ་འདི་ལ་ཞེན་པ་ཟེར་རྒྱུ་དེ་འཇིག་རྟེན་གྱི་ཆོས་བརྒྱད་ལ་རེ་དོགས་མ་ཆོད་པ་ལ་གཙོ་བོར་བཞག དེ་ནས་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་ནང་ནས་དཔེར་ན། རྙེད་པ་དང་མ་རྙེད་པ་ཞེས་གསུངས་པ་ལ་མཚོན་ན། རྙེད་པ་རྒྱ་ཆེན་པོ་ཐོབ་པའི་གནས་སྐབས་སུ། དེ་ལ་ཞེན་པ་མ་ཆོད་ན། རང་གི་སེམས་ལ་ཞེན་པ་སྐྱེས།ཆགས་པ་སྐྱེས། དགའ་བ་སྐྱེ་འོང་བ་རེད།ཡང་རྙེད་པ་ཆེན་པོ་ཞིག་ཉམས། རྙེད་པ་དེ་ཤོར། མི་རྙེད་པ་དེ་འདྲ་ཞིག་རེད་སོང་པ་ཡིན་ན། རྙེད་པ་ལ་ཞེན་པ་མ་ཆོད་པའི་དབང་གིས། རྙེད་པ་ཉམས་འགྲོ་དུས། སེམས་ལ་མི་དགའ་བ་སྐྱེས། ཞེ་སྡང་སྐྱེས། སེམས་མི་སྐྱིད་པ་དེ་སྐྱེ་འོང་གི་ཡོད་རེད། དེ་ཡིན་དུས་ཚེ་འདི་ལ་མ་ཞེན་པའི་སྒོ་ནས་རྙེད་པ་དང་མ་རྙེད་པ་གཉིས་པོ་དེ་ལ་ཆགས་སྡང་གི་འཛིན་པ་ཟེར་ན་འདྲ།དགའ་སྡུག་གི་འཛིན་པ་ཟེར་ནའང་འདྲ། དེ་འདྲའི་ཞེན་པ་དེ་ཉིད་ཡོད་མི་ཉན། དེ་སྤང་དགོས་ཀི་རེད། རྙེད་པ་ཐོབ་ན་དགའ་རྒྱུ་མེད་པ་ཞིག་དང་། ཤོར་ན་སྡུག་རྒྱུ་མེེད་པ་ཞིག་དང་། རྙེད་པ་ཨེ་འཐོབ་ཀྱི་རེ་བ་དང་། ཉམས་པའི་དོགས་པ་མེད་པ་སྟེ།རྙེད་མི་རྙེད་གཉིས་ཀྱི་བར་དུ་རེ་དོགས་དེ་མེད་པ་ཡིན་ན་སྨོས་མ་དགོས་པ་རེད། ཆོས་པ་ཡིན་རྒྱུ་རེད། རེ་དོགས་མེད་པ་མ་ཡིན་ནའང་།འཇིག་རྟེན་པ་ཆོས་མི་ཤེས་པ་དེ་ཚོ་དང་བསྡུར་བཞག་ན། ང་ཚོ་ཆོས་ལ་ཕྱོགས་མཁན་དེ་ཚོས་རྙེད་མི་རྙེད་གཉིས་ཀྱི་རེ་དོགས་དེ་ཅུང་ཟད་གཞན་དག་བས་ཆུང་ངུར་བཏང་ན་དེ་ཡང་ཡོན་ཏན་ཞིག་རེད། དེ་བཞིན་དུ་ཐོབ་ཤོར་གཉིས།   སྙན་པ་དང་མི་སྙན་པ་གཉིས།བསྟོད་པ་དང་སྨད་པ་གཉིས་དེ་ཚོ་ལ་ད་ལྟ་རྙེད་པ་ལ་བཤད་པ་བཞིན་དུ་རེ་དོགས་སྤངས་ཟེར་ན་ལས་སླའོ་མ་རེད་དེ། དེ་དག་སྐྱོན་ཡིན་པ་ཤེས་ནས་ཕར་ཆུང་ངུར་གཏོང་རྒྱུ་དེ་ང་ཚོའི་གོམ་པ་དང་པོ་དེ་རེད།དེ་ནས་དང་པོ་ཕར་ཆུང་ངུར་བཏང་ནས་རེ་དོགས་དེ་སྐྱོན་ཡིན་པ་ཧ་གོ་རོགས་བྱས་ན་དེ་ལའང་ཡོན་ཏན་ཆེན་པོ་ཡོད་པ་རེད་མ་གཏོགས། ཁ་ནང་ལ་མ་ཕྱོགས་ན་རྙེད་པ་ཐོབ་ན་རང་ལ་དགའ་བ་སྐྱེས་པ་དང་། ཤོར་ན་མི་དགའ་བ་སྐྱེ་འོང་དུས། དེ་ཆོས་དང་མཐུན་མི་མཐུན་གྱི་ཞུ་དག་གཏན་ནས་མ་བྱས་ཤིང་།རང་རྒྱུད་ལ་བསམ་བློ་གཏན་ནས་མི་གཏོང་བར་དེ་དེ་འདྲ་ཡིན་དུ་ཆོག་ཆགས་བྱས་ཤིང་བསྡད་བསྡད་པ་ཡིན་ན། ད་ལོ་ང་ལ་དེ་འདྲའི་རེ་དོགས་སྐྱེས།  སང་ལོའང་རེ་དོགས་སྐྱེས། མ་ཤིའི་བར་དུ་རེ་དོགས་སྐྱེས་ནས་ཆོས་རྣམ་དག་དང་ཆོས་པ་ཡིན་པའི་ཕྱོགས་དེ་དག་ལ་གོམ་པ་གང་ཡང་སྤོ་ཐུབ་ཀྱིན་ཡོད་མ་རེད།  དེ་ནས་གཟན་ཤམ་གྱོན་ན་འདྲ་མ་གྱོན་ན་འདྲ ། བྲག་ཕུགས་ནང་དུ་མཚམས་བསྡད་ན་འདྲ་མ་བསྡད་ནའང་འདྲ་སྟེ།རྙེད་མ་རྙེད་ཀྱི་རེ་དོགས་དེ་ལ་སྐྱོན་མ་མཐོང་ཞིང་། དེ་སྤང་མ་ཐུབ་ནས་བཟུང་སྟེ་ཆོས་པའི་ཕྱོགས་ལ་གོམ་པ་དང་པོ་མ་སྤོས་ཚར་དུས།

གོམ་པ་དང་པོ་གཏན་ནས་མ་སྤོས་ན་གཉིས་པ་དང་གསུམ་པ་ལ་སོགས་པ་སྤོ་ཐབས་མེད་པས། དེ་ནས་དང་པོ་ཆོས་ལ་ཕྱོགས་ཉིན་མོ་ནས་མ་ཤི་བར་དུ་ཡར་གྲགས་འགྲོ་རྒྱུ་དང་མར་སྡུག་འགྲོ་རྒྱུ་ཅི་ཡང་མེད་པར་འཇིག་རྟེན་ཆོས་བརྒྱད་ཀྱི་ངང་དུ་གཡེང་སྟེ་མཐར་མི་ཚེ་ཟད་སོང་བ་ཡིན་ན། ང་ཚོས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བའི་གོ་ཆོད་ཡོད་པ་མ་རེད་ལ། གཟན་ཤམ་གྱོན་པའི་གོ་ཡང་ཆོད་ཡོད་པ་མ་རེད། བླ་མར་བསྟེན་པའི་གོ་ཡང་ཆོད་ཡོད་པ་མ་རེད། དེ་ནས་ངེས་པར་དུ་རྙེད་མི་རྙེད་ཀྱི་རེ་དོགས་དང་། གཞན་གྱིས་རང་ལ་བསྟོད་པ་ལ་དགའ་དགའ་དང་།སྨད་པ་ལ་སྡུག་སྡུག་གི་བསམ་བློ་དེ་ཡང་རང་རྒྱུད་ལ་སྐྱོན་ཡིན་པ་ཞིག་མཐོང་དགོས་པ་རེད་མ་གཏོགས། དེ་ཡོན་ཏན་ཡིན་པ་ཞིག་མཐོང་བསྡད་ན་བཤད་མི་དགོས་པར་ཆོས་པའི་ཕྱོགས་ལ་འགྲོ་ཡི་ཡོད་མ་རེད་ལ། ཡོན་ཏན་ཡིན་པ་དམིགས་སུ་མ་མཐོང་ནའང་སྐྱོན་ཡིན་པ་མ་མཐོང་ནས་དེ་འདྲ་དེ་ཡོད་དུ་ཆོག་ཆོག་བྱས་པའམ། ཡང་ན་རེ་དོགས་དེ་སྐྱེ་ན་ཆོག་མ་སྐྱེ་ན་ཆོག དེ་འདྲ་རང་སོར་བཞག་བཞག་པ་ཡིན་ན། ད་ལྟ་བཤད་པ་བཞིན་དུ་ཡང་ཆོས་ཕྱོགས་ལ་གོམ་པ་གཏན་ནས་སྤོ་ཡི་ཡོད་མ་རེད།   དེ་ནས་ཀྱེ་རྡོར་གྱི་བསྙེན་ཚད་མང་པོ་ག་ཚད་གསོག་ན། ལམ་དུས་ཚར་མང་པོ་ག་ཚད་གདོན་ན།     རང་གི་བློ་དེ་ཆོས་སུ་མ་སོང་ཚར་དུས་ཆོས་པ་རེད་འོང་ཐབས་གཏན་ནས་མེད་པ་རེད།   དོ་ཞག་ང་ཚོ་བོད་པའི་སྒོམ་རྒྱག་མཁན་དེ་ཚོའི་ནང་ནས་ཁ་ཤས་ཤིག་ཕར་ཆེར་མི་ལོ་ཉི་ཤུ་སུམ་ཅུ་ཙམ་ལ་མཚམས་ལ་བཞུགས་པ་དང་། སྒོ་ཕྱི་ལ་མི་འབུད་མཁན་དེ་ཚོ་ད་ཡག་པོ་རེད་བསྡད་ཡོད་སྙམ་ནས་དེ་ཚོ་ལ་དད་པ་བཞག་འོང་དུས། ཁ་ཤས་ཤིག་ངོ་མ་ཅིག་གྱོད་འདྲ་ཐུག   ཡང་ན་ཉེ་སྐོར་དེ་ཚོར་དོན་ཏག་ག་གེ་རེ་བུད་འོང་དུས་ཕྱི་ན་འདུག་པའི་གྲྭ་བ་དེ་ཚོ་ལས་ཀྱང་ནང་དུ་བཞུགས་འདུག་མི་དེ་ཚོ། ཁོང་ཁྲོ་ང་རྒྱལ་ཆེ།  དེ་ནས་གཞན་གྱིས་བརྙས་བཅོས་བྱས་སོ་སྙམ་ནས་བློ་ཕམ་སྐྱེས་པ་དང་།   ཡུས་ཆེ་བ་ལ་སོགས་པ་དེ་འདྲ་མང་པོ་གསུང་རྒྱུ་འདུག་ལ།   ཡང་ན་སྐད་ཆ་ལ་ཆགས་བཞག་ན་ང་ཚོ་ཕྱི་ན་འདུག་མི་ལས་ཀྱང་འཇིག་རྟེན་པའི་དགའ་སྡུག་ཆགས་སྡང་གི་སྐད་ཆ་དེ་ཚོ།   སྒྲུབ་ཁང་ནང་དུ་བཞུགས་འདུག་མཁན་དེ་ཚོས་གོ་རྒྱུ་མང་གི་འདུག་ཅིང་། ཁོ་ཚོས་ཁ་པར་རེ་ཉར་ནས་ཕུ་ཡིན་རབས་མདའ་མིན་རབས་སོགས་ཚང་མ་ང་ཚོ་ཕྱི་ནས་འདུག་མཁན་དག་ལས་ཀྱང་སྐད་ཆ་མང་པོ་ཁ་པར་ལམ་ནས་གོ་ཡི་འདུག     སྐབས་རེར་ཁུར་སྟངས་རེ་བླངས་འོང་དུས་།   འོ་དུད་ཁ་སུ་ཞིག་ཚང་གི་མནའ་མ་ཡག་པོ་འདུག དུད་ཁ་སུ་ཞིག་ཚང་གི་མག་པ་དེ་ཡག་པོ་ཅི་འདྲ་འདུག  དེ་ལ་ཟོག་མང་པོ་འདུག    ལུག་མང་པོ་འདུག    གཟི་བྱུ་རུ་མང་པོ་འདུག    འོ་སུ་ཞིག་ཚང་གི་དེ་མི་སྤྲང་པོ་རེད།   ཆང་འཐུང་འདུག    རྐུན་མ་རེད་འདུག་ཟེར་བ་དེ་ཡན་ཆོད་ནས་བཟུང་ང་ཚོས་མ་ཐོས་པ་ཐམས་ཅད་ཁོ་ཚོས་མཚམས་ཁང་ནས་གོ་ཐོས་བྱུང་བ་ཡོད་སྐད་འདུག་པས་དེ་ཡིན་ན་ངེས་པར་ཅན་དུ་རྒྱལ་བ་ཐམས་ཅད་མཁྱེན་པའི་གསུང་བཟང་འདི་དག་ལ་ཡིད་ཆེས་རྩ་བ་ནས་མེད་པ་ཆགས་འགྲོ་ས་སྙམ་གྱིན་ཡོད། ལོ་ངོ་ཉི་ཤུ་སུམ་ཅུ་ཙམ་དུ་མཚམས་ལ་བསྡད་ཚར་དུས། ད་དུང་སེམས་དེ་འདྲ་བྱས་ནས་ཐུར་ཐུལ་རྒྱུ་མེད་པར་སྔ་མ་བཞིན་ཏུ་ལྷག་བསྡད་པ་ཡིན་ན། དེ་ངོ་མ་མི་ཁོ་རང་གིས་མ་འཇོན་པར་ཤེས་ན་ཡག་པོ་རེད་དེ། གཞན་གྱིས་དེ་འདྲ་གཏན་ནས་དྲན་གི་མ་རེད། ད་ངོ་མ་ཆོས་ཟེར་རྒྱུ་དེ་རྫུན་མ་ཡིན་ས་རེད། ཁོང་མཚམས་དེ་འདྲ་ཡུན་རིང་བསྡད་དུས་ད་དུང་གཟིག་རྒན་བྲག་ཕུགས་སུ་བཅུག་པ་ལྟ་བུའི་སྡོད་འདུག་པས། ད་ཡག་པོ་ཡོད་ས་མ་རེད་སྙམ་ནས་དེ་འདྲའི་ལོག་ལྟ་སྐྱེ་འགྲོ་མཁན་ཡོད་སྲིད་པ་ཡིན་པས་དེ་འདྲ་རེད་མ་ཤོར་བ་ཞིག་དགོས་རེད།  དཔེར་ན།   ལམ་དུས་ཚར་གཅིག་བཏོན་ནའང་འཇིག་རྟེན་ཆོས་བརྒྱད་ཀྱི་རེ་དོགས་དང་བྲལ་བའི་ཆེད་དང་། ཚིག་རྐང་དང་པོ་ལ་འགྲེལ་བ་བརྒྱབ་ནས་བཤད་ན། དེ་ནས་འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་སྤོང་པའི་ཆེད་དུ་ཡིན་བསམ་བསམ་ཞིག་གིས་གོམ་པ་དང་པོ་དེ་ནས་སྤོས་ཤིང་། དེ་ནས་ཚིག་རྐང་གཉིས་པ་དང་གསུམ་པ་ལ་སོགས་པར་རིམ་པར་སེམས་བསྐྱེད་རྒྱ་ཇེ་ཆེ་དང་ཇེ་མཐོར་སོང་ན་ཡག་པོ་ཡོང་གི་ཡོད་རེད་མ་གཏོགས། མགོ་ནས་མར་འདོན་དུས་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། ཟེར་ནས་སེམས་བསྐྱེད་རྫིག་པོ་མ་ཞིག་གདོན་རྒྱུ་ཡོད་རེད་དེ་། རང་གི་སེམས་རྒྱུད་ལ་ཚུར་མ་སྦྱར་ཚར་དུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་ནས་ཆེན་པོ་མ་ཞིག་བཤད་རྒྱུ་ཕར་ཞོག དོན་དུ་རང་གིས་འཇིག་རྟེན་ཆོས་བརྒྱད་ལ་དགའ་སྡུག་གི་རེ་དོགས་ཡང་སྤོང་མ་ཐུབ་ནས་ལྷག་བསྡད་ན་ང་ཚོ་ངོ་ཚ་བོ་རེད། དེ་འདྲ་མ་ཤོར་བ་ཞིག་དགོས་རེད། གཞུང་འདྲ་བོ་ཞིག་དང་སྦྱར་བཞག་ན། འཇིག་རྟེན་ཆོས་བརྒྱད་ལ་རེ་དོགས་ཡོད་པ་དང་།ཞེན་པ་ཡོད་པ་ནི་ཚེ་འདི་ལ་ཞེན་པ་ཟེར་རྒྱུ་དེ་རེད། དེ་དང་བྲལ་བ་ནི་ཚེ་འདི་ལ་མ་ཞེན་པ་ཟེར་རྒྱུ་དེ་རེད། དེ་ཡིན་དུས་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཟེར་རྒྱུ་བོ་དེ་འདྲ་བ་ཞིག་ལ་གོ་དགོས་རེད། མ་ཞེན་ན་ཆོས་པ་ཡིན་གསུངས་རྒྱུ་དེ་ཡང་བསྟོད་སྨད་གཉིས་ལ་དགའ་སྡུག་དང་། སྙན་མི་སྙན་ལྐོག་བཤད་བྱེད་མི་དང་ལྐོག་ནས་སྙན་པ་བརྗོད་པ་གཉིས་སོགས་ལའང་རེ་དོགས་དང་དགའ་སྡུག་སོགས་དེ་ཚོ་ལ་ཞེན་པ་ཆུང་ངུར་གཏོང་དགོས་རྒྱུ་དེ། ཚིག་རྐང་དང་པོའི་བསྟན་དོན་རེད། དེ་ཡང་མདོ་ཧྲིལ་གྱིས་དྲིལ་ནས་འགྲེལ་བའི་ནང་ན་མེད་པ་དེ་ཚོ་ཅི་འདྲ་བཤད་དགོས་ཀི་རེད་ཟེར་ན། ཚེ་འདི་ཟེར་རྒྱུ་དེ་འཇིག་རྟེན་ཆོས་བརྒྱད་ལ་སྦྱར་བཞག་ན་ཅུང་ཟད་༼མི་གསལ༽དཔེ་བརྗོད་དེ་ཚོ་ཚང་མ་ཚུར་རང་རྒྱུད་ལ་མྱོང་དགོས་རེད། དེ་ཡིན་དུས་། ད་ཚེ་འདི་ལ་མ་ཞེན་ཟེར་རྒྱུ་དེ།ད་ལྟ་ང་ཚོར་སྣང་བ་འདི་ཡིན་པ་ངོས་གཟུང་དགོས་རེད། འདི་ལས་ལོགས་སུ་གྱུར་པའི་ཚེ་འདི་ཟེར་རྒྱུ་ཞིག་གཏན་ནས་ཡོད་མ་རེད། ད་ལྟ་ཡན་ཆོད་ཀྱི་སྣང་བ་ཚང་མ་འགག་ཚར་ནས་ཡོད་མ་རེད། ད་ལྟ་མན་ཆོད་ཀྱི་སྣང་བ་ཚང་མ་མ་སྐྱེས་ནས་ཡོད་མ་རེད། ད་ལྟ་ང་ཚོ་ལ་སྣང་བཞིན་པ་འདི་ཚེ་འདི་ཡི་སྣང་བ་ཟེར་རྒྱུ་དེ་རེད། འདི་ལ་རེ་དོགས་སྤང་། འདི་ལ་དགའ་སྡུག་སྤང་།འདི་ལ་ཆགས་སྡང་སྤང་བཞག་པ་ཡིན་ན། ཚེ་འདི་ཟེར་རྒྱུའི་རིང་པོ་ཞིག་དང་། རྒྱ་ཆེན་པོ་ཞིག་ང་ཚོ་ལ་འོང་ཐབས་དང་ལྷུང་ཐབས་ཤིག་གཏན་ནས་ཡོད་མ་རེད།  དེ་ཡིན་དུས་ད་ལྟ་ང་ཚོ་ལ་ཤར་བཞིན་པའི་སྣང་བ་འདི་ལ་རེ་དོགས་དང་།དགའ་སྡུག་དེ་དག་ད་ལྟའི་སྣང་རྟོག་འདི་ཡི་སྟེང་ནས་ཕར་གཟབ་གཟབ་བཟོ་ཐུབ་སོང་བ་ཡིན་ན། དེ་བས་ལྷག་ཅིག་གཟབ་གཟབ་བཟོ་འོང་ས་དང་། བཟོ་འོང་རྒྱུའི་ཡུལ་ཡུལ་ཅན་སྣེ་ཞིག་ང་ཚོའི་རྒྱུད་ལ་སྐྱེ་འོང་རྒྱུ་གཏན་ནས་ཡོད་མ་རེད། རང་གིས་སྣང་རྟོག་འདི་ལ་བདག་པོ་རྒྱོབས། ད་ལྟའི་སྣང་ཐོག་འདི་འཇིག་རྟེན་ཆོས་བརྒྱད་ཟེར་ན་འདྲ། ཚེ་འདིར་སྣང་གི་གཉེན་ཉེ་དུ། དེ་བཞིན་དུ་དགྲ་ལཱ་སོགས་པ་དེ་ཚོ་ལ་ཆགས་སྡང་དང་རེ་དོགས་དེ་ཚོ་སྐྱེ་མ་ཤོར་བར་གཟབ་གཟབ་གྱིས།དཔེར་ན། དེ་རིང་རྟ་ལ་ཞོན་ནས་རྒྱང་རིང་པོ་ཞིག་དུ་འགྲོ་དགོས་ཁུལ་བྱས་ན། སྤྱིར་བཏང་གི་རྒྱང་རིང་པོར་འགྲོ་དུས་རྟ་དེ་ལ་ཞོན་ནས་གོམ་པ་འབུམ་ཞིག་སྤོ་དགོས་ནའང་། གོམ་པ་འབུམ་ཞིག་ཟེར་རྒྱུ་དེ་ལྟེབ་ཅིག་ལ་འོང་རྒྱུ་ཡོད་མ་རེད། རྟ་དེའི་གོམ་པ་རེ་རེ་བཞིན་སྤོ་འགྲོ་དུས་ད་ལྟའི་རྟ་ཁོ་རང་གི་གོམ་པ་སྤོ་ས་དེ་ལ་ང་ཚོས་རྟ་ཁ་འཚོས་ནས་གཟབ་གཟབ་བྱས་བསྡད་ན། ད་རེས་འགྲོ་ཚར་ས་དེ་ལ་གཟབ་གཟབ་བྱེད་ས་ཅི་ཡང་ཡོད་མ་རེད་ལ།མ་འོངས་པའི་འགྲོ་མ་ཚར་བ་དེ་ལ་ད་ལྟ་ནས་གཟབ་གཟབ་བྱ་ས་འང་ཅི་ཡང་ཡོད་མ་རེད།ད་ལྟ་ཁོ་རང་འགྲོ་བཞིན་པའི་ས་ལ་གཟབ་གཟབ་བྱེད་དགོས་པ་ནང་བཞིན་དུ། ད་ལྟའི་སྣང་རྟོག་འདི་ལ་བདག་པོ་སྤྲད་ནས་ཆོས་དང་མཐུན་པར་བཟོ་དགོས། དེ་ཡང་གཏན་ནས་མ་གཡེང་བར་ཆོས་དང་མཐུན་པར་བྱ་དགོས་ཟེར་ན། ང་ཚོ་སོ་སོའི་སྐྱེ་བོ་ལ་འོང་ཐབས་མེད་པ་རེད་དེ། བཟོ་དགོས་རྒྱུ་དེ་ད་ལྟའི་སྣང་རྟོག་འདིར་གཟབ་དགོས་རྒྱུ་ཡིན་པ་ཤེས་ན།ད་ལྟ་ཚིག་རྐང་དང་པོའི་སྐབས་སུ་འཇིག་རྟེན་ཆོས་བརྒྱད་ལ་རེ་དོགས་སྤངས་བ་ཙམ་ཞིག་གི་ཐོག་ཏུ་ཨེ་འགྲོ་བལྟས། གཉིས་པའི་སྐབས་སུ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཤེས་ནས་གང་ལའང་སྙིང་པོ་མེད་པར་མཐོང་བའི་རྣམ་རྟོག་འདི་སྒྱུར་ཨེ་ཐུབ་བལྟས། གསུམ་པའི་སྐབས་སུ་རང་དོན་གྱི་ཞེན་པ་སྤངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ད་ལྟའི་སྣང་རྟོག་འདི་ཡིས་བསམ་བློ་ཞིག་གཏོང་ཨེ་ཐུབ་བལྟས། བཞི་བའི་སྐབས་སུ་འཛིན་པ་བྱུང་ན་ལྟ་བ་མིན་ཟེར་འོང་དུས།འཛིན་མེད་ཀྱི་ངང་ལ་ད་ལྟའི་སྣང་རྟོག་འདི་འཇོག་ཨེ་ཐུབ་བལྟ་རྒྱུ་སྟེ། རིམ་པ་བཞིན་དུ་རང་གི་བློ་དང་བསྟུན་ནས་དེ་བཞི་རེས་མོས་བྱེད་དགོས་ན་འདྲ།གང་ཞིག་གཙོ་བོར་གཟུང་དགོས་ན་འདྲ། རང་ལ་ཉེས་པ་གང་གི་ཆེ་ན་དེའི་གཉེན་པོ་གཙོ་བོར་བཟུང་ནས་དེ་ཐམས་ཅད་འཛིན་མེད་དུ་བསྲེས་པ་སོགས་གཞུང་ཆེན་པོ་རྣམས་ལས་བཤད་པ་བཞིན་དུ་གནས་ལ་བཀར་ནས་ཉམས་ལེན་བྱེད་དགོས་རྒྱུ་དེ་རེད། དེ་ཡིན་དུས་རྗེ་བཙུན་རིན་པོ་ཆེས།ཞེན་པ་བཞི་བྲལ་གྱི་ཉམས་དབྱངས་ཀྱི་ནང་དུ། ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་སོགས་ཚེ་འདི་ལ་ཞེན་ནས་བྱས་པ་དེ་སོགས་གསུངས་རྒྱུ་དེ་ཚོ་རེད། བསྒྲུབ་བྱ་དགེ་བ་ཚུལ་ཁྲིམས་བསྲུང་ན་འདྲ། ཐོས་པ་བྱས་ན་འདྲ།བསམ་པ་བྱས་ན་འདྲ། བསྒོམ་པ་བྱས་ན་འདྲ་སྟེ། དེ་ཚོ་ཚེ་འདི་ལ་མ་ཞེན་པ་འཇིག་རྟེན་ཆོས་བརྒྱད་ཀྱི་རེ་དོགས་ཀྱི་ཆེད་དུ་མ་ཡིན་པ།དེ་ནས་རྙེད་པ་འཐོབ་པའི་ཆེད་དུ་ཚུལ་ཁྲིམས་བསྲུངས་བ། རྙེད་པ་འཐོབ་པའི་ཆེད་དུ་ཐོས་བསམ་སྒོམ་གསུམ་བྱས་པ།ཐོས་པ་བྱས་པ། བསམ་པ་བྱས་པ། རྙེད་པ་འཐོབ་པའི་ཆེད་དུ་སྒོམ་བརྒྱབས་པ་སོགས་དང་། དེ་འདྲ་མ་ཡིན་པ་རྙེད་པ་ཉམས་ཀྱིས་དོགས་ནས། དེ་ནས་ཡང་ཐོས་བསམ་སྒོམ་གསུམ་བྱས་པ་སོགས་དེ་འདྲའང་མ་ཡིན་པ། དེ་ནས་ཐོས་བསམ་སྒོམ་གསུམ་དང་། ཚུལ་ཁྲིམས་བསྲུངས་པ་ཐམས་ཅད་དེ་འདྲའི་རེ་དོགས་ཞི་བའི་ཆེད་དུ་ཡིན་པ་ཞིག་ལ་བསམ་བློ་གཏོང་དགོས་པ་ནི་རྒྱ་ཆེ་ས་ནས་བཤད་ན་དེ་རེད།ཆུང་ས་རང་གི་ཉམས་ལེན་ལ་ཚུར་སྦྱར་ནས་གནད་བསྡུས་བཞག་ན། འབྱུང་འདུལ་ཚར་གཅིག་གདོན་ནའང་ཚེ་འདི་ལ་མ་ཞེན་པ།འཇིག་རྟེན་ཆོས་བརྒྱད་ཀྱི་རེ་དོགས་སྤོང་བ་ཞིག་བྱེད་བསམ་ནས་ཚིག་རྐང་དང་པོ་ལ་སྦྱར་ན་དེ་འདྲ་ཞིག་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།