འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།།
གསུངས་རྒྱུ་དེ་རེད། འཁོར་བ་ཟེར་རྒྱུ་འདི་ཅི་རེད་ཟེར་ན། གོང་དུ་བཤད་པ་དང་གཅིག་པ་རེད། འཁོར་བ་ཟེར་རྒྱུ་འདི་འཁོོར་བ་ཐོག་མ་མེད་པ་ནས་ད་ཡི་བར་དུ་ཟེར་དུས་རིང་པོ་ཞིག་ཡིན་པའི་སྐད་ཆ་ཡོད་རེད་དེ། ངོ་མ་ང་ཚོ་འཁོར་བ་ལ་ཞེན་པ་སྤངས་ནས་ངེས་འབྱུང་སྐྱེ་དགོས་ས་དེ་ད་ལྟའི་སྣང་བ་འདི་རེད་མ་གཏོགས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཅི་བྱེད་ཡོད་ན་ཡོད་ཚད་འགག་ཚར་རེད། མ་འོངས་པར་སྐྱེ་རྒྱུ་དེ་མ་སྐྱེས་པ་རེད།དེ་ཡིན་དུས་ད་ལྟའི་སྣང་བ་འདི་སྡུག་བསྔལ་ཡིན་པ་ཤེས་ནས་འདི་ལས་ཐར་འདོད་ཀྱི་བློ་སྐྱེ་བཞག་པ་ཡིན་ན། དེ་ལ་ངེས་འབྱུང་ཟེར་དུས་གནད་ཐོག་ལ་ཁེལ་བའི་མེ་བཙའ་ལྟ་བུ་བྱས་ཤིང་། ཚུར་མཛུབ་མོ་བཙུགས་ནས་རང་གི་ཉམས་ལེན་ལ་སྦྱར་བཞག་པ་ཡིན་ན། ད་ལྟའི་སྣང་བ་འདི་སྡུག་བསྔལ་ཡིན་པ་ཤེས་འགྲོ་ཡི་ཡོད་རེད། དེ་མ་གཏོགས་འཁོར་བ་ཟེར་རྒྱུ་ཞིག་ག་ཅི་ཡང་ཡོད་མ་རེད། ད་ལྟའི་སྣང་བ་འདི་ཡང་ཚིག་རྐང་བཞི་བའི་སྐབས་ནས་བསྟན་པ་བཞིན་དུ་སེམས་སྣང་ཙམ་མ་གཏོགས་དེ་ལས་ལོགས་སུ་མེད་པ་རེད་དེ།གང་ལྟར་ཡང་སྣང་ཙམ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཤེས་དགོས། སྣང་ཙམ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཤེས་དགོས་རེད་ཟེར་དུས། ཕར་བལྟས་ནས་རི་ར་བ་བྲག་ཁང་ཁྱིམ་འདི་ཚོ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་རེད་རྐྱང་རྐྱངབསམ་བསྡད་ན་དེ་ཡང་གཅིག་རེད་བསམ་དགོས་རེད། རེད་དེ་གནད་གལ་པོ་ཆེ་ནི་རང་གི་ཕུང་པོ་ལྔ་དང་། རང་གི་ལུས་ལོངས་སྤྱོད་འདི་ཚོ་ཐམས་ཅད་སྡུག་བསྔལ་ཡིན་པ་ངོ་འཕྲོད་ནས། དེ་གཞིར་བཞག་གི་ཐོག་ཏུ་རི་ར་བ་ལ་སོགས་པ་གཞན་དག་སྡུག་བསྔལ་ཡིན་པ་ངོ་འཕྲོད་དགོས་རྒྱུ་དེ་གཙོ་བོ་རེད་མ་གཏོགས།རང་ཕར་བཅད་ནས་གཞན་པ་ཚང་མ་སྡུག་བསྔལ་རེད་བསམ་བསྡད་ན་ཆོས་ལ་ཉམས་ལེན་བྱས་པ་རེད་དེ་གནད་ཐོག་ལ་ད་དུང་ཁེལ་མེད་པ་རེད། གནད་དངོས་གནས་དེ་ནི་རང་རྒྱུད་དེ་སྡུག་བསྔལ་ཡིན་པ་དེ་ཤེས་དགོས་ཀི་ཡོད་རེད། ཡང་ན་སྡུག་བསྔལ་གྱི་རྒྱུ་ཡིན་པ་ཤེས་དགོས་པ་རེད། དེ་ཡིན་དུས་སྤྱོད་འཇུག་གི་ནང་དུ།ཤི་བ་མི་ཡི་གཟུགས་འདྲ་བ།། རེག་ཏུ་མི་བཟོད་སྡུག་སྔལ་ཅན།། སྲེད་ལྡོངས་བདག་གིས་གཟིར་གྱུར་ན།། གསུངས་པ་ལྟ་བུ།
ང་ཚོའི་ལུས་ཟེར་རྒྱུ་འདི་ཡང་ན་སྡུག་བསྔལ་གྱི་རྒྱུ། ཡང་ན་སྡུག་བསྔལ་གྱི་ངོ་བོ་རེད་ཡོད་པ་རེ་མ་གཏོགས། སྡུག་བསྔལ་དང་མ་འབྲེལ་བ་བདེ་བའི་རྒྱུར་གྱུར་པའི་ལུས་ཟེར་རྒྱུ་འདྲ།བདེ་བའི་ངོ་བོ་ཡིན་པའི་ལུས་ཟེར་རྒྱུ་འདྲ། དེ་འདྲ་ཞིག་གཏན་ནས་མེད་པ་རེད། དཔེར་ན།ང་ཚོས་ཕར་ཁོ་རང་ལ་བཅོས་ནས་ཅིག་ཅིག་བཟོ་འདུག་མ་གཏོགས། ཁོ་ཁ་རོག་བཞག་ནས་ཟ་མ་མ་སྤྲད་ན་འགྲིག་གི་མ་རེད། གོས་མ་བསྐོན་ན་ཁོས་བཟོད་ལེ་མ་རེད། ཡང་ངལ་གསོ་མ་བྱས་ནས་ག་གེ་ཞིག་ཏུ་བརྒྱུགས་བཞག་ན་ཁོས་བཟོད་ལེ་མ་རེད། ཡང་ཡར་མ་ལང་པར་འདུག་ངེས་བྱས་བསྡད་ན་ཁོས་བཟོད་ལེ་མ་རེད།དེ་ཡིན་དུས་ངོ་མ་ཅན་དུ་ལུས་འདི་ནི་ཅི་བྱས་ན་མི་མགུ་བས་བཙན་པོ་ཞིག་དང་། ཅི་བྱས་ན་མི་བདེ་བ་ཞིག་ང་ཚོས་བདག་པོ་སྤྲད་བསྡད་ཡོད་རེད། བདག་པོ་བྱེད་རྒྱུ་དེ་དེ་འདྲའི་ངོས་ནས་བསམ་བློ་བཏང་བ་ཡིན་ན་སྡུག་བསྔལ་གྱི་རང་བཞིན་རེད་བསྡད་ཡོད་རེད། དཔེར་ན། མེ་ཡི་རང་བཞིན་ཚ་བ་ཡིན་པ་བཞིན། ཡང་དབུ་མ་བཞི་བརྒྱ་པ་ལས་གསུངས་བ་བཞིན་དུ། ཆོས་རྒྱལ་མྱ་ངན་མེད་ཀྱི་བཙོན་རར་བཞིན་ནོ་ཞེས་གསུངས་པའི་འཁོར་བའི་སྡུག་བསྔལ་ཟེར་རྒྱུ་དེར། དཔེ་ཞིག་བཞག་ན། ང་ཚོས་ལུས་ཀྱི་སྤྱོད་ལམ་གང་བྱས་ན་ཡང་སྡུག་བསྔལ་གྱི་རང་བཞིན་མ་གཏོགས་ཡོད་པ་མ་རེད། དཔེར་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙོན་ཁང་གི་ནང་དུ་དང་པོར་ཕར་བཅུག་ཡོང་དུས། གདམ་རྒྱུ་ཡོད་རེད། འོ་ཁྱོད་ལང་ནས་དགའ་ན་ལང་འདུག་ཆོག ཉལ་འདུག་རྒྱུའི་དགའ་ན་ཉལ་བསྡད་ཆོག ཡང་འགྲོ་འདུག་རྒྱུའི་དགའ་ན་འགྲོ་འདུག་ཆོག འདུག་འདུག་རྒྱུའི་དགའ་ན་འདུག་བསྡད་ཆོག་ཟེར་བ་ལ་སོགས་པ་མང་པོ་ཞིག་གདམ་ང་སྤྲད་རྒྱུ་ཡོད་ཡོང་དུས། བཙོན་ཁང་ནང་དུ་ཕར་འགྲོ་དུས་བཙོན་ཁང་སྐྱིད་པོ་དེ་འདྲ་ཡོད་ཟི། རང་ཅི་དགའ་ན་དེ་བཟོ་ཆོག་ཟིག་བསམ་བསམས་ཞིག་ཡོད་པ་རེད་དེ། དོན་དུ་སྡུག་བསྔལ་མ་གཏོགས། གང་གདམ་ནའང་བདེ་བ་ཞིག་གཏད་ནས་ཡོད་མ་རེད། ཅི་རེད་ཟེར་ན། ཁོ་ཉལ་འདུག་ཟེར་མི་དེས་ཉལ་ན་མ་གཏོགས་ལང་མི་ཆོག་པས་ཉལ་བའི་སྡུག་བསྔལ་ཆེན་པོ་ཞིག་མྱོང་དགོས་རེད། འདུག་རྒྱུ་གདམས་མི་དེས་འདུག་རྒྱུ་ཙམ་མ་གཏོགས་སྤྱོད་ལམ་གཞན་གང་ཡང་བྱེད་མི་ཆོག་པས་དེའི་སྡུག་བསྔལ་མྱོང་དགོས་ཀི་ཡོད་རེད། ལང་འདུག་རྒྱུ་དེ་དེའི་སྡུག་བསྔལ་སོགས་དེ་འདྲ་མ་གཏོགས་བདེ་བ་ཞིག་གཏན་ནས་གདམ་རྒྱུ་མེད་རེད། ད་བསམ་བློ་ཞིག་ཐོངས་དང་།བདེ་བ་གདམ་རྒྱུ་མེད་པ་དེ་ང་ཚོའི་ལུས་འདི་ལ་བདེ་བ་མེད་པའི་རྒྱུ་མཚན་གྱིས། གདམ་རྒྱུ་མེད་སོང་བ་རེད་མ་གཏོགས། གལ་སྲིད་ལུས་འདི་ལ་བདེ་བ་ཞིག་གདམ་རྒྱུ་ཡོད་ན་བཙོན་ཁང་དེའི་ནང་ནས་གང་གི་སྐྱིད་ན། གང་གི་བདེ་ན་དེ་གདམ་རྒྱུ་རེད། རེད་དེ་ལུས་ཕུང་ཁོ་རང་མེ་ཡི་རང་བཞིན་ཚ་བ་བཞིན་དུ།སྡུག་བསྔལ་གྱི་རང་བཞིན་འདི་ལས་མ་འདས་པས་བདེ་བ་ཞིག་གདམ་ཐབས་གཏན་ནས་མེད་པ་རེད། རང་རང་སོ་སོས་ཉམས་སུ་མྱོང་དགོས་ནའང་དེ་འདྲའི་སྤྱོད་ལམ་དག་རིམ་བཞིན་གྱིས་དང་ཆོག་གི་རེད། ལུས་ཕུང་འདི་ལང་ན་བདེ་བ་ཡིན་ན་ཆུ་ཚོད་དང་ཉི་མ་ཁ་ཤས་ལང་ནས་སྡོད་ཨེ་ཐུབ་ལྟོས། ཡང་བསྡད་ན་བདེ་བ་རེད་བསམ་ན་འགུལ་གཡོ་གཅིག་ཀྱང་མེད་པར་ཆུ་ཚོད་དང་ཉི་མ་ཁ་ཤས་ལ་སྡོད་ནས་བདེ་བ་ཨེ་ཡོད་ལ་སོགས་པ་བསམ་རྒྱུ་དེ་རེད། དེ་ནས་རང་གི་སྤྱོད་ལམ་ཐམས་ཅད་ལུས་དང་བཅས་པ། ཤི་བ་མི་ཡི་གཟུཊ་འདྲ་བ་ནང་བཞིན་དུ་སྡུག་བསྔལ་མ་གཏོགས་བདེ་བ་ཞིག་ཏུ་འགྲོ་ས་གཏན་ནས་མེད་པ་ཐག་ཆོད་འོང་དུས། དེ་ཀའི་ངང་དུ་བླ་མ་དང་རང་སེམས་བསྲེ་བ་ལ་སོགས་པ་ཉམས་ལེན་སྤྱི་དང་མཐུན་དགོས་རེད། དེ་ནས་དེའི་འོག་ཏུ་དཔེར་ན། ཟས་དེ་བདེ་བའི་རྒྱུ་རེད་དམ་མ་རེད་ཅེས་འདྲི་ན། དཔེ་ཆར་མ་གཟིགས་པ་དག་གིས་ཟས་བདེ་བའི་རྒྱུ་རེད་ཅེས་ཟེར་རྒྱུ་རེད་དེ། ཡིན་ནའང་ཟས་སྡུག་བསྔལ་གྱི་རྒྱུ་རེད་མ་གཏོགས། བདེ་བའི་རྒྱུ་རེད་ཟེར་རྒྱུ་ཡོད་མ་རེད། ཅི་རེད་ཅེ་ན།རང་ལྟོག་པའི་གནས་སྐབས་ཟ་ཐེངས་གཅིག་ལ་ཟས་ཕོར་པ་མང་པོ་ཟོས་ན་ཡང་བདེ་བའི་རྒྱུ་ཨེ་རེད། རེད་ཡོད་མ་རེད།ཕོར་པ་བརྒྱ་བཟས་པའི་རྐྱེན་གྱིས་ཤི་བ་དང་ན་བའི་སྡུག་བསྔལ་ཆེན་པོ་སྐྱེ་ཡི་ཡོད་རེད། དེ་ཡང་ཕོར་བ་གང་བདེ་བའི་རྒྱུ་རེད།གཞན་པ་སྡུག་བསྔལ་གྱི་རྒྱུ་རེད་ཟེར་ས་ཡོད་མ་རེད། ཕོར་བ་གང་རེ་ལ་ཡང་སྡུག་བསྔལ་གྱི་ཟུར་ཆ་རེ་འབྱུང་གི་ཡོད་རེད།ཟས་སྡུག་བསྔལ་གྱི་རྒྱུ་རེད་མ་གཏོགས་བདེ་བ་རྒྱུ་ཞིག་གཏན་ནས་མེད་པ་རེད། ང་ཚོ་ལ་འཁོར་བའི་འཁྲུལ་སྣང་འདི་ཤར་ཚར།ཤ་ཁྲག་གདོས་བཅས་ཀྱི་ལུས་འདི་བླངས་ཚར་དུས། ཟས་མི་ཟ་ཁ་མེད་རེད། མ་ཟོས་ན་འཚོ་ཐུབ་ཀི་མ་རེད་ཟོས་ན་སྡུག་བསྔལ་མ་གཏོགས་བདེ་བའི་རྒྱུ་ཞིག་གཏན་ནས་མེད་པ་རེད། དེ་ནས་གོས་དང་གཉེན་འཁོར་གྲོགས་དང་བཅས་པ། ལོངས་སྤྱོད་ཁང་ཁྱིམ་ལ་སོགས་པའང་དེ་དང་འདྲ་འདྲ་རེད། དེ་བཞིན་དུ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཤེས་ནས་འཁོར་བ་ལ་སྙིང་པོ་མེད་པ་མཐོང་འོང་དུས། འཁོར་བ་ལ་ཞེན་པ་མེད་པའི་བློ། འཁོར་བ་ལས་ཐར་འདོད་ཀྱི་བློ་སྐྱེ་འོང་བ་ཡིན་པས་དེ་ལ་ངེས་འབྱུང་ཞེས་ཟེར་དགོས་རེད། དངོས་བསྟན་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་གསུངས་པ་དེས། ཁྱོད་འཁོར་བ་ལ་ཞེན་པ་ཡོད་ནས་བཟུང་ཐེག་པ་གསུམ་གང་གི་ཡང་ཁོོངས་སུ་གཏོགས་ཐུབ་པ་མ་རེད་ལ། ཐེག་པ་གསུམ་པོ་གང་གི་ཐར་བ་ཆ་མཐུན་གྱི་དགེ་རྩ་གསོག་ཐུབ་མ་རེད།འཁོར་བ་ལས་ཐར་འདོད་མེད་པའི་ཕྱིར།དེའི་རྒྱུ་མཚན་གྱིས་ཐེག་པ་གསུམ་པོའི་གང་ཉམས་སུ་བླང་ནའང་འཁོར་བ་ལ་མ་ཞེན་པ་ཞིག་དགོས་རེད།