མཁས་པའི་མཆོག་གྱུར་དཔལ་ལྡན་ས་སྐྱ་བ་ལ་བསྔགས་པ།

རྩོམ་པ་པོ།  སྨན་རིའི་བཤད་སྒྲུབ་མཁན་ཆེན་ཉི་མ་དོན་གྲུབ

སྟོན་པ་བླ་མེད་ཤཀྱ་སེང་གེ་དང་།།
བསྟན་པ་བླ་མེད་དམ་ཆོས་ཡིད་བཞིན་ནོར།།
བསྟན་འཛིན་མཆོག་གྱུར་དགེ་འདུན་ཚོགས་རྣམས་ལ།།
སྒོ་གསུམ་གུས་པས་མཆོད་ཅིང་བསྟོད་ཕྱག་འབུལ།།

བསྟན་པའི་གསལ་བྱེད་རྒྱན་དྲུག་མཆོག་གཉིས་དང་།།
པཎ་གྲུབ་བཅུ་བདུན་འཕགས་ཡུལ་མཁས་པའི་སྡེ།།
དམ་ཆོས་འབྱུང་གནས་རྒྱ་གར་མཁས་གྲུབ་རྣམས།།
རྣམ་པར་དཔྱོད་པའི་བློ་གྲོས་འགྲན་ཟླ་བྲལ།།

དེའི་བརྒྱུད་འཛིན་གངས་ཅན་ཁ་བའི་ལྗོངས།།
མཁས་དང་གྲུབ་པའི་དབང་ཕྱུག་མཐའ་ཡས་ཀྱང་།།
ས་སྐྱ་པ་ཞེས་སྟོང་གསུམ་ཀུན་གྲགས་པ།།
དངོས་བྱུང་བདེན་པའི་གཏམ་འདིར་བསྙོན་དུ་མེད།།

གངས་རིའི་ལྗོངས་ན་ཆོས་སྲིད་ལུགས་གཉིས་ཀྱིས།།
ཐབས་ལ་མཁས་པས་གངས་ལྗོངས་འགྲོ་བ་ཀུན།།
མ་དང་བུ་བཞིན་མཁྱེན་བརྩེས་ཉེར་གཟིགས་པའི།།
གངས་ལྗོངས་བོད་ཁམས་བདག་པོ་ས་སྐྱ་བ།།

གངས་ཅན་ལྗོངས་ན་སྙན་པ་ཆེར་རྒྱས་པ།།
དཀར་པོ་གསུམ་དང་དམར་པོ་རྣམ་གཉིས་ཞེས།།
ས་ཆེན་གོང་མ་རྣམ་ལྔའི་མཛད་བཟང་ལ།།
གངས་ཅན་མཁས་པའི་ཚོགས་རྣམས་ཡིད་སྨོན་ཤོར།།

མཁས་པའི་དབུས་ན་མཁས་པ་མི་འདྲ་བ།།
རྣམ་པར་དཔྱོད་པའི་བློ་གྲོས་ཚ་ཟེར་ཅན།།
གཟའ་སྐར་ཁྲོད་ན་རྟ་བདུན་བརྗིད་པ་བཞིན།།
ས་པཎ་ཀུན་དགའི་མཚན་དེ་རྣ་བར་སྙན།།

དེའི་རྗེས་འཛིན་མཁས་པའི་ཚང་བརྡོལ་བ།།
གཡག་རོང་གཉིས་དང་གོ་ཤག་སྟག་གསུམ་དང་།།
རེད་མདའ་བ་སོགས་ས་སྐྱའི་སྟག་གཟིག་རྣམས།།
གདོང་དམར་ཁ་བ་ཚང་གི་གཟི་བརྗིད་ཡིན།།

དེང་གི་ཆར་ཡང་དཔལ་ལྡན་ས་སྐྱ་བའི།།
སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་།།
སྐུ་དངོས་ཞལ་གྱི་དྲོད་རླང་མ་ཡལ་བ།།
ཟིལ་པ་ཁྲོམ་མེར་བཞུགས་འདིར་བསྟན་འགྲོའི་རྒྱན།།

༧དཔལ་ལྡན་ས་སྐྱའི་མཁས་དབང་རྣམས་ཀྱིས་མཛད་པའི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ཡིད་སྨོན་གཏིང་ནས་ཤོར་བའི་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པའི་དཔེ་ཀློག་པ་དེས་ཕྱི་ལོ་༢༠༡༨།༡༢།༡༩ཉིན་གུས་འདུད་དང་བཅས་ཏེ་ཕུལ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*