འཇམ་མགོན་བླ་མ་མཆོད་པའི་མཆོད་སྤྲིན།


རྩོམ་པ་པོ། རབ་གསལ། 

ཕྱོགས་བཅུའི་རྒྱལ་བའི་ཡེ་ཤེས་སྐུ།

གཅིག་བསྡུས་སྨྲ་བའི་སེང་གེ་མཆོག།

ཁ་བའི་ལྗོངས་སུ་བསམ་བཞིན་དུ་།

མཚན་དཔེའི་གཟུགས་སྐུ་བཞད་ལ་འདུད་།

ཡི་གེའི་ཕྱི་མོ་སྔོན་ནས་མཁྱེན།

ཆོས་རྣམས་གསན་པ་ཙམ་གྱིས་དང་།

རྨི་ལམ་ཡུལ་དུ་ཐོས་ཙམ་གྱིས།

ཡོངས་རྫོགས་མཁྱེན་པ་ཁྱོད་ཉིད་ཙམ།

བཅུ་ཕྲག་རིག་གཞུང་གངྒའི་རྒྱུན།

གངས་རིའི་ལྗོངས་སུ་ལེགས་དྲངས་ཏེ།

གྲངས་མེད་མཁས་དབང་པད་མོའི་ཚལ།

ལེགས་པར་བཞད་པ་ཁྱོད་ཀྱི་དྲིན།

འཕྲོག་བྱེད་མུ་སྟེགས་སྟོན་པ་དྲུག།

ཁྱོད་ཀྱི་རིག་པས་ཚར་བཅད་དེ་།

ཐུབ་བསྟན་རྒྱལ་མཚན་ལེགས་བསྒྲེངས་པ།

གངས་རིའི་ཁྲོད་དུ་ཁྱོད་ཉིད་ཙམ།

འཕགས་པའི་ཡུལ་གྱི་མཁས་རྣམས་ཀྱིས།

མངོན་པར་མཆོད་པའི་བོད་བརྩམས་ཆོས།

བསྟན་ཆོས་ཚད་མ་རིགས་གཏེར་ཞེས།

འཕགས་པའི་ཡུལ་དར་ཁྱེད་བསྟོད་དོ་།

འཆད་པ་བཅུ་ཕྲག་རིག་པ་སྟོན།

རྩོད་པས་མུ་སྟེགས་རྒོལ་བ་བཅོམ།

རྩོམ་པས་མདོ་རྒྱུད་གསལ་བར་མཛད་།

མཁས་པའི་ཡང་རྩེ་ཁྱེད་ཕྱག་འཚལ།

རླབས་ཆེན་འཕྲིན་ལས་རྨད་པོ་ཆེས།

རྒྱ་བོད་ཧོར་གྱི་ཡུལ་གྲུ་སོགས།

གྲངས་མེད་གདུལ་བྱ་སྨིན་མཛད་དེ་།

བདེ་ཅན་གཤེགས་ལ་མགོས་ཕྱག་འཚལ།

སླར་ཡང་ས་ལམ་ཡོངས་བགྲོད་ནས།

དྲི་མེད་སངས་རྒྱས་ཉིད་འགྱུར་ཞེས།

ལུང་བསྟན་དབུགས་དབྱུང་མཛད་པ་བཞིན།

བསམ་ཡས་རྣམ་ཐར་འཛིན་ལ་འདུད་།

ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན།

ཁྱེད་སྐུ་མཆོད་པའི་རྒྱུ་རུ་བསྔོ།

མདོ་རྒྱུད་མན་ངག་བང་མཛོད་ལ།

རྟག་ཏུ་སྤྱོད་པའི་དབང་ཐོབ་ཤོག།

སྐྱེ་བ་འདི་དང་ཚེ་རབས་ཀུན།

འཇམ་མགོན་བླ་མས་རྗེས་བཟུང་སྟེ།

ཆོས་ཀྱི་ཚིག་དོན་མ་ལུས་ཀུན།

ལེགས་པར་རྟོགས་པའི་མཐུ་ཐོབ་ཤོག།

ཅེས་འཇམ་དཔལ་དབྱངས་དངོས་མི་ཡི་གཟུགས་སུ་དངོས་སུ་ཕེབས་པ་གངས་ལྗོངས་མཁས་པའི་ཡང་རྩེ་པཎྚིཏ་ཆེན་པོ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་སྲིད་པ་གསུམ་དུ་མངོན་པར་གྲགས་པའི་བདག་ཉིད་ཆེན་པོ་གང་གི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ཆོས་མེད་ཆོས་པའི་གྲལ་དུ་སྡོད་པའི་འཁྱམ་པོ་སྡེ་སྣོད་རབ་གསལ་གྱིས་མ་ལེ་ཤི་ཡ་ཤར་ཕྱོགས་གྲོང་ཁྱེར་ཀུ་ཆིང་ཞེས་པའི་ཡིད་འོང་ལྟ་ན་སྡུག་པའི་གླིང་དུ་ས་སྐྱ་བྱམས་བརྩེ་ཆོས་ཚོགས་ཀྱི་རང་ཤག་བསམ་གཏན་ཁང་བུར་ཡིད་ཀྱི་མཆོད་སྤྲིན་དུ་དམིགས་ཏེ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིག་འདི་བགྱིས་སོ། སརྦ་མངྒ་ལཾ།  ༢༠༡༨/༡༢/༢༡ ཉིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*