རྩོམ་པ་པོ། རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།
གཤིན་པོ་མཐོང་བའི་མངོན་ཤེས་མི་གསུང་ཞིང་།།
ལྷ་འདྲེ་མཐོང་བའི་སྤྱན་རས་མི་གསལ་ཡང་།།
ཞིབ་མོའི་སྤྱོད་པས་བླང་དོར་མི་འཆོལ་བ།།
འདི་ཙམ་གྲུབ་རྟགས་ཀུན་གྱི་དཔང་པོ་ཡིན།།
སྲ་མོའི་རྡོ་ལ་ཕྱག་རྗེས་མི་འཇོག་ཅིང་།།
ངར་བའི་གྲི་ལ་མདུད་པ་མ་བོར་ཡང་།།
ཉམས་ལེན་མདོ་རྒྱུད་གཞུང་དང་མི་འགལ་བ།།
འདི་ཙམ་སྐྱེས་བུ་དམ་པའི་དཔང་པོ་ཡིན།།
ཉེ་དུ་ཆེ་སར་འདོན་པའི་བསྟན་དོན་དང་།།
རང་འདོད་ཕུག་ལ་འཚངས་པའི་གཞན་ཕན་སོགས།།
གཡོ་སྒྱུའི་འདམ་དང་ནམ་ཡང་མི་མཛའ་བ།།
འདི་ཙམ་སྤྱི་སེམས་ཆེ་བའི་དཔང་པོ་ཡིན།།
གནོད་པའི་དགྲ་ལ་འཁོན་དུ་མི་འཛིན་ཞིང་།།
བྱམས་པའི་གཉེན་ལ་ཞེན་པ་དྲུང་ནས་འབྱིན།།
མཐོ་དམན་འདྲ་མཉམ་སྐྱོང་བའི་རྫི་བོ་སྟེ།།
མ་ལུས་འགྲོ་བའི་མགོན་པོ་ཁྱེད་འདྲ་མེད།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།