༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མའི་གསུང་ཉམས་ལེན་སྙིང་པོ་བསྡུས་པ།
མ་ཎིའི་སྐོར།
མ་ཎི་འདོན་ན། ཡི་གེའི་འབྲུ་དྲུག་དེ། སྤྱིར་བཏང་འཕགས་པ་སྤྱན་རས་གཟིགས་དེ། སངས་རྒྱས་འོད་དཔག་མེད་འཇིག་རྟེན་ཁམས་ཐམས་ཅད་ལ་ཕོ་ཐམས་ཅད་འདུལ་བར་བྱ་བའི་ཕྱིར་སྤྱན་རས་གཟིགས་དང་། མོ་ཐམས་ཅད་འདུལ་བ་བྱ་བའི་ཕྱིར་དུ་རྗེ་བཙུན་སྒྲོལ་མའི་སྐུའི་རྣམ་པར་སྟོན། སངས་རྒྱས་འོད་དཔག་མེད་དེས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མཛད། སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགོངས་ནས། སྤྱན་ཆབ་མང་པོ་ཤོར་བ་དེ་ལས་རྗེ་བཙུན་སྒྲོལ་མ་འཁྲུངས་པ་རེད། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། ཞེས་བསྟོད་པ་དང་པོའ་ིནང་དུ་དེ་ཡོད་རེད། འཇིག་རྟེན་གསུམ་མགོན་དེ་སྤྱན་རས་གཟིགས་རེད། དེའི་ཆུ་སྐྱེས་ཞལ་པདྨ་དེ་ལས་རྗེ་བཙུན་སྒྲོལ་མའི་སྐུ་འཁྲུངས་པ་ལོ་རྒྱུས་དང་འབྲེལ་བ་དེ་འདྲ་རེད། དེས་ན་དེ་ལ་གསོལ་བ་བཏབ་ན། ཁྱད་པར་དུ་འཕགས་པ་ཡོད་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ཡི་གེ་འབྲུ་དྲུག་མ་གཏོགས་མེད་པ་དེ། ཚིག་ཉུང་ཉུང་ཉམས་སུ་ལེན་བདེ་མོ། ཆད་ལྷག་ཤོར་རྒྱུ་མེད་པ། དཔེ་ཡག་པོ་ཡོད་རེད། ད་ལྟ་ང་ཚོ་མང་ཆེ་བ་མ་ཎི་ཞིག་འདོན་ན། ཚེ་ཕྱི་མའི་དོན་དུ་ཡིན་བསམ་གྱི་ཡོད། ཚེ་ཕྱི་མའི་དོན་མ་རེད། འདི་ཕྱི་གཉིས་ཀ་ལ་ཕན་ཐོགས་ཀྱི་ཡོད། ཡི་གེ་འབྲུ་དྲུག་འདོན་པ་དེས་ཉོན་མོངས་པ་དྲུག་འཇོམས། ས་ཆུ་མེ་རླུང་ལ་སོགས་པ་འབྱུང་བ་བཞི་དང་། ཕོ་གདོན་མོ་གདོན་ལ་སོགས་པ་གདོན་དྲུག་འཇོམས། དེ་འདྲའི་བར་ཆད་ཐམས་ཅད་སེལ་ཐུབ་པ་དང་། གནས་སྐབས་ལ་ཐུབ་པ་རིགས་དྲུག་དང་། མ་འོངས་པ་རྒྱལ་བ་རིགས་དྲུག་གི་གོ་འཕང་ཐོབ་པ། ཡེ་ཤེས་དྲུག་ལ་སོགས་པ་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ཐོབ་པ། དེ་འདྲ་དེ་གཙོ་བོ་མ་ཎི་བཀའ་འབུམ་ནང་དུ་གཟིགས་ན་ཡང་འགྲིག་གི་ཡོད། མ་ཎི་བཀའ་འབུམ་ནང་དུ་བཤད་པ་དཔེ་ཡག་པོ་ཡོད་རེད། དེ་འདྲ་རྒྱུ་མཚན་ཤེས་ཐུབ་ན་ཕན་ཡོན་ཆེན་པོ་ཡོང་གི་རེད།ཆོས་ཤེས་མཁན་གྲྭ་བ་དེ་འདྲ་ཡོད་ན། མ་ཎི་བཀའ་འབུམ་ནང་ནས་མ་ཎི་འགྲེལ་བཤད་ཅུང་ཙམ་ཞིག་བརྒྱབ་ཐུབ་ན། ཕར་ཕྱོགས་དེས་ཀྱང་ཕན་ཡོན་འདི་འདྲ་འདུག་བསམ་པ་བྱས་ནས་རྒྱུ་མཚན་ཤེས་ཐུབ། ད་ལྟ་ང་ཚོ་མང་ཆེ་བ་དེས་མ་ཎི་འདོན་ན་ཕན་ཡོན་ཡོད་རེད་བསམ་པ་མ་གཏོགས། ཕན་ཡོན་ཡོད་ཚུལ་དེ་གང་འདྲ་ཡིན་ཤེས་ཀྱི་མེད། ཡིད་ཆེས་བྱས་ནས་ཕན་ཡོན་ཡོད་བསམ་བསྡད་ཀྱི་ཡོད་རེད། འགྲེལ་བཤད་དེ་འདྲ་རྒྱག་ཐུབ་ན་དཔེ་ཕན་ཡོན་ཆེན་པོ་ཡོད་རེད།། །།
Leave a Reply