ཆོ་འཕྲུལ་དུས་ཆེན། སྟོན་པས་མུ་སྟེགས་ཆོ་འཕྲུལ་གྱིས་ཕམ་པར་མཛད་སྟངས།
ཟླ་བ་དང་པོའི་ཚེས་བཅོ་ལྔ་ཉིན་ཆོ་འཕྲུལ་གྱི་དུས་ཆེན་དངོས་གཞི་སྟེ་འཕགས་ཡུལ་གྱི་གཉན་ཡོད་གནས་ཞེས་བྱ་བར་མཉམ་མེད་ཤཱཀྱའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་ རྫོགས་བྱེད་དང་། གནག་ལས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་བ་ཅན་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་མཛད་པས་ཕམ་པར་མཛད་དེ་དམ་པའི་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་དུས་ཁྱད་པར་ཅན་དེ་ལ་ཆོ་འཕྲུལ་དུས་ཆེན་དུ་འབོད་པ་ཡིན།
ཆོ་འཕྲུལ་གྱི་རྟོགས་པ་བརྗོད་པ།
མུ་སྟེགས་སྟོན་པ་དྲུག་གིས་སངས་རྒྱས་ལ། ཆོ་འཕྲུལ་འགྲན་པས་དེ་དག་ཕམ་པར་མཛད།
སྔོན་རྒྱ་གར་གྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ། བཅོམ་ལྡན་འདས་འཁོར་དགེ་སློང་གི་དགེ་འདུན་ཆེན་པོ་ཉིས་སྟོང་ལྔ་བརྒྱ་ཐམ་པ་དང་ལྷན་དུ་བཞུགས་པའི་སྐབས། རྒྱལ་པོ་གཟུགས་ཅན་སྙིང་པོས་དད་གུས་སྔར་ལས་ལྷག་པ་སྐྱེས་ཏེ་བཅོམ་ལྡན་འདས་དང་དགེ་སློང་རྣམས་ལ་ཉིན་ལྟར་མཆོད་པ་རྒྱ་ཆེན་པོ་ཕུལ་བ་མ་ཟད། གཡས་གཡོན་གྱི་སྐྱེ་འགྲོ་རྣམས་ལའང་ལས་དགེ་བ་གསོག་རྒྱུར་བསྐུལ་བཞིན་གནས་སོ། རྒྱལ་པོ་ཁོང་ལ་ཕ་གཅིག་པའི་སྤུན་མཆེད་ཀཱ་ལ་ཟེར་བ་ཞིག་ཡོད། ཉིན་གཅིག་ཁོ་ཕོ་བྲང་གི་ཉེ་འཁོར་ནས་འགྲོ་སྐབས་བཙུན་མོས་མེ་ཏོག་གི་ཕྲེང་བ་ལག་པ་ནས་ཤོར་ཏེ་ཁོའི་དཔུང་པའི་སྟེང་དུ་ཟགས་པར་ཁོའི་སྤུན་མཆེད་བར་དཀྲུགས་ཤིང་རྒྱག་མཁན་ཁ་ཤས་ཀྱིས་རྒྱལ་པོའི་བཙུན་མོ་དང་ཀཱ་ལ་གཉིས་ལྐོག་ཏུ་དགའ་པོ་བྱེད་ཀྱི་འདུག་ཅེས་དཀྲོགས་གཏམ་བཤད་པ་རྒྱལ་པོས་ཐོས་པས་བརྟག་དཔྱད་མ་གནང་བར་མི་བཏང་སྟེ་སྤུན་མཆེད་དེའི་རྐང་ལག་བཅད་ནས་ལམ་བཞི་མདོ་ཁར་གཡུགས་ཀཱ་ལའི་སྤུན་མཆེད་གཞན་རྣམས་ཀྱིས་མཐོང་ནས་སྙིང་རྗེ་དང་སེམས་སྡུག་གིས་ངུ་བཞིན་བསྡད་པའི་སྐབས་ཕྱི་པའི་ཆོས་ལུགས་སྤེལ་མཁན་སྟོན་པ་རྣམས་ཡོང་བ་མཐོང་ནས་ཕྱག་འཚལ་ཞིང་། ཐམས་ཅད་མཁྱེན་པ་ཁྱེད་རྣམས་ཀྱིས་ཐུགས་རྗེས་གཟིགས་ནས་ཉེས་མེད་ཁྲིམས་ཆད་ཕོག་པའི་བུ་འདི་སྐྱོབས་རོགས་གནང་ཞེས་ཞུས་པར། སྟོན་པ་དེ་རྣམས་ལ་བུ་དེ་སྐྱོབས་པའི་ནུས་པ་གང་ཡང་མེད་པས་ངོ་ཚ་ཁ་སྐྱེངས་ཀྱི་ངང་ནས་ས་ཆ་གཞན་ལ་གཡོལ་ནས་ཕྱིན། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་སྡུག་བསྔལ་མཁྱེན་ཏེ་བུ་དེ་བསྐྱབ་པའི་ཆེད་ཀུན་དགའ་བོ་བཏང་ནས་བདེན་པའི་སྨོན་ལམ་འདེབས་བཞིན་སྦྱིན་རླབས་ཀྱི་བདུད་རྩིས་དབྱུགས་པས་བུ་དེའི་རྐང་ལག་རང་འཇགས་སྐྱེས་པས་མི་ཚང་མ་དད་གུས་ཆེན་པོས་སངས་རྒྱས་ལ་སྐྱབས་སུ་སོང་ངོ་། སྐབས་དེར་གྲོང་ཁྱེར་ནང་ཀུན་དགའ་བོས་ཆོས་ཕྱི་པ་བྱེད་མཁན་མུ་སྟེགས་པ་རྣམས་ཕམ་པར་བྱས་སོ། ཞེས་ཡུལ་ལུང་ཀུན་ཏུ་སྐད་གྲགས་ཁྱབ་པས་རྫོགས་བྱེད་ཟེར་བའི་ཆོས་ཕྱི་པ་དར་སྤེལ་གཏོང་མཁན་གྱིས་གཙོས་པའི་མུ་སྟེགས་ཀྱི་སྟོན་པ་དྲུག་གིས་གང་ཡང་མི་ཤེས་པའི་མི་བླུན་རྨོངས་རྣམས་ལ་ཕྱི་པ་མུ་སྟེགས་ཀྱི་ཆོས་ལོགས་པ་རྣམས་བསྟན་ཏེ་ཁོང་ཚོ་མགོ་རྨོངས་སུ་འཇུག་ནས་མུ་སྟེགས་པ་མང་པོ་དར་སྤེལ་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱས། རྒྱལ་པོ་གཟུགས་ཅན་སྙིང་པོའི་གཅུང་པོ་ཞིག་ཀྱང་མུ་སྟེགས་ཀྱི་སྟོན་པའི་མགོ་སྐོར་འགོ་ཏུ་ཚུད་ནས་རང་གི་རྒྱུ་ནོར་ལོངས་སྤྱོད་གང་ཡོད་པ་རྣམས་ཕུལ་ཏེ་དེ་དག་ལ་དད་གུས་ཆེན་པོ་བྱས། རྒྱལ་པོས་ཁོ་ལ་དེ་ལྟར་མ་བྱེད་ཅེས་སློབ་གསོ་ཐེངས་མང་བསྐྱོན་ཀྱང་མ་ཉན་པར་ད་དུང་ཁོས་བཅོམ་ལྡན་འདས་ཟེར་བར་སློབ་སྦྱོང་གང་ཡང་མེད་པས་དད་གུས་བྱས་ནས་ཆོ་མེད་རེད། ཡིན་ནའང་རྒྱལ་པོ་ཁྱེད་ཀྱི་འདོད་པ་སྲུང་བྱེད་ངས་ཞལ་ལག་གྲ་རྒྱས་པོ་ཞིག་བཤམ་རྒྱུ་ཡིན་པས་དེ་དུས་བཅོམ་ལྡན་འདས་ཕེབས་ན་ནི་ཡག་པོ་རེད། གལ་ཏེ་མ་ཕེབས་ནའང་སྐད་གཏང་རྒྱུ་མིན་ཞེས་ཟེར། དེ་ནས་ཁོས་ཞལ་ལག་གྲ་སྒྲིག་བྱས་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་སྐད་བཏང་བ་ལས་བཅོམ་ལྡན་འདས་གདན་དྲངས་མེད། མུ་སྟེགས་ཀྱི་སྟོན་པ་རྣམས་ཁོའི་ཁྱིམ་དུ་འབྱོར་ནས་བཞུགས་གྲལ་འགོ་ནས་མར་བང་རིམ་བཞིན་སྡོད་དུ་འཇུག་ཉིན་གུང་ཞལ་ལག་རན་གྲབས་ཡོད་ན་ཡང་བཅོན་ལྡན་འདས་དང་ཁོང་གི་དགེ་ཕྲུག་རྣམས་ཕེབས་མཁན་མེད་པས་རྒྱལ་པོས། གཅུང་པོ་ལ་གལ་ཏེ་ཁྱོད་མ་ཕྱིན་ན་ཡང་གཡོག་པོ་བཏང་སྟེ་བཅོམ་ལྡན་འདས་ངེས་པར་གདན་དྲངས་དགོས་ཞེས་ཡང་ཡང་གསུངས་པས་ཁོས་གཡོག་པ་ཞིག་བཏང་སྟེ་གདན་དྲངས་སོ། བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་གྲལ་གྱི་འོག་ཏུ་བཞུགས། མུ་སྟེགས་ཀྱི་སྟོན་པ་རྣམས་མདུན་གྲལ་དུ་བསྡད་ཡོད་ཀྱང་སངས་རྒྱས་ཀྱི་མཐུས་མུ་སྟེགས་པ་རྣམས་རང་བཞིན་གྱིས་རྒྱབ་གྲལ་དུ་ཐེངས་གསུམ་གྱི་བར་འཁོད་པར་གྱུར་བས་དེ་རྣམས་ལ་རྫུ་འཕྲུལ་གྱི་ནུས་པ་ཏོག་ཙམ་ཡོད་པ་དེ་ཡང་བཏོན་རྒྱུ་མེད་པར་གྱུར། དེ་ནས་སྦྱིན་བདག་གིས་བཅོམ་ལྡན་འདས་ལ་ཕྱག་བསིལ་བྱེད་ཆུ་འབུལ་བས་སྔོན་ལ་སྟོན་པ་དྲུག་ལ་འབུལ་ཅིག་གསུངས་ཏེ། སྟོན་པ་དྲུག་ལ་ཕུལ་བས་ཆུ་སྣོད་ཀྱི་ཁ་འགག་ཏེ་ཆུ་མ་འཐོན་དེ་ནས་བཅོམ་ལྡན་འདས་ལ་ཕུལ་བས་ཆུ་འཐོན་ཏེ་ཚང་མ་ལག་པ་བཀྲུས། ཡང་སྦྱིན་བདག་གིས་སྣོད་ཅིག་ཏུ་ཞལ་ལག་ཀྱི་ཕུད་དེ་ཞུས་ནས་བཅོམ་ལྡན་འདས་ལ་ཕུལ་ཏེ་སྨོན་ལམ་འདོན་རོགས་གནང་ཞུས་པར། བཅོམ་ལྡན་འདས་ཀྱིས་ད་རེས་ཞལ་ལག་འདི་སྟོན་པ་དྲུག་གི་ཆེད་དུ་གྲ་སྒྲིག་བྱས་པ་སོང་ཙང་ཁོང་རྣམས་ལ་སྨོན་ལམ་འདོན་དུ་ཆུགས་གསུངས། སྦྱིན་བདག་གིས་སྟོན་པ་དྲུག་ལ་སྨོན་ལམ་འདོན་རོགས་ཞུས། དེ་རྣམས་ཀྱིས་སྨོན་ལམ་འདོན་གྲབས་བྱེད་དུས་སོ་འགྲིག་ནས་ཁ་གདངས་མ་ཐུབ་པས་བཅོམ་ལྡན་འདས་ལ་སྨོན་ལམ་སྐྱོན་རོགས་ཞུས་ཞེས་ལག་བརྡ་བྱས། དེ་ནས་བཅོམ་ལྡན་འདས་ཀྱིས་གསུང་སྐད་སྙན་པོའི་ངང་སྨོན་ལམ་བསྐྱོན་སྦྱིན་བདག་གིས་བཅོམ་ལྡན་འདས་ལ་ཞལ་ལག་དང་པོ་བཀྱག་པས་བཅོམ་ལྡན་འདས་ཀྱིས་སྔོན་ལ་སྟོན་པ་དྲུག་ལ་ཁྱོག་ཅིག་གསུངས། སྟོན་པ་དྲུག་ལ་ཞལ་ལག་བཀྱག་པ་དང་ཞལ་ལག་རྣམས་ཕོར་པ་ལས་ཡར་ཐོན་ཏེ་ནམ་མཁའ་ལ་ལྡིངས་ནས་བསྡད་པས་ཁོང་ཚོས་ཟ་མ་ཐུབ་པར་ལུས། དེ་ནས་སྦྱིན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་བཀྱག་པས་ཞལ་ལག་རྣམས་རང་བཞིན་གྱིས་ཐུར་མའི་ནང་འཛུལ་ཡོང་བས་སྟབས་བདེ་པོའི་ངང་ནས་མཆོད་པ་རེད། ཞལ་ལག་མཆོད་ཚར་རྗེས་སྦྱིན་བདག་གིས་བཅོམ་ལྡན་འདས་ལ་ཆོས་གསུངས་རོགས་གནང་ཞུས་པས་བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱི་སྟོན་པ་དྲུག་ལ་ཆོས་སྟོན་རོགས་ཞུས། ཞེས་གསུངས་པ་བཞིན་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་ཆོས་སྟོན་རོགས་ཞུས། སྟོན་པ་དྲུག་གིས་ཆོས་སྟོན་གྲབས་བྱེད་སྐབས་ཡང་སོ་འགྲིག་ནས་ཁ་གདངས་བཙུམ་མི་ཐུབ་པས་བཅོམ་ལྡན་འདས་ལ་ཆོས་གསུངས་རོགས་ཞུས་ཞེས་པའི་ལག་བརྡ་བྱས། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་སྙན་ཞིང་འཇམ་པའི་ཐོག་ནས་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་འགྲེལ་བཤད་ཤིན་ཏུ་རྒྱས་པོ་གནང་། འདིར་ཡོད་པའི་མི་རྣམས་དང་ལྷག་པར་རྒྱལ་པོ་གཟུགས་ཅན་སྙིང་པོའི་གཅུང་པོ་དེས་ཀྱང་ཆོས་ཀྱི་ནང་དོན་མ་ལུས་པ་ཤེས་ནས་ཚང་མ་བློ་ཡིད་ཚིམས་པར་གྱུར། དེ་ནས་བདུད་ཀྱི་རྒྱལ་པོ་སྡིག་ཏོ་ཅན་ཞེས་པ་ཞིག་ཡོད་པའི་སེམས་སུ་ངས་ད་བར་ཡུན་རིང་པོའི་བར་དུ་བཅོམ་ལྡན་འདས་ལ་གནོད་པ་བྱེད་དགོས་བསམ་ཡང་གོ་སྐབས་ཞིག་གཏན་ནས་རྙེད་མ་བྱུང་། ད་ནི་ངས་ངེས་པར་དུ་ཁོ་ལ་གནོད་པ་ཞིག་བྱེད་དགོས་བསམས་ནས་རྫུ་འཕྲུལ་སྟོན་པའི་ཡོན་ཏན་སྦྱངས། རྫུ་འཕྲུལ་གྱི་ཡོན་ཏན་ཏོག་ཙམ་ཞིག་ཐོབ་པས་ང་རྒྱལ་ཆེ་བར་གྱུར་ཏེ་བཅོམ་ལྡན་འདས་དང་རྫུ་འཕྲུལ་འགྲམ་རྒྱུའི་བློ་ངན་བཅངས་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་དང་ངེད་ཚོའི་བར་རྫུ་འཕྲུལ་འགྲན་དུ་འཇུག་དགོས་རྫུ་འཕྲུལ་སུ་ཆེ་བ་དེའི་ཆོས་སུ་ཞུགས་རྒྱུ་ཡིན། ཞེས་ཞུས། རྒྱལ་པོས་སྟོན་པ་དེ་དག་ལ་ཁྱོད་ཚོས་བཅོམ་ལྡན་འདས་ལ་ཆོ་འཕྲུལ་འགྲན་ཐུབ་ཀྱི་མ་རེད་དེ་ལས་ཁོང་གིས་བསྟན་པའི་ནང་ཆོས་ལ་དད་པ་བྱས་ཏེ་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་སྐྱབས་སུ་སོང་ན་དགའ་ཞེས་བསླབ་བྱ་བསྐྱོན་ཀྱང་མི་ཉན་པར་ཡིན་ཅིག་ཁོང་དང་ཆོ་འཕྲུལ་འགྲན་རྒྱུའི་ཨུ་ཚུགས་མཐར་སྐྱེལ་བྱས་པར་བརྟེན་རྒྱལ་པོས་བཅོམ་ལྡན་འདས་སར་བཅར་ནས་ཞུས་པས་བཅོམ་ལྡན་འདས་ཀྱིས་ཐུགས་ཞི་བའི་ཐོག་ནས་གསུངས་དོན། རྒྱལ་པོ། འགྲན་སེམས་ཀྱིས་སེམས་ཅན་གཞན་དག་ཕམ་ཉེས་གཏང་རྒྱུའི་བསམ་པ་ནི་ཞེ་སྡང་གི་བསམ་པ་ཞིག་རེད། རང་གི་ཡོན་ཏན་གྱིས་གཞན་གྱི་ཡོན་ཏན་བཀབ་པར་བྱེད་པ་དེ་ནི་ནང་ཆོས་ཀྱི་བསླབ་བྱ་དང་འགལ་བ་ཡིན་པས་ཡག་པོ་ཞིག་རྩ་བ་ནས་མ་རེད། དེས་དགོས་པ་ཡང་གང་མེད་ཅེས་གསུངས་ཀྱང་རྒྱལ་པོས། གལ་ཏེ་བཅོམ་ལྡན་འདས་ཁྱེད་ཀྱིས་ཞལ་བཞེས་མ་གནང་ན་མུ་སྟེགས་པ་དེ་ཚོས་ང་ཚོ་སྐྱིད་དུ་འཇུག་པ་མི་འདུག་པས་ཐམས་ཅད་མཁྱེན་པ་ཁྱེད་ཀྱིས་ངོ་མཚར་ཆོ་འཕྲུལ་བསྟན་ནས་མུ་སྟེགས་པ་དེ་ཚོ་ནང་ཆོས་ལ་ཁུགས་པ་ཞིག་གནང་རོགས་ཞེས་ནན་ཏན་གྱིས་ཞུ་བ་ཐེངས་མང་འབུལ་བར་བརྟེན་སངས་རྒྱས་ཀྱིས་ཞལ་བཞེས་གནང་ངོ་། དེ་ནས་རྒྱས་པོ་གཟུགས་ཅན་སྙིང་པོ་དགའ་ནས་ཉིན་བདུན་གྱི་རིང་ཆོ་འཕྲུལ་འགྲན་པའི་དུས་ཚོད་བཟོས་པར། བཅོམ་ལྡན་འདས་ཀྱིས་དུས་ཚོད་ག་དུས་དགོས་མིན་ང་རང་གིས་ཤེས་ཀྱི་ཡོད་པས་ཆོ་འཕྲུལ་འགྲན་སའི་ས་ཆ་རྒྱ་ཆེན་པོ་ཞིག་བཙལ་ནས་གཙང་མ་བཟོ་དགོས་ཞེས་བཀའ་གནང་དེ་ནས་སངས་རྒྱས་ཀྱིས་མུ་སྟེགས་ཀྱི་སྟོན་པ་རྣམས་དང་ཆོ་འཕྲུལ་འགྲན་རྒྱུའི་གནས་ཚུལ་དེ་ཡུལ་མི་ཐམས་ཅད་ཀྱིས་ཤེས་ཏེ་ཚང་མས་དེར་བལྟ་འདོད་ཆེན་པོ་བྱེད་བཞིན་ཡོད། བཅོམ་ལྡན་འདས་དང་ཁོང་གི་དགེ་ཕྲུག་དགྲ་བཅོམ་པ་ཉིས་སྟོང་ལྔ་བརྒྱ་དང་བཅས་པ་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་ཕེབས་སྐབས་ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་གཡོག་དང་ཡུལ་མི་ཐམས་ཅད་ཀྱིས་མཆོད་རྫས་རྣམ་པ་སྣ་ཚོགས་འབུལ་ཞིང་བསུ་བ་ཟབ་རྒྱས་ཞུས། དེ་ནས་མུ་སྟེགས་ཀྱི་སྟོན་པ་དེ་དག་ང་རྒྱལ་ལྷག་པར་རྒྱས་ཏེ་ཁ་ནས་བཅོམ་ལྡན་འདས་ཀྱིས་ང་ཚོའི་ཁ་གཏད་གཅག་ཐུབ་ཀྱི་མ་རེད་ཅེས་ཤོད་བཞིན་ཆོ་འཕྲུལ་འགྲན་ཡུལ་གྱི་ས་གནས་སུ་སླེབས། དེ་ནས་བཅོམ་ལྡན་འདས་དང་ཁོང་གི་དགེ་ཕྲུག་རྣམས་དང་། དེ་བཞིན་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་ཁྲི་བཅུ་བཞིས་མཆོད་པའི་ཡོ་བྱད་སྣ་ཚོགས་དང་། རོ་བཅུད་ལྡན་པའི་ཞལ་ཟས་ཧ་ཅང་མང་པོ་བསྣམས་ཏེ་ཡུལ་ཡངས་པ་ཅན་དང་། ཀོ་ཤམ་བྷིར། ཝཱ་རཱ་ཎ་སཱི་སོགས་ལུང་པ་བརྒྱད་ལ་ཕེབས་ཤིང་། དེ་དག་གི་རྒྱལ་པོས་ཀྱང་རང་རང་གི་བློན་འབངས་འཁོར་གཡོག་རྣམས་འཁྲིད་དེ་བཅོམ་ལྡན་འདས་འཁོར་ཚོགས་དང་བཅས་པ་གང་དུ་ཕེབས་པའི་རྗེས་སུ་སོང་། མུ་སྟེགས་ཀྱི་སྟོན་པ་དྲུག་པོ་ཀྱང་རྗེས་སུ་ཡོང་སྟེ་ཡུལ་དེ་དག་གི་རྒྱལ་པོ་རྣམས་ལ་བཅོམ་ལྡན་འདས་ལ་ཆོ་འཕྲུལ་གང་མགྱོགས་འགྲན་དགོས་པའི་སྐོར་རེ་བསྐུལ་ཞུ་རུ་བཅུག་པ་བཞིན་ཞུས་ཀྱང་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་འགྲན་པའི་དུས་ཚོད་ག་དུས་ཡིན་མིན་ངས་ཤེས་ཀྱི་ཡོད་གསུངས་ཏེ་མཐར་ཡུལ་མཉམ་ཡོད་དུ་ཕེབས། དེར་ཆོ་འཕྲུ་འགྲན་པའི་དུས་ལ་བབ་པ་བཞིན་ཡུལ་དེའི་རྒྱལ་པོ་གསལ་རྒྱལ་གྱིས་རང་གི་བློན་པོ་རྣམས་ལ་ཆོ་འཕྲུལ་འགྲན་པའི་ས་ཆ་རྒྱ་ཆེན་པོ་ཞིག་ཏུ་གཙང་སྦྲ་དང་གད་བདར་བྱེད་པ་དང་། མེ་ཏོག་དང་། སྤོས་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་བཤམས་པ་མ་ཟད། སེང་གེའི་བཞུགས་ཁྲི་བརྒྱབ་པ་དང་། རྒྱལ་མཚན་དང་། བ་དན་སོགས་རྟེན་འབྲེལ་གྱི་དངོས་པོ་མང་པོས་མཛེས་པར་བརྒྱན་པས་དེར་ལྷ་དང་མི་ཡི་འཁོར་ཚོགས་ཤིན་ཏུ་མང་པོ་འཛོམས། དེ་ནས་བོད་ཟླ་དང་པོའི་ཚེས་གཅིག་ཉིན་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་ས་གནས་སུ་གདན་འདྲེན་ཞུས་པ་བཞིན་ཕེབས་ནས་སེང་གེའི་བཞུགས་ཁྲི་ལ་བཞུགས་སུ་གསོལ་བ་དང་། རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་རོ་བཅུད་ལྡན་པ་མང་པོ་ཕུལ་བས་སངས་རྒྱས་ཀྱིས་ཤིང་ཚགས་ཞིག་ཕྱག་གིས་བཞེས་ནས་ས་ལ་བཙུགས། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་ཤིང་ཚགས་དེ་ཤིང་སྡོང་ཆེན་པོ་ཞིག་ཏུ་གྱུར་ནས་གཡས་གཡོན་འཁོར་ཡུག་ཀུན་ཏུ་ཡལ་ག་དང་ལོ་མ་མང་པོས་ཁེངས་པ་དང་། དེ་དག་ལ་མེ་ཏོག་དང་ཤིང་འབྲས་ཀྱང་ཧ་ཅང་མང་པོ་བཏགས། དེའི་རྩ་བ་དང་། ཡལ་ག་དང་། འདབ་མ་སོགས་ཐམས་ཅད་རིན་པོ་ཆེ་སྣ་བདུན་དུ་གྱུར་ནས་ཁ་དོག་རྣམ་པ་སྣ་ཚོགས་ཉི་མ་དང་ཟླ་བའི་འོད་ལས་ཀྱང་གསལ་བར་འཕྲོ་ཞིང་། ཤིང་འབྲས་དེའི་འབྲས་བུ་བཟས་ན་བྲོ་བ་ཤིན་ཏུ་ཆེ་བ་དང་། དེའི་དྲི་བསུང་ཕོག་ཡུལ་གྱི་སྐྱེས་འགྲོ་རྣམས་འདོད་ཆགས་དང་། ཞེ་སྡང་། གཏི་མུགས་ཏེ་རང་ཉིད་འཁོར་བའི་སྡུག་བསྔལ་ནང་གཡུགས་མཁན་ཉོན་མོངས་པའི་དུག་གསུམ་པོའི་རྩ་བ་ཡོངས་སུ་བཅད་དེ་སེམས་བདེ་བར་གནས་ཤིང་བློ་ཡིད་ཚིམས་པར་གྱུར་ཏོ། དེར་བཅོམ་ལྡན་འདས་ཀྱིས་ལས་དགེ་བ་གསག་སྟངས་དང་། སྡིག་པ་སྤོང་སྟངས་སྐོར་གྱི་ཆོས་ཟབ་ཅིང་གསལ་བ་གསུངས་པས་ཐམས་ཅད་ཡིད་ཆེས་དང་དད་པ་ཆེན་པོ་སྐྱེས་པར་བརྟེན། དེ་རྣམས་སྡུག་བསྔལ་གྱི་གནས་ལས་ཐར་ཏེ་ལྷ་ཡུལ་དུ་སྐྱེས་སོ། དེ་ནས་བོད་ཟླ་དང་པོའི་ཚེས་གཉིས་ཉིན་ཀོ་ཤམ་བྷི་ཞེས་པའི་ཡུལ་གྱི་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་རྫས་བཟང་པོ་མང་པོ་བསྣམས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་སའི་ས་གནས་ལ་གདན་འདྲེན་ཞུས། སངས་རྒྱས་བཅོམ་ལྡན་འདས་དེར་ཕེབས་ནས་རྫུ་འཕྲུལ་གྱིས་སྐུའི་གཡས་གཡོན་གཉིས་སུ་ཧ་ཅང་མཐོ་ལ་མཛེས་པའི་རི་གཉིས་བྱུང་ཞིང་། དེ་གཉིས་ཀྱི་སྟེང་རྩི་ཤིང་དང་མེ་ཏོག་འདྲ་མིན་སྣ་ཚོགས་སྐྱེས་ཡོད་པ་དང་། བྱ་བྱིའུ་སོགས་ཀྱི་སྐད་ཤིན་ཏུ་སྙན་པོ་གྲགས་པ་དང་། རི་གཅིག་གི་རྩེ་མོར་རོ་བཅུད་ལྡན་པའི་ཤིང་འབྲས་ཧ་ཅང་མང་པོ་གྲལ་སྟར་འགྲིགས་ནས་སྐྱེས་ཡོད་པ་དང་དེར་མི་མང་པོས་ཧབ་ཐོབ་བརྒྱབ་ནས་ཟ་བཞིན་ཡོད། རི་གཞན་དེའི་རྩེ་མོ་ལ་ཤིན་ཏུ་འཇམ་ལ་མཉེན་པའི་རྩྭ་གྲལ་སྟར་འགྲིག་པོར་སྐྱེས་ཡོད་པར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་རང་རང་གང་འདོད་ཀྱི་རྩྭ་ཟ་ཀྱིན་བསྡད་ཡོད། དེར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་སོ་སོའི་བསམ་པ་དང་མཐུན་པའི་ཆོས་གསུངས་པས་སེམས་ཅན་དེ་རྣམས་རང་རང་གི་སྡུག་བསྔལ་ཐམས་ཅད་མེད་པར་གྱུར་ཏེ་གཞན་གྱི་སྡུག་བསྔལ་བསམ་བློ་འཁོར་དུས་སྙིང་རྗེ་དྲག་པོ་སྐྱེ་མཁན་བྱང་ཆུབ་སེམས་དཔར་གྱུར་བ་རེད། དེའི་ཕྱི་ཉིན་བོད་ཚེས་གསུམ་ལ་ཡུལ་ཝར་གྱིའི་རྒྱལ་པོ་ཤུན་ཙི་ད་ལས་སངས་རྒྱས་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་ཡུལ་དུ་གདན་དྲངས་ཏེ་མཆོད་པ་རྒྱ་ཆེན་པོ་ཕུལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་དང་། ཞབས་བསིལ་པའི་ཆུ་ས་ལ་བཤོས་པ་དང་། དེ་རྫིང་བུ་ཞིག་ཏུ་གྱུར་ཅིང་། རྫིང་བུ་དེའི་མཐའ་སྐོར་དུ་མེ་ཏོག་པདྨ་ཚོན་ཁྲ་སྣ་ཚོགས་ཀྱི་འོད་འཚེར་ཏེ་གནམ་ས་ཐམས་ཅད་གསལ་ཐིང་ངེར་གྱུར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་རྣམས་ལ་དོན་ཟབ་ཅིང་གོ་བདེ་བའི་ཆོས་གསུངས་པས་ཐམས་ཅད་ཀྱིས་ཆོས་ཀྱི་ནང་དོན་གསལ་བར་ཤེས་ནས་ཁ་ཤས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། མང་པོ་ཞིག་ནི་ལྷ་གནས་སུ་སྐྱེས་སོ། བོད་ཚེས་བཞི་ཉིན་ཡུལ་ཐིག་ཆ་ཤིའི་རྒྱལ་པོ་ཨིནྡྲ་ཝར་མིས་མཆོད་པའི་ཡོ་བྱས་རྒྱ་ཆེན་པོ་ཕུལ་ནས་སངས་རྒྱས་གདན་འདྲེན་ཞུས། སངས་རྒྱས་ཀྱིས་རྫུ་འཕྲུལ་སྟོན་ཏེ། ཡུར་བ་ཆེན་པོ་དེ་ནས་འབབ་པའི་ཆུའི་སྒྲ་རྣམས་ཆོས་ཀྱི་སྒྲ་དབྱངས་སྙན་པོར་གྱུར་ཏེ་མི་རྣམས་ཀྱིས་ཐོས་པས་ཁ་ཤས་ནི་སངས་རྒྱས་སུ་གྱུར་པ་དང་། ཁ་ཤས་ནི་ལྷ་ཡུལ་དུ་སྐྱེས་པ་རེད། བོད་ཚེས་ལྔ་ཉིན་ཡུལ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་བྱིན་གྱིས་དད་གུས་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་གདན་འདྲེན་ཞུས་ཏེ་མཆོད་པའི་ཡོ་བྱས་སྣ་ཚོགས་ཀྱིས་མཆོད་པ་རྒྱ་ཆེན་པོ་ཕུལ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་ཞལ་ནས་གསེར་མདོག་ཅན་གྱི་འོད་ཟེར་འཁྲུངས་ཏེ་འཇིག་རྟེན་གྱི་ས་ཕྱོགས་ཀུན་གསལ་ཐིང་ངེར་མཐོང་རྒྱུ་ཡོད་པར་གྱུར། འོད་དེ་ཕོགས་པའི་སེམས་ཅན་རྣམས་རང་རང་གི་སེམས་ནང་གནས་པའི་སྡིག་པའི་སྒྲིབ་པ་ཐམས་ཅད་མེད་པར་སེམས་བདེ་ཞིང་ལྷོད་པར་གྱུར་ནས་བཅོམ་ལྡན་འདས་ལ་དད་པ་དང་ཡིད་ཆེས་ལྷག་པར་འཕེལ། སྐབས་དེར་སངས་རྒྱས་ཀྱིས་ཆོས་གསུངས་ནས་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་ཏེ་ཁ་ཤས་ནི་བྱང་ཆུབ་སེམས་པའི་གོ་འཕང་ཐོབ་པ་དང་ཁ་ཤས་ནི་མཐོ་རིས་ལྷའི་གནས་སུ་སྐྱེས་པ་རེད། བོད་ཚེས་དྲུག་ཉིན་ལི་ཙ་བྱི་སྟེ་ཡུལ་ཡངས་པ་ཅན་གྱི་མི་ཡ་རབས་ཅན་རྣམས་ཀྱིས་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང་བཅས་སངས་རྒྱས་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་ཡུལ་དུ་སྤྱན་དྲངས། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་འདིར་འདུས་པའི་མི་རྣམས་གཅིག་གི་སེམས་གཅིག་གིས་ཤེས་པར་བྱས་ཏེ་སོ་སོའི་དགེ་བའི་ལས་དང་སྡིག་པའི་ལས་རྣམས་ཀྱང་ཕན་ཚུན་ངོ་སྤྲོད་གསལ་པོ་བྱུང་བས་དེ་རྣམས་སེམས་དགའ་ཏེ་རྗེས་མ་ནས་སྡིག་པའི་ལས་རྣམས་ཡོངས་སུ་སྤང་རྒྱུ་དང་། དགེ་བའི་ལས་གསག་རྒྱུར་འབད་བརྩོན་ཧུར་ཐག་བྱ་རྒྱུའི་དམ་བཅའ་བཞག །དེ་ནས་བཅོན་ལྡན་འདས་ཀྱིས་དམ་པའི་ཆོས་གསུངས་པས་དེ་དག་གིས་ཆོས་ཀྱི་ནང་དོན་ཆ་ཚང་ཤེས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་བརྒྱབས་པ་བཞིན་སངས་རྒྱས་པ་དང་། མཐོ་རིས་ལྷའི་གནས་སུ་སྐྱེས་པ་ཡང་ཤིན་ཏུ་མང་པོ་བྱུང་ངོ་། །
དེའི་ཕྱི་ཉིན་ཚེས་བདུན་ལ་ཤཱཀྱའི་རིགས་རྣམས་ཀྱིས་སངས་རྒྱས་སྤྱན་དྲངས། བཅོམ་ལྡན་འདས་ཀྱིས་རིགས་དེ་དག་ཐམས་ཅད་འཁོར་ལོས་བསྒྱུར་བའི་རྒྱལ་པོར་བསྒྱུར་བ་མ་ཟད་རིན་པོ་ཆེ་སྣ་བདུན་དང་། དེ་དག་ལ་བུ་སྟོང་ཕྲག་རེ་ཡོད་པར་སྤྲུལ་པས་དེ་དག་ཐམས་ཅད་ངོ་མཚར་དང་དགའ་སྤྲོས་ཁེངས། དེར་བཅོམ་ལྡན་འདས་ཀྱིས་ཆོས་གསལ་བར་བསྟན་པས་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འབྲས་བུ་ཆེན་པོ་ཐོབ་པ་དང་། ལྷ་དང་མིར་སྐྱེས་པ་ཡང་གྲངས་མེད་པར་གྱུར་ཏོ། ཚེས་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྱན་དྲངས་ནས་སེང་གེའི་ཁྲི་ལ་བཞུགས་ཤིང་། བརྒྱ་བྱིན་གྱིས་གཡས་ནས་མཆོད་པ་དང་ཚངས་པས་གཡོན་ནས་མཆོད་པ་ཕུལ། མུ་སྟེགས་སྟོན་པ་དྲུག་ཀྱང་སོ་སོའི་ཁྲི་ལ་འཁོད་ཅིང་། ལྷ་དང་མིའི་ཚོགས་བསམ་གྱིས་མི་ཁྱབ་པ་བསྡུས་ཤིང་། ལྷ་རྣམས་ཀྱིས་ནམ་མཁའ་ནས་རིན་པོ་ཆེ་དང་། མེ་ཏོག་གི་ཆར་མཆོད་ཕུལ་བཅོམ་ལྡན་འདས་ཀྱི་སྐུའི་གཟི་བརྗིད་ཀྱིས་མུ་སྟེགས་པ་རྣམས་སྐད་ཆ་ཡང་ཤོད་མི་ཤེས་པ་དང་། ཟས་ཟ་མི་ཤེས་པར་གྱང་ལོགས་སུ་རི་མོ་བྲིས་པ་བཞིན་ལུས་གཡོ་འགུལ་མེད་པར་ལུས་སོ། དེ་ནས་སངས་རྒྱས་ཀྱི་སྐུའི་འགྲམ་ནས་མེ་ཆེན་པོ་ཞིག་འབར་བས་མུ་སྟེགས་པ་རྣམས་རབ་ཏུ་དགའ་ནས། འོ་ཡ། ད་ཆོ་འཕྲུལ་རང་འགྲན་པ། ཁང་པ་ཐམས་ཅད་མེས་ཚིག་གི་འདུག་ཅེས་བཤད་པ་ན། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་མེ་ལྕེ་དྲག་པོ་རྣམས་ཞི་བ་དང་སངས་རྒྱས་ཀྱི་སྐུ་ཆུའི་ཕུང་པོར་བསྒྱུར་ཏེ། དེ་ནས་བདུད་རྩིའི་འོད་ཟེར་གྱིས་ཁྱབ། སྐུའི་གཟི་བརྗེད་ཉི་མ་ལས་ལྷག་པར་རྒྱས་ཤིང་མདུན་དུ་གསེར་གྱི་མེ་ཏོག་པདྨ་དྲི་བསུང་མངར་མོས་བུང་བའི་ཚོགས་རྣམས་འདུས། པད་སྡོང་ཆེན་པོ་འདིའི་རྩེར་སངས་རྒྱས་ཀྱིས་ཕར་ཚུར་ཕེབས་པ་དང་བཞུགས་པ་དང་། གཟིམ་པ་སོགས་སྤྱོད་ལམ་སྣ་ཚོགས་སྟོན་ཞིང་། སྐུ་གསེར་གྱི་རི་བོ་ལ་ཉི་ཟླའི་འོད་ཀྱིས་བརྒྱན་པ་ལྟར་འཇིག་རྟེན་བདེ་བར་མཛད་པ་ལ། ནམ་མཁའ་ནས་ལྷ་མོ་རྣམས་ཀྱིས་ལྷ་རྫས་ཀྱི་མཆོད་ཅིང་། མིག་མི་འཛུམ་པར་སངས་རྒྱས་ཀྱི་ཞལ་ལ་བལྟ་བ། ལྷ་དང་དྲི་ཟ་མིའམ་ཅི་དང་ཐུབ་པའི་དབང་པོ་རྣམས་ཀྱིས་ལྷའི་རོལ་དབྱངས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་ཕུལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་མདངས་དང་བཅས་ཏེ་ཆོས་གསུངས་པ་སྟེ་སྡིག་སེམས་སྤངས་ན་བསོད་ནམས་ཀྱི་རྩ་བ་ཚུགས་པ་ཡིན། གཞན་ལ་འཁོན་སེམས་མེད་པར་སེམས་ཞི་བར་གནས་དགོས་པ་དང་། ཉོན་མོངས་པའི་དུག་ནད་རྣམས་མེད་པར་བཟོ་དགོས་ཤེས་རབ་སྨན་གྱི་བདུད་རྩེ་འཐུང་བར་བྱ། རྟག་ཏུ་དགེ་བའི་གྲོགས་པོ་བསྟེན་ན་དེ་དག་གི་དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད། རང་རེའི་ལུས་འདི་རིང་པོར་མི་གནས་ནམ་ཞིག་མ་འདོད་བཞིན་དུ་འདོར་རྒྱུ་ཡིན། རྒྱུ་དཔལ་འབྱོར་ནི་མི་རྟག་པའི་རང་བཞིན་ཡིན་པས་འབད་ཀྱང་སྙིང་པོ་མེད། ལང་ཚོ་དེ་ཡང་གཞོན་དུས་མཛེས་ཀྱང་མི་རྟག་རྒས་ཤིང་འཁོགས་པོར་འགྱུར། ལུས་འདི་ནི་སྡུག་བསྔལ་གྱི་རྟེན་མགྲོན་ཁང་ལྟ་བུ་དང་། གྲོགས་པོ་ནི་མགྲོན་པོ་འདྲ་བས་ཡུད་ཙམ་ཡིན། དེ་བས་ཆོས་བྱ་རྒྱུར་རྟག་ཏུ་འབད་པར་བྱོས། ཞེས་སོགས་གསུངས་ཏེ་དེ་རྣམས་ཀྱི་ལྟ་བ་ལོག་པ་རྣམས་བཅོམ་ཞིང་ཡང་དག་པའི་ལྟ་བར་འགོད་པར་མཛད། །
དེའི་ཚེ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་ལས་གླང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་བ་དང་། དེ་མ་ཐག་སྲིན་པོ་ལྔ་འཐོན་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་གི་ཁྲི་རྣམས་རྩ་བ་ནས་བཤིག་པ་དང་། དེ་ནས་ཡང་གནོད་སྦྱིན་ལག་ན་རྡོ་རྗེས། རྡོ་རྗེའི་རྩེ་མོར་མེ་འབར་བ་ཞིག་ཐོགས་ནས་མུ་སྟེགས་པ་རྣམས་ནི་རྟག་ཏུ་བཅོམ་ལྡན་འདས་ཀྱི་མི་མཐུན་པའི་ཕྱོགས་འབའ་ཞིག་ཡིན་ཟེར་ནས་སྟོན་པ་དྲུག་གི་མགོ་ལ་གཏད་ནས་གཞུ་བའི་སྐབས། སྟོན་པ་དྲུག་ནི་ངོ་ཚ་དང་འཇིགས་སྐྲག་གིས་གང་སར་བྲོས་པ་དང་རླུང་འཚུབ་དྲག་པོས་འཁྱེར་ནས་ཁ་ཤས་ནི་ཆུར་མཆོངས་པ་དང་། ཁ་ཤས་ནི་ཤིང་སྡོང་ལ་འཇུ་བ་དང་། ཡང་ཁ་ཤས་ནི་སའི་ཁུང་བུའི་ནང་གབ་པ་སོགས་བྱེད་པའི་སྐབས། བཅོམ་ལྡན་འདས་ཀྱིས་དེ་དག་ལ་སྙིང་རྗེས་བཀའ་སྩལ་པ། རི་དང་ནགས་དང་ས་ཁུང་སོགས་ནི་སྙིང་སྟོབས་མེད་པའི་སྡར་མ་རྣམས་ཀྱིས་སྐྱབས་སུ་བསྟེན་པས་དེ་ནི་སྐྱབས་ནོར་བ་ཡིན། སྐྱབས་དེ་དག་གིས་རྟག་ཏུ་འཇིགས་པ་ལས་སྐྱོབ་མི་ཐུབ། དེ་བས་སྔོན་བྱས་ལས་ངན་རྣམས་ལ་འགྱོད་པ་བསྐྱེད་པ་དང་། དངས་ཤིང་དད་པའི་སེམས་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་སོང་ན་རྟག་ཏུ་འཇིགས་པ་ཐམས་ཅད་ལས་གྲོལ་བ་ཡིན། དེ་གསུམ་ནི་སྡུག་བསྔལ་ལས་གྲོལ་ཞིང་གཏན་གྱི་བདེ་བ་ཆེན་པོ་སྦྱིན་མཁན་སྐྱབས་གནས་ཀྱི་མཆོག་ཡིན་ལ། འཇིག་རྟེན་ཕ་རོལ་གྱི་མུན་པར་འོད་སྣང་སྦྱིན་པའི་ཉི་མ་དང་། གཏི་མུག་གི་གཡང་ས་ལས་ཡར་འདྲེན་བྱེད་པའི་ཤེས་རབ་ཀྱི་ལྕགས་ཀྱུ་ཡིན། ཁྱོད་རྣམས་ལོག་ལྟའི་རབ་རིབ་ཀྱི་མུན་པ་ལེགས་པར་སེལ་ལ་དད་པའི་མིག་ཡངས་པོར་ཕྱེ་ཞིག །ཅེས་གསུངས་པས་མུ་སྟེགས་པའི་འཁོར་ཚོགས་ལྷག་མ་སྟོང་ཕྲག་དགུ་བཅུ་ནི་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་བས་ལྷ་མི་ཐམས་ཅད་དགའ་ཞིང་མགུ་བར་གྱུར་ཏོ། དེ་ནས་ཚེས་དགུ་ལ་ཙངས་པའི་རྒྱལ་པོས་ལྷའི་མཆོད་པའི་བཀོད་པ་དུ་མས་སངས་རྒྱས་སྤྱན་དྲངས། བཅོམ་ལྡན་འདས་ཀྱིས། སྐུ་ཤིན་ཏུ་ཆེ་ཞིང་མཐོ་བར་སྤྲུལ་ནས་འོད་ཟེར་ཆེན་པོས་གནམ་ས་ཀུན་ཏུ་གསལ་བར་མཛད། ཐམས་ཅད་ཀྱི་སྐུ་ཆེ་ཞིང་མཐོ་བ་འདི་ལྟ་བུ་མཐོང་བ་དང་གསུང་ཡང་ཐོས་པས། དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་རྣམ་པ་སྣ་ཚོགས་པ་གསལ་བར་བསྟན་པས་འཁོར་མང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །
དེ་ནས་ཚེས་བཅུ་ལ་རྒྱལ་ཆེན་བཞིས་སངས་རྒྱས་སྤྱན་དྲངས། དེའི་ཚེ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས། རྒྱལ་ཆེན་བཞི་ཡོད་ས་ནས་སྲིད་པའི་རྩེ་མོ་བར་སྐུ་གཟུགས་ཀྱིས་གང་བར་མཛད་པ་དང་། སངས་རྒྱས་ཀྱི་སྐུ་ཤིན་ཏུ་ཆེན་པོ་དེ་ནས་འོད་ཟེར་འཕྲོ་ཞིང་། འཁོར་དེ་དག་ཐམས་ཅད་ལ་དམ་པའི་ཆོས་བསྟན་པས་གསལ་བར་ཐོས་ཤིང་མཐོང་བར་མཛད་པས་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལྷ་དང་མིའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་པ་མེད་པར་གྱུར་ཏོ།
ཚེས་བཅུ་གཅིག་ཉིན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་སེང་གེའི་ཁྲི་ལ་བཞུགས་བཞིན་སྐུ་མི་སྣང་བར་འོད་ཟེར་ཆེན་པོ་འཕྲོས་པར་མཛད་ནས་གསུང་ངག་འཇམ་པོས་དམ་པའི་ཆོས་ཚིག་གསལ་ཞིང་གོ་སླ་བར་བསྟན་པས། ཁ་ཤས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཁ་ཤས་ནི་ལྷ་དང་མིར་སྐྱེས་པའི་བསོད་ནམས་བསྐྱེད་པ་ཡང་གྲངས་མེད་པར་གྱུར་ཏོ།
ཚེས་བཅུ་གཉིས་ལ་ཁྱིམ་བདག་ཙི་ཏས་སངས་རྒྱས་སྤྱན་དྲངས་ཏེ། བྱང་པའི་ཏིང་ངེ་འཛིན་ལ་བཞུགས་པས་སྐུ་ལས་འོད་ཟེར་འཁྲུངས། འོད་དེ་གང་ལ་ཕོག་པའི་སེམས་ཅན་རྣམས་ཉོན་མོངས་དུག་གསུམ་མེད་པར་སྙིང་རྗེའི་སེམས་བསྐྱེད་དེ་སེམས་ཅན་དེ་དག་གཅིག་གིས་གཅིག་ལ་ཕ་ལྟ་བུའམ། མ་ལྟ་བུའམ། གཅེན་པོ་ལྟ་བུའམ། གཅུང་པོ་ལྟ་བུའི་བརྩེ་བ་དང་ལྡན་པར་གྱུར་བ་དང་། དེ་དག་ལ་དམ་པའི་ཆོས་གསལ་བར་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་པར་གྱུར་ཏོ། ཚེས་བཅུ་གསུམ་ཉིན་རྒྱལ་པོ་ཤུན་ཙི་ད་ལས་སངས་རྒྱས་སྤྱན་དྲངས་ཏེ། སྐུའི་ལྟེ་བ་ནས་འོད་ཟེར་ཆེན་པོ་གཉིས་འཁྲུངས་ཤིང་། འོད་ཟེར་དེ་གཉིས་སངས་རྒྱས་ཀྱི་སྐུ་ལས་འདོམ་བདུན་ཙམ་དུ་འཕགས་ཏེ་དེ་ནས་མེ་ཏོག་པདྨ་མ་འཁྲུངས་པ་དང་པདྨའི་སྟེང་དུ་སྤྲུལ་པའི་སངས་རྒྱུང་ཀྱང་གྲངས་ཀྱིས་མི་ལང་པས་སྟོང་གསུམ་གྱི་འཇིག་རྟེན་གང་བར་མཛད་པས་འཁོར་དེ་དག་ཐམས་ཅད་ཀྱིས་དེ་མཐོང་བས་ངོ་མཚར་དཔག་མེད་སྐྱེས། སངས་རྒྱས་ཀྱིས་དེ་དག་ལ་ཆོས་གསལ་བར་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལྷ་དང་མིར་སྐྱེ་པ་ཡང་གྲངས་མེད་པར་གྱུར་ཏོ། ཚེས་བཅུ་བཞི་ཉིན་རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་སྤྱན་དྲངས་ཏེ། མེ་ཏོག་གཏོར་བས་དེ་དག་ཐམས་ཅད་རིན་པོ་ཆེའི་ཤིང་རྟ་སྟོང་ཕྲག་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ཞིང་དེ་དག་ཀུན་གྱིས་མཐོང་བར་མཛད་ནས་དམ་པའི་ཆོས་གསལ་བར་བསྟན་པས། ཁ་ཤས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཁ་ཤས་ནི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། ལྷ་དང་མིར་སྐྱེས་ཡང་གྲངས་མེད་པར་གྱུར་ཏོ། དེའི་ཕྱི་ཉིན་ཚེས་བཅོ་ལྔ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆོད་རྫས་ཤིན་ཏུ་རྒྱས་པོ་བཤམས་ཏེ་སངས་རྒྱས་སྤྱན་དྲངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ། ཞལ་ཟས་ཀྱི་སྣོད་རྣམས་གྲ་སྒྲིག་གྱིས་ཤིག་ད་ལྟ་ཉིན་དགུང་ཞལ་ལག་ཀྱི་དུས་ལ་སླེབས་ན་སྣོད་ཐམས་ཅད་ཞལ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་རང་བཞིན་དུ་བྱུང་ཞིང་དེ་འཁོར་རྣམས་ཀྱིས་བཟས་ན་དེ་རྣམས་ཐམས་ཅད་ལུས་སེམས་བདེ་བར་འགྱུར་ཞེས་གསུངས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་བཞག་པས་དམྱལ་ཁམས་བཅོ་བརྒྱད་ཀྱི་གནས་སུ་ལྷུངས་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བཞིན་པའི་སེམས་ཅན་རྣམས་ཀྱིས་སྨྲེ་སྔགས་འདི་ལྟར་བཏོན། བདག་ཅག་གིས་སྔོན་སྡིག་པའི་ལས་མང་པོ་བསགས་པའི་རྐྱེན་གྱིས་ད་ལྟ་དམྱལ་བའི་ནང་སྡུག་བསྔལ་བཟོད་གླགས་མེད་པ་འདི་ལྟ་བུ་མྱོང་དགོས་བྱུང་སོང་ཞེས་ངུ་འབོད་དྲག་པོས་བཤད་པར། འདིར་འདུས་པའི་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱིས་ཐོས་ཤིང་མཐོང་བར་བྱས་ནས། ཐམས་ཅད་དེ་དག་ལ་སྙིང་བརྩེ་བའི་ སེམས་བསྐྱེད་པ་དང་འཇིགས་ཤིང་སྐྲག་ནས་ལུས་ཀྱི་བ་སྤུ་ཡང་ལངས་པར་གྱུར་བའི་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་བྱམས་པ་དང་སྙིང་རྗེས་དམ་པའི་ཆོས་བསྟན་ཏེ་དེ་དག་སོ་སོའི་སྡུག་བསྔལ་ལས་གྲོལ་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡང་ཁ་ཤས་ནི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་པར་གྱུར་ཏོ། དེ་ནས་དམྱལ་བར་ལྷུངས་བའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཐོང་ཞིང་ཆོས་ཐོས་པའི་རྐྱེན་གྱིས་རང་རང་གི་མྱོང་བཞིན་པའི་སྡུག་བསྔལ་ལས་སྐད་ཅིག་ལ་ཐར་ནས་ཤིན་ཏུ་དང་བའི་སེམས་བསྐྱེད་པ་དང་དེ་དག་ཚེའི་དུས་བྱས་ནས་ལྷ་དང་མིར་སྐྱེས་སོ། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་པུས་མོ་གཉིས་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཞུས་པ། སངས་རྒྱས་ཁྱེད་ཀྱི་ཞབས་མཐིལ་ལ་འཁོར་ལོ་རིན་པོ་ཆེ་རི་མོར་བྲིས་པ་ལྟར་ཡོད་པ་འདི་འཁོར་རྣམས་ལ་བསྟན་པར་ཞུ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་བརྐྱངས་ཏེ་ཞབས་མཐིལ་ལ་འཁོར་ལོ་རིན་པོ་ཆེ་ཡོད་པ་འཁོར་ཐམས་ཅད་ལ་བསྟན་པས། འཁོར་རྣམས་ཀྱིས་དེ་ལ་ཞིབ་པར་བལྟས་ནས་སེམས་ལྷག་པར་དགའ་བ་དང་དད་པ་ཆེན་པོ་བསྐྱེད་ནས་ཞབས་མཐིལ་ལ་འཁོར་ལོ་འདི་ལྟ་བུ་བྱུང་བའི་ལས་ཀྱི་རྒྱུ་གང་ཡིན་བཀའ་འདྲི་ཞུས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ལྷ་ཆོས་དགེ་བ་བཅུ་བདག་གིས་ཀྱང་ལེགས་པར་བསྲུངས་པ་མ་ཟད་གཞན་ལའང་བསྲུངས་བར་བསྐུལ་བ་ལས་འདི་ལྟ་བུའི་འཁོར་ལོ་མཚན་ཤིན་ཏུ་གསལ་བ་དང་ལྡན་པར་གྱུར་ཏོ། ཞེས་ལས་འབྲས་ཀྱི་ཆོས་སྐོར་རོ།།
Leave a Reply