ཐོལ་བྱུང་སེམས་ཀྱི་ཚོར་བ།

འཁོར་འདས་དབྱེར་མེད་ཆོས་ཉིད་བདེན་མེད་མྱོངས།།
སྣང་གསུམ་དག་པའི་རོ་མཉམ་ཉམས་ལེན་བརྒྱུད།།
ཐབས་ཤེས་ཟུང་གིས་རྒྱུད་གསུམ་མཐིལ་ཕྱིན་པ།།
ས་དཀར་བསྟན་པའི་མཛེས་རྒྱན་རྣམས་ལ་འདུད།།

བཅོས་མིན་སེམས་འཁོལ་དད་འདུས་ཀློང་ཡངས་ནས།།
ཚེ་རབས་ཕྲེང་བརྒྱུད་པདྨའི་ཟེ་འབྲུ་འཐོར།།
ལས་བསྐོས་དོན་དམ་པད་མའི་གེ་སར་ཉིད།།
སྐྱབས་མཆོག་དྲི་མེད་འཁོན་གདུང་རྣམས་ལ་གུས།།

ཐུན་མིན་རྩ་བླ་ཁྲི་ཆེན་རྡོ་རྗེ་འཆང་།།
དད་གུས་སྤྲོ་གསུམ་འཛུམ་པའི་ངང་ཉིད་དུ།།
མི་ཕྱེད་དྭངས་གཙང་འདྲེན་པའི་སྙིང་རུས་ནས།།
ཡིད་འོང་ཚོར་སྐྱེན་དད་མོས་རྟག་ཏུ་བགྱིད།།

གདོང་མཁན་མགྲིན་ལག་ཟུང་གིས་སྙན་དངགས་འདིས།།
དད་པའི་བག་དྲོ་ཅུང་ཟད་འཁུམ་པའི་ཁྲོད།།
སྣང་སེམས་ཆོས་ཉིད་རོ་མཉམ་མངའ་དབང་བསྡུས།།
བདེ་སྟོང་ངག་གིས་ཡུད་ཙམ་བགྱིད་བར་སྙན།།

ས་དཀར་ཐུན་མིན་གུར་ལྷས་སྡོང་གྲོགས་མཛོད།།
འཁོན་གདུང་རྩ་བླ་དམ་པས་ཐུགས་སྨོན་མཛོད།།
མཛའ་བཤེས་ཆོས་གྲོགས་རྣམས་པས་དཔུང་གཉེན་མཛོད།།
དྲིན་ཅན་ཕ་མས་བྱམས་བརྩེ་རྟག་ཏུ་མཛོད།།

བྷོ་ཊའི་བསྟན་སྲིད་བཅོས་མིན་སྒྲུབ་པ་ལས།།
ཆོས་འགལ་ཕྱོགས་ཞེན་འགལ་འདུ་ལྟག་སྤྲོད་དང་།།
རིགས་ཡོད་ཆགས་སྡང་རུས་གསེབ་འཐིམ་པ་སོགས།།
གདོད་ནས་མ་སྐྱེས་གཉན་པོས་ཐ་ཚིག་མཆིས།།

དེའི་ཕྱིར་དུས་མཚམས་འཕོ་འགྱུར་འཚོལ་ཞིབ་ཐོག།
སྤྱི་འདོམས་བྱེད་པོ་དག་ལ་གཞོགས་འདེགས་དང་།།
གཞན་གནོད་གཞི་བཅས་སྤོང་བའི་དམ་བཅའ་བཅས།།
དོ་ཁུར་ཆེན་པོའི་ལྷུར་ལེན་སྤྱི་དོན་བརྩོན།།
གདོང་མཁན་པས་རྡ་ར་ལྡུན་ས་སྐྱའི་གཞིས་ཆགས་སུ། ཕོ་བྲང་ནས་འཕྲལ་གནས་ཁང་མིང་དགུ་པ་ནས་རང་སྣང་གང་དྲན་གྱིས་མགྲིན་ལག་ནས་ཐལ། ༢༠༡༩/༢/༢༠/༡༠/༤༥ མཚན་མོའི་བདག་པོ་དུས་མཚམས་ནས་སྦྱར།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*