ཀུན་མཁྱེན་བླ་མའི་རྣམ་ཐར་དོན་སྡུས་ཡིད་ཀྱི་མུན་སེལ།

རྩོམ་པ་པོ། བཀྲ་ཤིས་རྒྱལ་མཚན།

རྒྱལ་བ་ཀུན་གྱི་ཡེ་ཤེས་ཕུང་པོ་ལས།།

གདུལ་བྱའི་སྣང་ངོར་གཟུགས་ཀྱི་སྐུ་གཞེངས་པའི།།

བསྟན་པའི་འཁོར་ལོས་བདག་རྒྱུད་བྱིན་རློབས་ནས།།

འགྲོ་རྣམས་བློ་གྲོས་སྐྱེས་པའི་སྣང་བ་རྩོལ།།

བསྟན་པའི་འཁོར་ལོའི་སྤྲུལ་པ་གོ་རམ་ཞེས།།

ས་སྐྱའི་བསྟན་ལ་ས་པཎ་གཉིས་པ་ཞིག།

མདོ་ཁམས་སྨར་སྒང་སྨར་ཤོད་གོ་ལའི་སྟེང་།།

བྱི་བ་ཚང་དུ་རུ་ཚའི་གདུང་གི་བརྒྱུད།།

ཞང་སྐྱབས་ཡབ་དང་རྒྱལ་སྨན་ཡུམ་གཟུང་ནས།།

ས་མོ་བྱ་ལོར་མི་ཉག་དཔལ་དུ་འཁྲུངས།།

ཡེ་སངས་རྒྱས་ཀྱང་གདུལ་བྱའི་སྣང་ངོར་ལ།།

ཀུན་དགའ་འབུམ་ལས་རབ་ཏུ་བྱུང་བ་མཛད།།

བསོད་ནམས་སེང་གེ་མཚན་གསོལ་དེ་ནས་བཟུང་།།

གོ་འཇོ་སྦྱིན་བཟང་གོ་རམས་ཤེས་རབ་དཔལ།།

རོང་སྟོན་ཆོས་རྗེ་བྱམས་ཆེན་རབས་འབྱམས་པ།།

ཀུན་དགའ་བཟང་པོ་ཡབ་སྲས་གཙོ་བྱས་པའི།།

ཡོངས་འཛིན་དམ་པ་རྣམས་ལས་མདོ་དང་སྔགས།།

རྒྱ་བོད་ཀུན་ན་བཞུགས་སོ་ཅོག་ཀུན་གསན།།

གཞན་ཡང་སྒྲ་དང་ཚད་མ་ལ་སོགས་པའི།།

ཐ་རྙད་རིག་པའི་གནས་རྣམས་ཀུན་མཁྱེན་ནས།།

ཀུན་མཁྱེན་མཚན་དེ་མ་གསོལ་དོན་གྱིས་ཐོབ།།

སྐུ་ཡི་མཚན་དཔེ་མདོ་ཁམས་གོ་འཇོར་བཞད།།

གདུལ་བྱའི་ཕྲིན་ལས་གཙང་གི་ཕྱོགས་སུ་རྒྱས།།

ས་སྐྱ་གཙོར་བྱས་གངས་ཅན་བོད་ཡུལ་ཀྱི།།

ཤིང་རྟ་ཆེ་བརྒྱད་བཤད་བརྒྱུད་ཀ་ཆེན་བཅུ།།

སྔ་ཕྱིར་འགྱུར་བའི་བཀའ་དང་བསྟན་གཅོས་ཀྱི།།

བཤད་དང་སྒྲུབ་པའི་བསྟན་འཛིན་ཇི་རྙེད་ལ།།

དབང་དང་གཡོ་སྒྱུས་རང་ལུགས་མ་སྤེལ་ཅིང་།།

དམག་དང་དཔུང་པས་གཞན་ལུགས་མ་འགོག་པར།།

རང་གཞན་གཉིས་ཀའི་བསྟན་པ་རྣམ་དག་ཞིག།

དགག་སྒྲུབས་རིག་པས་ཕྱོགས་མཐའ་སྤེལ་བ་འདི།།

མཁས་པ་གཞན་གྱིས་མ་ཐོན་ངོ་མཚར་ཆེ།།

ཁྱད་པར་རིགས་པ་སྨྲ་བའི་བསྟན་པ་ལ།།

སྐུ་དྲིན་ཆེ་བར་ཀུན་མཁྱེན་ཁྱེད་འདྲ་མེད།།

ཀུན་རྟོགས་དྲི་མས་ཤེས་རབ་མ་སྒྲིབས་པའི།།

དྲང་སྲོང་སྤྱན་ལྡན་རྣམས་ཀྱི་ཅིའི་མི་རྟོགས།།

འོན་ཀྱང་བདག་ནི་ཀུན་མཁྱེན་ཆོས་ཀྱི་རྗེའི།།

ཕྱི་ནང་གསང་བའི་ཡོན་ཏན་ཆ་ཡི་ཤས།།

བརྗོད་པ་ནུས་པའི་བློ་གྲོས་མི་མངའ་ཡང་།།

དད་པའི་ཡུས་ཀྱིས་བྱས་སོ་ནོངས་པ་བཟོད།།

སྔོན་མོ་རྫོང་ནས་ཞིང་རྗེས་ལོ་འདིའི་བར།།

བགྲང་བྱ་ལྔ་བརྒྱ་སུམ་བཅུར་འཁོར་བ་ཡི།།

རྗེས་དྲན་ཚུལ་དུ་དད་པའི་མཆོད་པ་འདི།།

ཕུལ་བའི་དགེ་རྩས་བདག་སོགས་གདུལ་བྱ་ཀུན།།

བདེ་བ་ཅན་དུ་ཀུན་མཁྱེན་བླ་མའི་དྲུང་།།

སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་ནས་སུ།།

ཁམས་གསུམ་འགྲོ་བའི་སེམས་ཅན་ཡོད་དོ་ཅོག།

ཀུན་མཁྱེན་སངས་རྒྱས་ས་ལ་འགོད་གྱུར་ཅིག།

 ཅེས་པ་ཀུན་མཁྱེན་བླ་མ་སྐུ་འཁྲུངས་ནས་ལོ་ངོ་ལྔ་བརྒྱ་དགུ་བཅུ་ཐམས་པ་དང་ཞི་བ་གཤེགས་ནས་ལོ་ངོ་ལྔ་བརྒྱ་སུམ་བཅུ་ཐམས་པ་འཁོར་བའི་རྗེས་དྲན་དུ་གོ་ཐང་བཀྲ་ཤིས་རྒྱལ་མཚན་དུ་འབོད་པས་དབུས་ལྷ་ལྡན་ཇོ་བོའི་མདུན་དུ་ཇ་ཡུན་ཙམ་གྱི་དུསཚོད་ཞིག་ཏུ་བྲིས་པས་ཀུན་མཁྱེན་བླ་མས་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*