མཛེས་སྡུག་ལྡན་པའི་མཚན་མོ་ཞིག

རྩོམ་པ་པོ། ཟླ་བའི་གཉེན།

    ཁུ་སིམ་གྱི་བརླབས་པའི་སྟོན་གྱི་མཚན་མོ་འདིར །དྭངས་ཤིང་སྔོ་བའི་མཁའ་དབྱིངས་ནས་ཟླ་དཀར་ལྷ་མོས་དགྱེས་འཛུམ་གྱི་འོད་ཟེར་དེ། ནོར་མཛིན་མའི་ལུས་ལ་རས་ལྭ་དཀར་པོ་ཞིག་གཡོགས་པ་དང་འདྲ་བར་དཀར་ཐིང་ངེར་མངོན། དེ་ལྟ་བུའི་འཛིན་མའི་པང་དུ་བརྩེ་དུང་གིས་བཟི་བེར་བྱེད་བཞིན་པའི་ཕོ་མོ་གཉིས་ཀྱི་སེམས་ཁམས་སུ་འཕྲོས་ཙ་ན །ཁོང་གཉིས་ཀྱི་མྱོས་པའི་མིག་ཞགས་ཕྲ་མོ་ཟླ་དཀར་ལྷ་མོ་ལ་ཕྱོགས་པ་དང་། ཟླ་དཀར་ལྷ་མོའི་དུང་བའི་མདའ་མོ་དེ །ཁོང་གཉིས་ཀྱི་མིག་ཟུང་གི་བརྒྱུད་ནས་ཡིད་ཀྱི་ཀུ་མུད་ཏ་ལ་འཕངས་པ་ན །ན་གཞོན་ཕོ་མོ་གཉིས་ནི་བརྩེ་བས་ལྷག་ཏུ་བཟིས་ཏེ །དུང་བའི་མཚོ་མོའི་ཀློང་ནས་བརྩེ་བའི་རྦ་རླབས་རབ་ཏུ་འཕྱོ་ཞིང་འཐམ་འཁྱུད་ཀྱིས་བདེ་བ་རྫོགས་མེད་ཀྱི་མྱོང་བཞིན་གནས །།
    དྭངས་ཤིང་སྔོ་བའི་མཁའ་དབྱིངས་ནས་སྐར་གཞོན་རྣམས་ཀྱིས་ཁོང་གཉིས་ཀྱི་ཟབ་པའི་དུང་བ་ལ་ཡིད་སྨོན་གྱི་འཛུམ་མདངས་དང་ལྷན་དུ་ལྟ་བས་མི་ངོམ་པའི་རྒྱང་གཟིགས་མཛད་ཅིང་། ད་དུང་འདི་ལྟར །ང་ཡང་ཁོང་གཉིས་དང་འདྲ་བར་མི་ཡུལ་བརྩེ་དུང་གི་ཞིང་ཁམས་སུ་ཡོད་ན་ཅི་མ་རུང་སྙམ་པའི་རེ་འདོད་དང་བཅས །དལ་བུའི་ངང་སྐྱིད་པོའི་རྨི་ལམ་གྱི་ཡུལ་དུ་གོམ་པ་སྤོས །
    ཨེ་མ །ལྷིང་འཇགས་ཀྱི་མཚན་མོ །མཐོང་བ་ནི་རི་བོང་ཅན་གྱིས་གསེར་ལྡན་མའི་ལུས་ལ་ཉལ་གོས་ཀྱི་ཚུལ་དུ་གཡོགས་པའི་དཀར་མདོག་གི་རས་ལྭ་དང་། ཐོས་པ་ནི་འཛིན་མའི་པང་དུ་བཞུར་བཞིན་བའི་ཤག་ཤག་གི་ཆུ་སྒྲ །འགྲུལ་བཞད་པ་ནི་ཟླ་འོད་ལ་ཞོན་པའི་མཚན་མོའི་བསིལ་རླུང་དང་། བརྩེ་བའི་ཡོངས་སུ་མྱོས་པའི་ན་གཞོན་ཕོ་མོ་གཉིས་མ་གཏོགས་གཞན་མི་ཡུལ་གྱི་སེམས་ཅན་ཐམས་ཅད་ངལ་གསོལ་གྱིས་གཉིད་ལ་རོལ།།
      ངོ་མ །མཚན་མོ་འདི་ནི་འདི་འདྲའི་ཁུ་སིམ་པོ་ཞིག་ཨང་། ཡར་མཁའ་ལ་མཐོང་བ་ནི་ཟླ་དཀར་ལྷ་མོའི་འཛུམ་མདངས་དང་མུ་ཏིག་ལྟ་བུའི་འོད་ཆིལ་ཆིལ་གྱི་སྐར་ཚོགས །མར་འཛིན་མའི་ལུས་ལ་མཐོང་བ་ནི་མཚན་སྲུང་ལྟ་བུའི་རྐང་འཐུང་རྣམས་ཀྱི་ནག་གཟུགས་དང་། ཟླ་འོད་མ་ཕོག་པའི་ནག་བོང་བོང་གི་ཁུག་སོ་དེ་དག་ལས་མི་སྣང་། ཡིན་ནའང་སེམས་ལ་དངངས་སྐྲག་དང་བྲེལ་བ་སོགས་གང་ཡང་མེད་པའི་ན་གཞོན་གཉིས་ཀྱི་སེམས་པ་ནི་ཞི་ལྷོད་དང་དྲོ་སོབ་སོབ་ཀྱི་བརྩེ་བས་རུམ་ཡོད་པ་མ་ཟད །ད་དུང་སྒྲ་འཛིན་ཡོངས་སུ་འཕྲོག་བྱེད་ཀྱིས་བརྩེ་ཚིག་རེ་རེ་དེ །ཡངས་པའི་སྨྲ་སྒོ་ཡི་བརྒྱུད་ནས་སྦྲང་ཆར་བཞིན་དུ་ཐོས་འཛིན་གྱི་ཡུལ་དུ་བབས་ཙ་ན །དེ་ནི་ཨ་རག་འདྲེན་པ་དང་འདྲ་བར་སེམས་རྩ་ཡོངས་སུ་མྱོས་ནས་དགའ་བའི་ཚོར་བ་རབ་ཏུ་འཕེལ །
       རེད་ཡ།  འདི་ལྟ་བུའི་མཛེས་སྡུག་ལྡན་པའི་མཚན་མོ་དེ་ནི་བརྩེ་ལྡན་ཕོ་མོའི་བརྩེ་དུང་གིས་བསྐྲུན་པའི་མི་ཡུལ་གྱི་ཞིང་ཁམས་ཤིག་ཡིན་པས། འཇིག་རྟེན་གསུམ་ལ་འགྲན་ཟླ་བྲལ་བའི་མཛེས་སྡུག་གི་མཚན་མོ་ཞིག་གོ་ཞེས་བོས་ནའང་མི་འགྲིག་པ་མེད་དོ།།

                        ཨོ །    བརྩེ་དུང་གིས་བསྐྲུན་པའི་ཞིང་ཁམས་ནི།།

སྟོན་ཐབས་བྲལ་བའི་མཛེས་རིས་ཤིག །
བརྩེ་དུང་གིས་བསྐྲུན་པའི་ཕོ་བྲང་ནང་།།
ཉིན་མཚན་མེད་པའི་འོད་སྣང་ཞིག །
བརྩེ་དུང་གིས་བཟིས་པའི་སེམས་པ་ལ།།
རང་ཁོ་ནའི་མྱོང་བའི་ཚོར་བ་ཞིག །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*