རྩོམ་པ་པོ། མཁན་པོ་ཆོས་དབྱིངས་རྡོ་རྗེའམ། གཟི་བརྗིད་མཐའ་ཡས།
རང་གི་བྱས་མདོག་སྟོན་ཕྱིར་དང་།།
རང་ཉིད་གཞན་ལ་ངོམ་པའི་ཕྱིར།།
རང་གི་ཉེ་ཆར་པར་འགའ་ཞིག།
རང་གི་བར་སྟོང་འདི་ན་འགོད།།
སེམས་བསྐྱེད་མ་བརྗེད་ཙམ་གྱིས་དྲངས།།
སྡུག་ཀུན་རྩ་བ་གང་ཡིན་དང་།།
གནས་སྐབས་མཐར་ཐུག་གཉེན་པོ་གང་།།
ངོ་སྤྲོད་གོ་བདེས་ཐུབ་སྣང་ཤར།།
ལོ་གྲངས་དུ་མར་ལུང་རིགས་ལ།།
སྦྱོང་བརྩོན་བྱས་པའི་ལག་རྗེས་ནི།།
གནད་ཀྱི་ཐོག་ལ་དཀའ་མོའི་དྲི།།
ཡོད་ན་སྤྲོ་བ་ཆེ་འདི་འདྲ།།
ཆོས་ཀྱི་བྲོ་བ་ཅུང་རེག་ན།།
བདེ་གཤེགས་སྲས་དང་བཅས་པ་ལ།།
ཕྱིར་མི་ལྡོག་པའི་དད་གུས་ཚོགས།།
མ་འབད་ན་ཡང་ངང་གིས་སྐྱེ།།
དད་དང་ཞེན་ཆགས་འཛོལ་དང་གཅིག།
ཆོས་དང་འཇིག་རྟེན་སྦག་དང་གཉིས།།
ཁ་དོན་ལག་ལེན་མི་མཚུངས་གསུམ།།
བོད་བླ་ཕལ་ཆེར་ཕུང་གཞིར་འདུག།
སྔོན་དུས་བླ་མའི་རྣལ་འབྱོར་ལྟར།།
ཐུགས་དམ་རྟེན་དུ་བླ་མའི་སྐུ།།
ཡིད་དམ་སྐུར་བཞེངས་བླ་མ་ཉིད།།
སངས་རྒྱས་མཇལ་བའི་རྟེན་འབྲེལ་རྩི།།
དེང་དུས་བླ་མ་མིའི་གཟུགས་སུ།།
བཞེངས་སྲོལ་ཆེས་ཆེར་དར་བ་འདི།།
རྡོ་རྗེ་འཆང་ཡང་མི་ཉིད་དུ།།
མཐོང་བའི་རྟེན་འབྲེལ་འཕྱུགས་པར་སྣང་།།
ལོ་ན་མཐོ་བཞིན་མཐོང་རྒྱ་དང་།།
ཉམས་མྱོང་གཉིས་ཆར་ཆེ་བའི་མཐུས།།
དུང་བ་དཀར་བའི་ཡུལ་རྣམས་ལ།།
མི་སྙན་གཏམ་འཆལ་བཀག་ཀྱང་ཤོར།།
གང་དྲན་གོ་རིམ་ཙམ་ཡང་མེད།།
ནོར་ཞོར་བསུབ་ཞོར་ཤར་མར་བྲིས།།
ཆེད་དུ་སུ་ལའང་མ་དམིགས་ཀྱང་།།
ཀུན་གྱིས་ཐུགས་གཞིག་གནང་རོགས་གནང་།།
༢༠༡༩།༤།༢ ལ
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།