གཡང་ཕྱུག་མཚོ།


རྩོམ་པ་པོ། གཟི་མིག

རྨི་ལམ་སྟོང་བའི་གཏམ་རྒྱུད་བྲིས་ན།།
དྲན་གདུང་མཐིལ་གྱི་སྐར་མ་འོད་ཆེན།།
སྨིན་དྲུག་བཞད་པའི་ཐོ་རེངས་ངོགས་སུ།།
ཁྱེད་ལ་བལྟས་པ་བགྲངས་ཀྱིས་མི་ལང་།།

ལོ་ཡི་བགྲང་བྱ་འདོད་པས་སྨྱོས་ནས།།
མལ་ཁྲི་ཆག་པོར་དྲན་གདུང་གླེང་དུས།།
ཡིད་ཀྱི་དྲན་པའི་བུ་གའི་མཚམས་སུ།།
ཁྱེད་རང་འཚངས་ནས་མིག་ཆུ་བཏང་ཡིན།།

ཞེ་ལ་ཐོགས་པའི་ཐོ་རེངས་བུ་མོ།།
ལན་མང་སྒུག་པའི་སྟོང་འདང་འཕྲོ་ནས།།
མགོ་ཡི་སྐྲ་ལོ་ཁ་བས་གཡོག་པ།།
མི་ཚེ་གཅིག་གི་དྲན་ཐོ་ཡིན་འདྲ།།

སྣང་བའི་འཇིག་རྟེན་མིག་ཆུར་བསྲེས་ཏེ།།
སྐྱོ་གདུང་སྨྱོན་པའི་རང་གཏམ་གླེང་དུས།།
སེམས་སུ་ཟུག་པའི་རྒྱ་སེ་དམར་པོ།།
ང་ཡི་སྙིང་གི་གཅེས་ནོར་ཡིན་ཐལ།།

མཆུ་སྒྲོས་མངར་བའི་རང་མདངས་དབུས་སུ།།
ལན་གཅིག་བལྡག་པའི་སྐལ་བ་མེད་རུང་།།
ཁྱི་ངན་རྒན་པོའི་རང་གཟུགས་བཀླུབས་ནས།།
ཁྱེད་ཀྱི་སྒོ་ཁྱི་བྱེད་པར་ལོས་མོས།།

ཉི་མའི་འཁོར་ལོ་དལ་གྱིས་བཞུད་དེ།།
ལོ་རྒྱུས་ཕྲེང་བའི་རྣམ་ཤེས་འཁུམས་ཀྱང་།།
ང་ཡི་རང་གཤིས་གཙང་མའི་ཀློང་ན།།
ཁྱེད་ཀྱི་སྐྱག་པ་བཟའ་བར་འདོད་ཡོད།།

འཚོ་བའི་གཏམ་རྒྱུད་ཕྱིར་དུ་འཐེན་ན།།
འདས་སོང་ལོ་ཟླའི་ཉག་མ་རེ་རེར།།
ཉིད་ཀྱི་པར་གཟུགས་ངོ་རིས་བསླན་ནས།།
མཚན་མོའི་མལ་ས་མཉམ་དུ་བཅས་ཡིན།།

ལབ་རྩེའི་འདབས་ཀྱི་སྒམ་ཆུང་ཞིག་ཏུ།།
ཁྱེད་ཀྱི་བཞིན་རས་ཐང་གར་བྲིས་ནས།།
ཉིན་མཚན་དུ་མར་མཆོད་འབུལ་བྱས་ཏེ།།
ང་ཡི་དཀོན་མཆོག་ཁྱེད་ཉིད་སྒོམ་ཡིན།།

དེ་རིང་འདོད་པའི་ལིངྒ་འགུལ་ཏེ།།
ཁྱེད་ཀྱི་སྟུ་དང་ནུ་མར་མཆོད་ནས།།
སེམས་ཀྱི་དད་པ་ཁྱེད་ལ་བཅོལ་བ།།
ཡིད་ཀྱི་བདེ་བ་ཁོ་ན་ཡིན་ནོ།།
༢༠༡༩/༤/༤

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*