བོད་བསྒྱུར་པ། བླ་མ་བཀྲ་ཤིས།
སློབ་གསོ་ནི་ཟོ་བའི་ནང་ཆུ་གང་བོར་ལྡུག་རྒྱུ་དེ་མ་ཡིན་པར། མེ་སྟག་ཅིག་སྦར་རྒྱུ་དེའོ།
༡ སློབ་གསོའི་ངོ་བོ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། སློབ་གསོ་ནི་ཟོ་བའི་ནང་ཆུ་ལྡུག་པ་ལྟར་དགེ་རྒན་གྱིས་སློབ་མའི་སྣོད་དུ་འཇུག་ཅི་ཐུབ་ཀྱིས་སློབ་ཁྲིད་བྱེད་པས། དེས་སློབ་མའི་རང་རྐྱ་ཐུབ་པའི་བསམ་གཞིག་གི་ནུས་པ་ཉམས་པར་བྱེད་ལ། ཡང་དག་པའི་སློབ་གསོ་ལྟར་ན། སློབ་གསོ་ནི་མེ་སྟག་སྦར་བ་ལྟར་སློབ་མའི་སློབ་སྦྱོང་གི་འདུན་པ་སྐུལ་ཏེ། རིམ་གྱིས་ཁོ་ཚོའི་རང་རྐྱ་ཐུབ་པའི་བསམ་གཞིག་གི་ནུས་པ་སྐྱེད་པར་བྱེད།
༢ སློབ་གསོའི་འདུ་ཤེས།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཕ་མས་བུ་དང་བུ་མོ་འཇོན་ཐང་ཅན་དུ་གྱུར་ཏེ་མ་འོངས་པར་ཕ་མེས་དང་རིགས་རུས་ཀྱི་གཟི་བརྗིད་དུ་འགྱུར་བའི་རེ་བ་འཛིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། ཕ་མས་སེམས་ཁུར་བྱེད་ས་གཙོ་བོ་ནི་རྒྱུགས་སྐར་མ་ཡིན་པར། བྱིས་པའི་ཕུགས་བསམ་ལ་གཤོག་པ་བཙུགས་ཏེ་ཁོ་ཚོར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་སློབ་སྦྱོང་བྱེད་དུ་འཇུག་པ་དང་། སློབ་གསོ་ཡང་སློབ་གསོ་རང་གི་ངོ་བོའི་ཐོག་ལ་འབབ་ཏུ་འཇུག
༣ སློབ་གསོའི་ཐབས་ལམ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཕལ་ཆེ་བས་སྐྱོན་བརྗོད་ཀྱི་རྣམ་པའི་སློབ་གསོ་སྤྱད་དེ་བྱིས་པའི་སྐྱོན་ཆ་ནས་འཛིན་ཅི་ཐུབ་བྱེད་པས། སྐྱོན་བརྗོད་ཀྱི་གོ་རིམ་ཁྲོད་ནས་བྱིས་པ་སློབ་སྦྱོང་ལ་སུན་སྣང་སྐྱེ་མགོ་རྩོམ་ལ། ཡང་དག་པའི་སློབ་གསོ་ལྟར་ན། སྤྱིར་བཏང་དུ་སྐུལ་སློང་གི་རྣམ་པའི་སློབ་གསོ་སྤྱད་དེ་བྱིས་པའི་ལེགས་ཆ་མཐོང་ཅི་ཐུབ་བྱེད་ཅིང་། སྐུལ་སློང་གི་ཁྲོད་ནས་བྱིས་པ་མྱུར་དུ་འཚར་ལོངས་འབྱུང་།
༤ སློབ་གསོའི་དམིགས་ཡུལ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཕལ་ཆེ་བས་དམིགས་ཡུལ་ངེས་ཅན་ལ་གཞིགས་ཏེ་བྱིས་པར་སློབ་གསོ་བྱེད་དེ། དཔེར་ན་ལས་དབང་ལ་སྒྱུར་བཅོས་གཏོང་ཕྱིར་སློབ་སྦྱོང་མ་གཏོགས་གཞན་ཅི་ཡང་མི་ཤེས་པ་ལྟ་བུ་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། བྱིས་པར་རང་ཉིད་ཀྱི་དགའ་ཕྱོགས་འཕེལ་རྒྱས་གཏོང་བར་སྐུལ་སློང་བྱས་ཏེ། བྱིས་པར་འདེམ་གསེས་མང་ཞིང་རང་རློམ་དང་བཅས་སྤྱི་ཚོགས་ལ་འདྲེས་སུ་འཇུག
༥ སློབ་གསོའི་མཐའ་འབྲས།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། སློབ་སྦྱོང་གི་མཐའ་འབྲས་ནི་སྤྱིར་བཏང་དུ་ལས་ཀ་དང་འཚོ་བ་སྔར་བས་ལེགས་པོ་ཞིག་འཐོབ་པའི་ཆེད་དུ་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། སློབ་སྦྱོང་ནི་ལས་ཀ་རག་པའི་ཆེད་དུ་ཡིན་པར་བྱས་ནའང་། མཐར་ཐུག་གི་དམིགས་ཡུལ་ནི་སྔར་བས་ལེགས་པའི་འཚོ་བ་ལོངས་སུ་སྤྱོད་ཕྱིར་ཡིན་པ་ཤེས་ཡོད་ལ། དེ་གཉིས་ཀྱི་ཐོག་མའི་དམིགས་ཡུལ་དང་གཙོ་ཕལ་འཛིན་སྟངས་ཀྱང་མི་འདྲ་བས། ཁ་ཕྱོགས་དང་སྤྱོད་ལམ་་ཡང་ཐ་དད་དུ་ཡོད་དོ། །
༦ མཐར་ཐུག་གི་རེ་སྙེག
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཁྱིམ་བདག་གི་རེ་འདོད་ནི་བྱིས་པས་སློབ་གསོ་མྱངས་རྗེས་མ་འོངས་པར་བྱ་གཞག་ཁྲོད་ནས་རྒྱལ་ཁ་བླངས་ཏེ་སྒོར་མོ་མང་པོ་ཞིག་གསོག་ཐུབ་རྒྱུ་དེ་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། ཁྱིམ་བདག་གིས་བྱིས་པས་སློབ་གསོ་མྱངས་རྗེས་ཚེ་སྲོག་འཚར་ལོངས་འབྱུང་ཐུབ་མིན་ལ་སེམས་ཁུར་བྱེད་ཅིང་། འཚར་ལོངས་ནི་རྒྱལ་ཁ་ལས་ཀྱང་གལ་ཆེན་དུ་བརྩི།
༧ དོ་སྣང་བྱེད་ས།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། དགེ་རྒན་གྱིས་སྤྱིར་བཏང་དུ་སློབ་མར་རང་གི་མིག་མདུན་གྱི་བྱ་བ་ཁོ་ནར་དོ་སྣང་བྱེད་དུ་འཇུག་པས་མིག་རྒྱང་ཐུང་ལ། ཡང་དག་པའི་སློབ་གསོ་ལྟར་ན། དགེ་རྒན་རྣམས་ཀྱིས་སྤྱིར་བཏང་དུ་བྱིས་པར་ཚད་མེད་པའི་སང་ཉིན་ལ་དོ་སྣང་བྱས་ཏེ་དམིགས་པ་མ་འོངས་པར་གཏད་དགོས་པའི་སྣེ་སྟོན་བྱེད། མི་ཚེ་ལ་འཆར་གཞི་ཡོད་དགོས་པས། སྔ་མོ་ནས་མ་འོངས་ལ་དོ་སྣང་བྱས་ན་ད་གཟོད་མིག་སྔར་ཇི་ལྟར་འགྲོ་དགོས་པ་ཤེས་པར་འགྱུར།
༨ སློབ་ཁྲིད་ཀྱི་ནང་དོན།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། སློབ་ཁྲིད་ཀྱི་ནང་དོན་ཕལ་ཆེ་བ་དགེ་རྒན་གྱིས་ཁྲིད་རྐྱང་བྱེད་པ་ཤས་ཆེ་ཞིང་སློབ་དེབ་སྒྲོག་འདོན་ཙམ་ལ་མཁས་པས། སྦྱངས་པའི་ཤེས་བྱ་ལ་ཡང་སྤྱོད་སྒོ་ཡོད་མེད་བཤད་དཀའ་ལ། ཡང་དག་པའི་སློབ་གསོ་ལྟར་ན། དགེ་རྒན་ནི་ཚེ་གང་བོར་ཕན་ཐོགས་ཡོད་པའི་ནུས་པ་སྐྱེད་སྲིང་བྱེད་པར་མཁས་ཤིང་། སློབ་གྲྭ་ནས་ཐོན་ཏེ་སྤྱི་ཚོགས་སུ་སླེབས་ནའང་གནས་ཚུལ་སྣ་ཚོགས་ལ་རང་རྐྱ་ངང་གདོང་གཏད་ཐུབ།
༩ སྦྱོང་བརྡར་གྱི་ནུས་པ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ལམ་ལུགས་མ་འདྲ་བའི་དབང་གིས་མང་ཆེ་བས་ཡིད་འཛིན་གྱི་ནུས་པ་བསྐྱེད་རྒྱུ་གཙོ་བོར་འཛིན་ཞིང་། ཡང་དག་པའི་སློབ་གསོ་ལྟར་ན། སྤྱིར་བཏང་དུ་ཆ་འཕྲིན་ཐག་གཅོད་ཀྱི་ནུས་པ་བསྐྱེད་རྒྱུ་གཙོ་བོར་འཛིན་ཏེ། ལྷག་པར་དུ་ཆ་འཕྲིན་ཅན་གྱི་དུས་རབས་འདིར་རྒྱུ་ཆ་འཚོལ་བཤེར་གྱི་ནུས་པ་ནི་ཡིད་འཛིན་གྱི་ནུས་པ་ལས་ཀྱང་གལ་ཆེའོ། །
༡༠ དགེ་རྒན་གྱི་ཕན་ནུས།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། དགེ་རྒན་གྱིས་ཤེས་བྱ་ཁྲིད་པ་དང་རྨོངས་པ་སེལ་བའི་ནུས་པ་ཐོན་ཡོད་པས་བལྟས་ཙམ་གྱིས་གནད་དོན་ཅི་ཡང་མེད་པ་ལྟར་སྣང་མོད། སློབ་མ་དང་འབྲེལ་འདྲིས་ཆེར་མེད་པར་ཚད་ལྡན་གྱི་དྲིས་ལན་ཁོ་ན་སྤྲོད་པར་བྱེད་ལ། ཡང་དག་པའི་སློབ་གསོ་ལྟར་ན། དགེ་རྒན་གྱིས་གཤིས་ཀ་མི་འདྲ་བའི་སློབ་མ་རེ་རེར་དམིགས་ཏེ་སྣོད་བསྟུན་སློབ་གསོ་གཏོང་ཞིང་། ཁོ་ཚོའི་རང་རྐྱ་ཕེར་བའི་བསམ་གཞིག་གི་ནུས་པ་སྐུལ་བར་བྱེད།
༡༡ ཁྱིམ་གྱི་ལས་བྱ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། དགེ་རྒན་གྱིས་ལས་བྱ་འབོར་ཆེན་ཞིག་བཀོད་སྒྲིག་བྱས་ཏེ་ཡང་དང་བསྐྱར་དུ་བསྒྲུབ་པར་འཇུག་ཅིང་ནམ་ཡང་རྫོགས་རྒྱུ་མེད་པ་ལྟ་བུ་ཞིག་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། ལས་བྱ་མང་བའི་ངེས་པ་མེད་ཀྱང་། ངེས་པར་དུ་དྲི་བ་འགྲོལ་བའི་རིགས་ལམ་གཏིང་ཟབ་རྟོགས་དགོས་ལ། སློབ་མས་ཐུན་མོང་མཉམ་ལས་བྱེད་པར་སྐུལ་འདེད་བྱེད།
༡༢ དྲི་བ་འགྲོལ་བའི་བསམ་བློ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། དྲི་བ་འགྲོལ་སྐབས་ཡང་དག་པའི་དྲིས་ལན་མ་གཏོགས་མེད་ལ། རྒྱུན་རིང་པོར་འདི་ལྟར་ཕྱིན་ན་མི་ལ་གཏན་ཆགས་ཀྱི་བསམ་གཞིག་བྱེད་སྟངས་ཤིག་ཆགས་སུ་འཇུག་སླ། ཡང་དག་པའི་སློབ་གསོ་ལྟར་ན། དྲི་བ་འགྲོལ་སྐབས་ལྟོས་མེད་ཀྱི་ཡང་དག་པའི་དྲིས་ལན་ཞིག་མེད་ལ། དྲི་བ་རིགས་གཅིག་ཡིན་ནའང་འགྲོལ་སྟངས་ཀྱི་རིགས་ལམ་ཐ་དད་པ་ཡོད།
༡༣ ཐོབ་བྱ་ཅི་ཞིག་འདུག
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། རྒྱུན་དུ་དགེ་རྒན་གྱིས་སློབ་མ་ཁྲིད་དེ་གནད་དོན་ལ་བལྟ་ཞིང་། དེ་ལས་ཐོབ་པ་ནི་རྩ་བའི་ཆ་ནས་ཕྱོགས་སྡོམ་མམ་ལྟ་བ་གཅིག་ཁོ་ན་ཉིད་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། དགེ་རྒན་གྱིས་སྤྱིར་བཏང་དུ་དྲིས་ལན་མི་སྟེར་བར། རྒྱུན་དུ་དྲི་བ་བཏོན་ཏེ་སློབ་མ་རང་ཉིད་ལ་བསམ་གཞིག་བྱེད་དུ་འཇུག་ཅིང་། དེ་ལས་བློ་སྐྱེད་གང་མང་ཐོབ་ཐུབ།
༡༤ ལུས་རྩལ་སློབ་ཁྲིད།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ལུས་རྩལ་སློབ་ཁྲིད་ནི་ལུས་རྩལ་ཚད་འཇལ་བྱེད་སྐབས་ཚད་གཞི་ལོན་པའི་ཆེད་དུ་དམིགས་ཡོད་ལ། ཡང་དག་པའི་སློབ་གསོ་ལྟར་ན། ལུས་རྩལ་སློབ་ཁྲིད་ནི་སློབ་མའི་ལུས་སྦྱོང་གི་གོམས་གཤིས་བསྐྱེད་ཕྱིར་ཡིན་ལ། བདེ་ཐང་གི་ལུས་པོ་ནི་མ་འོངས་པར་བྱ་བ་བསྒྲུབ་པའི་རྩ་བའི་ཆ་རྐྱེན་ཡིན་ཞིང་། ཤེས་ལྡན་པ་ཞིག་ཡིན་ཚེ་ལྷག་ཏུ་དུས་ཚོད་བཏང་སྟེ་ལུས་སྦྱོང་བྱེད་ཤེས།
༡༥ དང་བླངས་སློབ་གསོ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། དང་བླངས་སློབ་གསོ་ནི་ལས་ཀའི་གྲུབ་འབྲས་ག་གེ་མོ་ཞིག་ལོན་པའི་ཆེད་དུའམ་ཡང་ན་རང་ཉིད་ཀྱི་ལོ་རྒྱུས་ལ་ཁ་སྣོན་བྱེད་པའི་ཆེད་དུ་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། དང་བླངས་སློབ་གསོ་ནི་བཅོས་མ་མ་ཡིན་པར་ལག་ལེན་དངོས་ལ་བརྟེན་ནས་བརྩེ་སེམས་མཚོན་ཞིང་། རོགས་རམ་མཁོ་བའི་མི་ལ་བརྩེ་བ་རྣམ་དག་ཅིག་ཚོར་དུ་འཇུག་པ་ཞིག་ཡིན་ལ། ཀུན་སློང་ནི་ལག་ལེན་ལས་ཀྱང་གལ་ཆེན་དུ་འཛིན།
༡༦ ཕན་ཁེ་རག་སྟངས།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། རང་ཉིད་ལ་ཕན་ཁེ་ཞིག་རག་པར་ཕལ་ཆེ་བས་ངུ་བ་སོགས་ཉམ་ཐག་གི་རྣམ་འགྱུར་ལ་བརྟེན་ནས་གཞན་གྱི་སེམས་ཁུར་ཐོབ་ཐབས་བྱེད་ལ། ཡང་དག་པའི་སློབ་གསོ་ལྟར་ན། གཞན་ལས་ཐོབ་ཆ་ཞིག་ལེན་པར་བརྩེ་སེམས་བཅང་བ་དང་རོགས་རམ་བྱེད་པ། ལེགས་སྐྱེས་འབུལ་བ་བཅས་ཀྱི་གྲོས་གཞི་འདོན་ཞིང་། ཁྱོད་ཀྱིས་ཕར་བཏང་བ་ཇི་ལྟར་མང་ན་ཚུར་ཐོབ་པའང་དེ་ལྟར་མང་།
༡༧ སློབ་མ་བཟང་པོ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། སློབ་མ་བཟང་པོ་ནི་དཔེ་མཚོན་གྱི་འཛིན་གྲྭའི་ལས་སྣེ་བ་ལྟ་བུའི་དགེ་སློབ་གཉིས་ཀྱི་བར་ལ་ཆབ་སྲིད་ཀྱི་འབྲེལ་བ་འཛུགས་པར་འཇོན་པ་ཞིག་ཡིན་ཏེ། དཔེར་ན་ཁ་གསག་བཤད་མཁན་དང་དཔོན་ངན་རིང་ལུགས་པ་ཆུང་ཆུང་ལྟ་བུ་ཡིན་ལ། ཡང་དག་པའི་སློབ་གསོ་ལྟར་ན། མིའི་ཁུར་སེམས་སྐྱེད་སྲིང་བྱེད་པར་དེ་བས་མཐོང་ཆེན་བྱེད་དེ། དཔེར་ན་གཞན་ལ་རོགས་བྱེད་པར་དགའ་བའི་བསམ་བློ་བསྐྱེད་དེ་ཁོ་ཚོས་མ་འོངས་པར་སྤྱི་ཚོགས་ཀྱི་འགན་ཁུར་སྔར་བས་མང་པོ་ཁུར་དུ་འཁྱེར་ཐུབ་པར་བྱེད།
༡༨ སློབ་ཕྱིའི་བྱ་བ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། སློབ་ཕྱིའི་བྱ་བ་ཕལ་ཆེ་བ་ནི་ཁེ་ཕན་ཁོ་ནར་དམིགས་ཡོད་དེ། དཔེར་ན་དཔང་རྟགས་དང་ཚད་རིམ་གྱི་རྒྱུགས་སྣ་ཚོགས་ཀྱི་ཆེད་དུ་ཡིན་པ་ལས། རྒྱུགས་བླངས་ཚར་རྗེས་རྒྱུན་སྐྱོང་རྒྱུའི་སྤྲོ་སྣང་མེད་པར་ངེས། ཡང་དག་པའི་སློབ་གསོ་ལྟར་ན། སློབ་ཕྱིའི་བྱ་བ་ཕལ་ཆེ་བ་ནི་སློབ་མར་རང་གིས་གང་ནུས་ཐམས་ཅད་འཚོལ་རྟོག་བྱེད་པར་སྐུལ་སློང་བྱས་ཏེ་ཕྱོགས་སྣ་ཚོགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན་ལ། སློབ་ཕྱིའི་ནུས་པ་ནི་ད་གཟོད་ཁྱེད་རང་བདེ་བླག་ངང་སྤྱི་ཚོགས་དང་མི་ཚེའི་ལམ་དུ་འགྲོ་བྱེད་ཀྱི་ནུས་པ་གཙོ་བོར་བརྩི།
༡༩ གུང་གསེང་།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། གུང་གསེང་གི་སྐབས་དང་བསྟུན་ནས་བུ་ཕྲུག་མྱུར་དུ་གསབ་ཁྲིད་སྣ་ཚོགས་ལ་འཇུག་ཅི་ཐུབ་བྱེད་ཅིང་། དེ་ནི་གཞན་གྱི་རྗེས་སུ་ལུས་འགྲོ་བར་སྐྲག་པའི་རྐྱེན་གྱིས་སོ། །ཡང་དག་པའི་སློབ་གསོ་ལྟར་ན། གུང་གསེང་གི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ། བྱིས་པར་ལས་ཀ་ལས་པ་དང་། ཡུལ་སྐོར་ལ་འགྲོ་བ། ཉམས་ལེན་སྣ་ཚོགས་བྱེད་པ་བཅས་ལ་སྐུལ་ཏེ་ཁོ་ཚོ་སྔ་མོ་ནས་སྤྱི་ཚོགས་ལ་བསྟུན་དུ་འཇུག་པར་བྱེད།
༢༠ རང་ཉིད་ལ་འགྲན་སློང་སྟངས།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཕལ་ཆེ་བས་བྱིས་པས་དཀའ་སྡུག་མྱོང་བར་སྐྲག་སྟེ་བདེ་ས་སྐྱིད་ས་ཞིག་ཏུ་འགྲོ་དགོས་པའི་སློབ་སྟོན་བྱེད་ལ། ཡང་དག་པའི་སློབ་གསོ་ལྟར་ན། བྱིས་པ་ལ་བདེ་ས་སྐྱིད་ས་ལས་བརྒལ་ཏེ་སྤོབས་པ་ཆེན་པོས་ཉེན་ཁ་བརྒྱུད་དགོས་པར་སྐུལ་སློང་བྱེད་དེ། བདེ་བས་མི་ལ་སྒྱིད་ལུག་སྟེར་ཞིང་། ཉེན་ཁ་བརྒྱུད་ན་ད་གཟོད་འཚར་ལོངས་འབྱུང་བས་སོ། །
༢༡ འགྲན་རྩོད་ཀྱི་སྐོར།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། མང་ཆེ་བས་མི་སྒེར་གྱི་གཟི་བརྗིད་རྩོད་པར་རེ་སྙེག་བྱེད་པ་དང་། གཙོ་བོ་རང་ཉིད་ཀྱི་རྒྱལ་ཕམ་ལ་སེམས་ཁུར་བྱེད་ལ། ཡང་དག་པའི་སློབ་གསོ་ལྟར་ན། གཙོ་བོ་ཐུན་མོང་གི་གཟི་བརྗིད་རྩོད་པར་སྐུལ་སློང་བྱེད་ཅིང་། ཡོད་ཚད་རང་ཉིད་ཁོ་ནར་བརྟེན་ཏེ་རྒྱལ་ཁ་ཐོབ་མཁན་ཞིག་མེད་པར་འདོད་དེ། རྒྱུ་མཚན་ནི་ནམ་ཡང་བཟའ་མི་འམ་གྲོགས་པོའི་རྒྱབ་སྐྱོར་ཡོད་པས་ད་གཟོད་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་བ་རེད།
༢༢ ཁྱིམ་བདག་གི་ཚོགས་འདུ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཁྱིམ་བདག་ཚོགས་འདུ་ནི་དགེ་རྒན་གྱིས་གཙོ་ཁྲིད་བྱས་ཏེ་ཕལ་ཆེར་དགག་རྒྱག་ཚོགས་འདུ་ལྟ་བུར་འགྱུར་འགྲོ་སྟེ། དགེ་རྒན་གྱིས་མིང་ནས་བོས་ཏེ་སུ་ཚང་གི་བྱིས་པས་ཁར་མི་ཉན་པ་དང་པྲ་ཚགས་ཡིན་པ་སོགས་ཀྱི་སྐྱོན་སྣ་ཚོགས་བརྗོད་པར་བྱེད་ལ། ཡང་དག་པའི་སློབ་གསོ་ལྟར་ན། ཁྱིམ་བདག་ཚོགས་འདུ་ནི་སློབ་མས་གཙོ་ཁྲིད་བྱེད་ཅིང་། རང་ཉིད་ཀྱིས་དངོས་སུ་ཕ་མ་དང་དགེ་རྒན་དག་ལ་རང་ཉིད་ཀྱི་ཐོབ་ཤོར་བརྗོད་པར་བྱེད་པ་དང་། ཁྱིམ་བདག་ཚོགས་འདུའི་སྐབས་སུ་ངེས་པར་དུ་བྱིས་པ་ཚོའི་སེམས་གཏམ་ལ་ཉན་ན་འོས།
༢༣ སློབ་གྲྭ་དང་ཁྱིམ་གྱི་འབྲེལ་བ།
སློབ་གསོའི་སྣང་ཚུལ་རེ་འགའ་ལྟར་ན། ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་བ་ནི་ཚོང་བདག་དང་འཛད་སྤྱོད་པའི་འབྲེལ་བ་དང་འདྲ་སྟེ། སློབ་མས་སྒོར་མོ་བཏང་སྟེ་སློབ་གྲྭར་སོང་ཞིང་། དེ་ནས་མགྱོགས་མྱུར་སྒོས་མཐར་ཕྱིན་དཔང་ཡིག་བླངས་ཏེ་བུད་འགྲོ་བ་དེའོ། །ཡང་དག་པའི་སློབ་གསོ་ལྟར་ན། ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་བ་ནི་མནའ་མཐུན་གྱི་འབྲེལ་བ་དང་འདྲ་སྟེ། སྒོར་མོ་བཏང་སྟེ་སློབ་གྲྭར་མངགས་པ་ཡིན་ནའང་། ཐུན་མོང་གི་དམིགས་ཚད་ནི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་དེ་ཡིན། དེ་ལྟར་ན་ད་གཟོད་བྱིས་པས་རང་ཉིད་ལ་ངོས་ཟིན་ཟབ་མོ་བྱེད་ཐུབ་པ་དང་མ་འོངས་པར་གདོང་གཏོད་ཐུབ།
༢༠༡༩ལོའི་ཟླ༤པའི་ཚེས༤ཉིན་བསྒྱུར།
Leave a Reply