ལོ་ཙཱའི་བྱུང་འཕེལ་མདོར་བསྡུས།
རྩོམ་པ་པོ། ཁ་སྒང་སྟག་འབུམ་རྒྱལ།
ལོ་ཙཱ་བའམ་འཇིག་རྟེན་མིག་ཏུ་འབོད་པའི་སྐྱེས་བུ་འདི་དག་གི་བཀའ་དྲིན་ལ་རང་རེའི་ཡུལ་དུ་རིག་གནས་ཀྱི་རྣམ་གཞག་སྣ་གཅིག་ཙམ་མ་ཡིན་པར་གྲངས་མང་པོར་འཕེལ་ཐུབ་པ་བྱུང་ཞིང་། བཀའ་བསྟན་གཉིས་ཀྱིས་མཚོན་པའི་བསྟན་བཅོས་བྲག་རིའི་རྔམས་ལ་འཇལ་བ་མང་པོ་དུས་ཀྱི་ཁུགས་པ་སོ་སོར་རིམ་པར་བྱུང་ལ། སྔོན་ཆད་ཅི་ཡང་མེད་པ་ཞིག་ལ་རྗེས་སུ་རིག་པའི་མཛོད་ཆེན་བརྩིགས་པའི་ངོ་མཚར་ལོ་རྒྱུས་བྱུང་བ་སོགས་ཟེར་སྒྲོས་ཙམ་དང་ལྷ་སྒྲུང་ཙམ་མ་ཡིན་པར་མངོན་སུམ་མིག་ལ་དངོས་སུ་སྣང་དུ་མཆིས་པ་འདི་བཞིན་ལགས་ཤིང་། འདས་སོང་ཙམ་མ་ཟད་ད་ལྟའི་དུས་དང་འབྱུང་འགྱུར་གང་ལའང་དུས་རབས་ཀྱི་འགྲོས་དང་མཐུན་པར་འཕེལ་རྒྱས་སུ་འགྲོ་ཐུབ་པ་ལ་ངེས་པར་སྔར་ལྟར་ལོ་ཙཱའི་བྱ་བ་འདི་ཧ་ཅང་གལ་ཆེ་ཨང་།
ལོ་ཙཱ་ལ་རྩ་བའི་ཆ་ནས་ངག་སྒྱུར་དང་ཡིག་སྒྱུར་གཉིས་སུ་དབྱེ་ཞིང་། ངག་སྒྱུར་དེ་ཉིད་ཡིག་སྒྱུར་ལས་བྱུང་སྔ་བར་གསུངས། རང་རེའི་ཡུལ་དུ་ཡིག་ཐོག་གི་ལོ་ཙཱ་ནམ་བྱུང་གི་དུས་ཚོད་སྐོར་ལ་ཁ་ཅིག་གིས་མི་ལོ་སུམ་སྟོང་གི་ཡར་སྔོན་ལ་བོན་གཞུང་མང་པོ་རང་རེའི་ཞང་ཞུང་གི་སྐད་དུ་བསྒྱུར་བ་ནས་ལོ་ཙཱ་དངོས་སུ་བྱུང་བར་འདོད་པའི་ངོས་འཛིན་ཚུལ་གཅིག་དང་། ཁ་ཅིག་གིས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ལ་རྒྱ་གར་གྱི་མཁས་པ་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། རྒྱ་ནག་གི་ཧྭ་ཤང་མ་ཧྭ་དེ་བ་ཆེ་སོགས་ཀྱིས་《འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས》《ཟླ་བ་སྒྲོན་མེའི་མདོ》《ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག》《པད་མ་སྙིང་པོའི་མདོ》སོགས་དང་། ལོ་ཙཱ་བ་སང་ཤི་སོགས་ཀྱིས་རྒྱའི་སྐད་ནས་《ལས་བརྒྱ་བ》དང་《གསེར་འོད་དམ་པ》སོགས་གཞུང་དུ་མ་ཚུར་བོད་ཡིག་ཐོག་བསྒྱུར་བ་ནས་བཟུང་ལོ་ཙཱ་དངོས་སུ་བྱུང་བར་འདོད་པའི་ངོས་འཛིན་ཚུལ་གཅིག་བཅས་གང་བདེན་གང་རྫུན་གྱི་དབྱེ་བ་འབྱེད་དཀའ་བ་སོགས་ཇི་ལྟར་ཡང་། བསྟན་པ་སྔ་དར་གྱི་དུས་ཚོད་ནང་དུ་སྔ་ཕྱིར་ལོ་ཙཱ་བ་བདུན་ཅུ་དོན་བཞི་བྱུང་བར་བཞེད་ཅིང་། ལོ་ཙཱ་བ་དེ་དག་གི་སློབ་གཉེར་གྱི་སྙིང་སྟོབས་དེ་དཀའ་སྡུག་གིས་མ་ཞུམ་པའི་ཉེར་འབྲས་ལ་རྒྱ་གར་གྱི་ནང་བའི་རིག་གཞུང་གཙོས་པའི་རིག་གནས་མང་པོ་ཞིག་རང་རེའི་གངས་ཅན་གྱི་ཡུལ་དུ་རྒྱ་ཆེར་དར་ཐུབ་པའི་རྟེན་འབྲེལ་གྱི་ཐོག་མ་ལེགས་པར་ཚུགས།
སྐབས་དེ་དག་ཏུ་གསར་དུ་བྱུང་བའི་ལོ་ཙཱའི་གཞུང་ལུགས་ཀྱི་སྐོར་ལའང་།《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ》ཞེས་ལོ་ཙཱའི་གཞུང་ལུགས་མཚན་ཉིད་པ་ཞིག་མིན་ཀྱང་ཐོག་མར་བགྲང་འོས་པའི་བསྟན་བཅོས་ཤིག་བྱུང་སྟེ། སློབ་དཔོན་ཐོན་མི་ནས་ལོ་ཆེན་བཻ་རོ་ཙ་ནའི་བར་གྱི་ལོ་ཙཱ་བ་སོ་སོས་བསྒྱུར་པའི་《ལུང་སྡེ་བཞི》དང་《མདོ་སྡེ་ཕལ་བོ་ཆེ》དང་《དཀོན་མཆོག་བརྩེགས》གཞན་ཡང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སོགས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་། བཀས་བཅད་པའི་ཡིག་ཆ་ལེགས་བོད་ཤན་སྦྱར་གྱི་ཚུལ་དུ་བཀོད་པ་ཞིག་ཡིན་ལ། དེའི་རྗེས《སྒྲ་སྦྱོར་བམ་གཉིས》ཞེས་ཀུན་ལ་རླུང་ལྟར་གྲགས་པའི་ལོ་ཙཱའི་གཞུང་ལུགས་ཅུང་ཚད་ལྡན་ཅན་འདི་ཉིད་ཀྱི་སྐུའི་མྱུ་གུ་ཐོག་མར་འབུས་ཤིང་། ལོ་ཙཱ་ཇི་ལྟར་བྱ་བའི་སྐོར་ལ་ཚད་གཞི་གཉིས་དང་། རྩ་དོན་ཆེན་པོ་གསུམ། སྒྱུར་ཐབས་དམ་པ་བཞི། དོ་སྣང་བྱེད་དགོས་པ་བཞི་སོགས་ནད་ལ་སྨན་གྱི་བདུད་རྩི་བཞིན་ལེགས་པར་ཕབ་པས། ལོག་བསྒྱུར་དང་འཁྲུལ་བསྒྱུར། ཉེས་བསྒྱུར་སོགས་ཀྱི་འགྱུར་སྐྱོན་ཅི་རིགས་ཀྱི་སྒོ་མོ་ཡོངས་སུ་བཀཀ་ནས་གངས་རིའི་ལོ་ཙཱའི་ལང་ཚོ་ལ་དབུགས་དབྱུང་གི་དངོས་གྲུབ་གསར་དུ་བསྩལ།
དེ་ཡང་། ལོ་ཙཱའི་ཚད་གཞི་གཉིས་ཀྱི་སྐོར་ལ།《སྒྲ་སྦྱོར་བམ་གཉིས》ལས། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ཞིང་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་གསུངས་པ་སྟེ། འདིས་འགྱུར་ཡིག་མ་ཡིག་ལ་བསྟུན་དགོས་པའི་དགོངས་པ་དང་གཅིག འགྱུར་འབྲེལ་ཆགས་ཤིང་བརྗོད་བདེ་བར་བྱ་དགོས་པ་དང་གཉིས་ཀྱི་ཚད་གཞིའི་རྒྱ་མ་གསུངས་སོ། ། དེར་མཐུད་ནས་ལོ་ཙཱའི་རྩ་དོན་ཆེན་པོ་གསུམ་ཞེས་པ་ལའང་《སྒྲ་སྦྱོར་བམ་གཉིས》ལས། ཆོས་ཀྱི་སྐད་བོད་ལ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་རུང་བ་རྣམས་ཀྱང་བཅོས་ཞེས་གསུངས་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ཚུར་བསྒྱུར་དུས་བརྗོད་དོན་གོ་དཀའ་བའི་རིགས་ལ་རྗེས་འཇུག་སློབ་དཔོན་མགོན་པོ་ཀླུ་སྒྲུབ་དང་དབྱིག་གཉེན་སོགས་ཀྱི་དགོངས་འགྲེལ་ལ་གཞི་བཅོལ་ནས་བསྒྱུར་དགོས་ཤིང་། གཙོ་བོར་བརྗོད་དོན་ཇི་ལྟ་བ་བཞིན་ཐོན་དགོས་པ་ལས་རྗོད་བྱེད་ཀྱི་ཚིག་དེ་མ་ཡིག་ལ་ཇི་མ་ཇི་བཞིན་བསྟུན་དགོས་ཞེས་མ་བསྟན་པ་དང་གཅིག ལོ་ཙཱ་བ་རང་གང་དུ་འཁྲུངས་སའི་ཡུལ་སྐད་ཀྱི་ལྷད་ཞུགས་པས་དེ་དག་ཡུལ་ལུང་གཞན་གྱིས་གོ་མི་ཐུབ་པའི་དབང་གིས་འཁྲུལ་ཉེན་ཆེ་བ་སྟེ་མ་བཅོས་ཐབས་མེད་ཡིན་པ་རྣམས་འཆོས་དགོས་ལ། གཙོ་བོར་རྗོད་བྱེད་ཀྱི་ཚིག་དག་སྒྲའིི་ལུགས་དང་བྱཱ་ཀ་ར་ཎའི་ལུགས་དང་མཐུན་དགོས་ཞེས་བསྟན་པ་དང་གཉིས་བཅས་སོ། །
སྒྱུར་ཐབས་དམ་པ་བཞི་འདི་ལྟ་སྟེ།
༡ ཐད་སྒྱུར།
གཞུང་ལས། སྐད་རྐྱང་བ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་ཡིིག་གཟུགས་རེ་རེས་དོན་ཅི་སྟོན་བོད་ལའང་དེ་དང་མཐུན་པར་དྲང་ཐད་དུ་བསྒྱུར་དགོས་པ་སྟེ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ཞེས་པ་ཤེས་པ་དང་མཁྱེན་པའི་དོན་ཏེ་སྤྱིར་ཡིན་ན་རབ་ཤེས་ཞེས་འབྲི་དགོས་ཀྱང་། དེ་ལྟར་བྲིས་པས་རང་རེའི་བོད་སྐད་དུ་བརྗོད་མི་བདེ་བས་ཤེས་རབ་ཅེས་འབྲི་དགོས་པ་ལྟ་བུའོ། ། རྒྱའི་ཡུལ་གྱི་ནང་བསྟན་ལོ་ཙཱ་བ(石道安)ལྟ་བུ་སོགས་ཐད་སྒྱུར་གཙོར་འཛིན་པའི་ལོ་ཙཱ་བ་ཡིན་ནོ། །
༢ དོན་སྒྱུར།
གཞུང་ལས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་ཞེས་གསུངས་པ་ལྟར། བསྒྱུར་བྱ་གང་དེའི་བསྟན་དོན་ཇི་བཞིན་བོད་སྐད་དུའང་ཚིག་གསལ་ཞིང་གོ་བདེ་བའི་ངག་ལ་བསྒྱུར་བ་ལ་བྱ་སྟེ། དཔེར་ན་ས་ཏྭ་ལྟ་བུ་གཞན་དོན་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་དཔའ་ཞེས་བསྒྱུར་བ་ལྟ་བུའོ། །
༣ ཐད་ལོག་སྒྱུར།
གཞུང་ལས། བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཅིག་ཡོད་ན་ཞེས་གསུངས་པ་ལྟར། སྒྱུར་བྱེད་རང་གི་སྐད་ཆའི་ལུགས་སྲོལ་གྱི་ཁྱད་ཆོས་གཙོར་བྱེད་པས། བསྒྱུར་བྱ་ལ་དེ་ལྟར་མ་མཆིས་ཀྱང་སྒྱུར་བྱེད་ཀྱི་ཚིག་སྔ་ཕྱིའི་གོ་རིམ་ཅི་བདེར་བསྣོལ་ནས་བརྗོད་བདེ་ཞིང་འབྲེལ་ཆགས་པ་ཞིག་ཏུ་བསྒྱུར་པ་ལྟ་བུའོ། །
༤ རང་སོར་འཇོག་པ།
སྔགས་སྐད་ཇི་བཞིན་རང་སོར་འཇོག་དགོས་པ་སྟེ། རང་ཡུལ་ན་མེད་པའི་མེ་ཏོག་དང་རྩི་ཤིང་། རི་དྭགས་སོགས་ཀྱི་མིང་རྣམས་རང་སོར་འཇོག་དགོས་པ་ལྟ་བུའོ།
བྱེ་བྲག་གི་སྒྱུར་ཐབས་ལ་འདི་དག་སྟེ།
༡ རྣམ་གྲངས་མང་བའི་མིང་སྒྱུར་ཚུལ།
མིང་གཅིག་དོན་དུ་མར་འཇུག་པ་ཅན་གྱི་སྐོར་ཏེ། དེའི་སྐོར་བསྒྱུར་དུས་ཁ་ཅིག་སྒྲ་རང་སོར་འཇོག་དགོས་པ་དང་། ཁ་ཅིག་དཔེ་སྦྱོར་བ་སོགས་སྦྱར་ཚིག་ཅན་དུ་བསྒྱུར་དགོས་པ། ཡང་ཁ་ཅིག་བསྟན་དོན་མཚོན་ཐུབ་པའི་མིང་ཞིག་བཙལ་ནས་བསྒྱུར་དགོས་པ་ལྟ་བུའོ། །
༢ གྲངས་ཀའི་མིང་སྒྱུར་ཚུལ།
བོད་རང་གི་གྲངས་གནས་བགྲང་སྲོལ་ལྟར་བསྒྱུར་དགོས་པ་སྟེ། སྡེ་བ་ཕྱེད་དང་བརྒྱད་བཅས་པ་རང་རེའི་སྐད་ལ་བདུན་དང་ཕྱེད་ཅེས་བསྒྱུར་པ་ལྟ་བུ་དང་། ཁྲི་བརྒྱ་དང་ཁྲི་སྟོང་ལ་རང་རེས་རྣམས་ཀྱིས་ས་ཡ་དང་བྱེ་བ་ཞེས་འབྲི་སྲོལ་མཆིས་པ་ལྟར་དེ་ལྟར་བསྒྱུར་བར་བྱའོ། །
༣ ཞེ་སའི་མིང་གི་སྒྱུར་ཚུལ།
ས་སྐྱ་པཎ་ཆེན་གྱིས། རྒྱ་གར་ལ་ཞེ་སའི་སྒྲ་དང་ཕལ་བའི་སྒྲ་ཕལ་ཆེར་ཁྱད་མེད་ཀྱང་། སངས་རྒྱས་ཀྱིས་གཞན་ལ་སྨྲས་པ་ལ་བཀའ་བསྩལ། གཞན་གྱིས་སངས་རྒྱས་ལ་ཞུས་པ་ལ་གསོལ་བ། མཉམ་པོ་ཕན་ཚུན་འདྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར། དེ་བཞིན་དུ་ཞེ་ས་དང་ཞེ་ས་མ་ཡིན་པའི་ཚིག་ཐམས་ཅད། བོད་ཀྱི་ཚིག་བཟང་ངན་ལ་གོ་བདེ་བར་སྒྱུར་ཅིག་སྐད་གསར་བཅད་ལས་འབྱུང་བ་ལྟར་ཤེས་པ་བྱའོ་ཞེས་གསུངས་པ་ལྟར། མི་རིགས་གཞན་གྱི་སྐད་དུ་ཡོད་མེད་ཅི་ཡང་རུང་བོད་སྐད་དུ་བསྒྱུར་དུས་རང་གི་ལུགས་སྲོལ་ལྟར། མཐོ་དམའ་འདྲ་མཉམ་དང་བཅས་པའི་སྐྱེ་བོ་ལ་ཅིས་ཀྱང་ཞེ་སའི་ཚིག་ཏུ་བསྒྱུར་ན་ལེགས་སོ། །
༤ གོ་རིམ་བཞིན་དུ་སྒྱུར་ཚུལ།
བསྒྱུར་བྱ་དང་སྒྱུར་བྱེད་གཉིས་ཀྱི་ཚིག་སྔ་ཕྱིའི་གོ་རིམ་མ་བསྣོར་བར་བསྒྱུར་བ་སྟེ། གཙོ་བོར་གནས་སྐབས་དེའི་བརྗོད་དོན་ཇི་ལྟར་བསྒྱུར་ན་ད་གཟོད་ཚིག་དོན་འབྲེལ་ཆགས་ཤིང་གོ་བདེ་བར་མ་ཟད་ཀྱི། མ་ཡིག་གི་གོ་དོན་དང་ཡང་མཐུན་པ་ཞིག་འོང་མིན་ལ་གཞིགས་ནས་བསྒྱུར་དགོས་པ་ལྟ་བུའོ། །
༥ བསྣན་ཏེ་སྒྱུར་ཚུལ།
བསྒྱུར་བྱ་མ་ཡིག་གི་ཚིག་གདོང་ལ་དངོས་སུ་མེད་ཀྱང་སྒྱུར་བྱེད་ཀྱི་སྐད་ལ་འབྲེལ་ཆགས་ཤིང་གོ་བདེ་བ་ཞིག་འོང་ཆེད་གང་འཚམ་གྱིས་ཚིག་ཟུར་ཅུང་ཙམ་རེ་བསྣན་ནས་བསྒྱུར་དགོས་པ་ལྟ་བུའོ། །
དེ་ལྟར་བསྟན་པ་སྔ་དར་གྱི་དུས་ལ་ལོ་ཙཱའི་བྱ་བ་ཇི་ལྟར་བྱུང་ཞིང་འཕེལ་བའི་ཚུལ་གོང་སྨྲས་ལྟར་ལགས་ལ། བསྟན་པ་ཕྱི་དར་གྱི་དུས་ལའང་། ལོ་ཆེན་རིན་ཆེན་བཟང་པོ་དང་། ལྷག་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པའི་སྔ་གཞུག་ཏུ་ལོ་ཙཱ་བ་མང་དུ་བྱོན་པ་སྟེ། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། འགོས་ཁུག་པ་ལྷས་བཙས། མར་བ་ཆོས་ཀྱི་བློ་གྲོས། རྔོག་བློ་ལྡན་ཤེས་རབ་སོགས་དང་། དེའི་རྗེས་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས《མཁས་པ་ལ་འཇུག་པའི་སྒོ》དང་《སྒྲ་ཉེ་བར་བསྡུས་པ》སོགས་བརྩམས་ནས་སྔོན་གྱི་འགྱུར་རྣམས་ལ་འགྱུར་བཅོས་མང་དུ་མཛད་ཅིང་། ལྷག་པར་སྣོན་སྒྱུར་དང་འཕྲི་སྒྱུར་སོགས་སྔར་མེད་པའི་སྒྱུར་ཐབས་དུ་མ་ཞིག་ཁ་བསྣན་ལ་གཞན་ཡང་མངོན་བརྗོད་ཀྱི་ཐ་སྙད་ཇི་ལྟར་བསྒྱུར་དགོས་པའི་ཐད་ལ་གསལ་བཤད་མང་དུ་བསྐྱོན། དེ་ནས་འགྲོ་མགོན་འཕགས་པ་ནས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་། དཔང་བློ་གྲོས་བརྟན་པ། ཞྭ་ལུ་ལོ་ཙཱ་བ་སོགས་རིམ་པར་བྱོན་ནས་སྔ་འགྱུར་རྣམས་ལ་དག་བཅོས་དང་། ལྷག་པར་ཤོང་ལོས་《དུས་འཁོར་རྒྱུད་འགྲེལ》《སྙན་ངག་མེ་ལོང》《རྟོགས་བརྗོད་དཔག་བསམ་འཁྲི་ཤིང》《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》སོགས་བོད་སྐད་དུ་བསྒྱུར་ནས་སྔར་མ་བསྒྱུར་པ་རྣམས་གསར་དུ་རང་རེའི་སྐད་དུ་དྲངས།
སྐྱོགས་ལོས་ལེགས་སྦྱར་གྱི་སྐད་ཟུར་ཆག་པ་འགའ་ཞིག་རང་རེའི་བརྡ་རྙིང་ལ་འཁྲུལ་བ་དང་། ལེགས་སྦྱར་དང་བོད་སྐད་ཀྱི་ཤན་མི་ཕྱེས་པ་རྣམས་ལ་འབྲུ་བསྣན་ནས་འགྱུར་དཔྱད་མང་དུ་མཛད། གཞན་ཧོར་སྐད་དང་ཞང་ཞུང་གི་སྐད་བོད་ལ་ཟུར་ཆག་པ་རྣམས་ཀྱང་ལོགས་སུ་ཕྱེས་ནས་《དག་ཡིག་ལི་ཤུའི་གུར་ཁང》ཞེས་བྱ་བའི་ཡིག་ཆ་བརྩམས། རིམ་བཞིན་དུས་རབས་བཅོ་བརྒྱད་པའི་དུས་ཀྱི་གོང་མ་ཆན་ལུང་གི་སྐབས་སུ། ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིས་གོང་མའི་བཀའ་ལྟར་བསྟན་འགྱུར་ཁ་ཚང་སོག་ཡིག་ཏུ་བསྒྱུར་ཅིང་། བྱེ་བྲག་གི་ལོ་ཙཱའི་རྩ་དོན་དང་ཐབས་ལམ་སོགས་ལ་ཆེད་དུ་《དག་ཡིག་མཁས་པའི་འབྱུང་གནས》ཞེས་པ་བརྩམས། དེ་ལྟར་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ཉེ་དུས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བར་དུ་སྔ་ཕྱིར་ལོ་ཙཱ་བ་ཉིས་བརྒྱ་དང་རེ་གསུམ་བྱུང་བར་གསུངས་ཤིང་། དེ་དག་ལས་ལོ་ཙཱ་བ་མང་ཆེ་བ་ཞིག་གཞུང་གིས་མངགས་པ་སོགས་གང་ཡང་མ་ཡིན་པར་རང་གི་འགྲོ་སོང་རང་གིས་བཙལ་ཏེ་རྒྱ་གར་དང་ཁ་ཆེའི་ཡུལ་སོགས་སུ་སློབ་སྦྱོང་ལ་ཕེབས་པ་ཤ་སྟག་ལགས་པ་བཅས། རང་རེའི་ལ་ད་ལྟ་ངོམ་དུ་ཡོད་པའི་རིག་གཞུང་སྤུས་དག་ཅིང་འཐུས་ཚང་བ་ཞིག་མངའ་བ་འདིའང་བསྟན་པ་སྔ་ཕྱི་དར་གཉིས་ལ་བྱུང་བའི་ལོ་ཙཱ་བ་འདི་དག་གི་སྐུ་དྲིན་འབའ་ཞིག་ལ་རག་ལས་ཕྱིར་ཁོང་ཚོའི་སྐུ་དྲིན་གྱི་ཆ་ཕྲ་མོ་ཙམ་ཡང་རང་རེའི་རྣམས་ཀྱིས་ནམ་ཡང་འཁོར་ཐབས་དཀའ་སྙམ་མོ། །
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འབའ་སྟོད་པ་ཚེ་དབང་རྡོ་རྗེའི་ལོ་ཙཱའི་སྐོར་གྱི་གསུང་རྩོམ་ཞིག་ལ་ཁུངས་བཅོལ་ནས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག་གུ།
Leave a Reply