རྩོམ་པ་པོ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
སྔོན་དུ་གླེང་བའི་གཞི། རྟོན་པ་བཞི་ལྡན་བདེ་བ་གཤེགས་པའི་བཀའ།། སྡེ་སྣོད་གསུམ་དུ་བསྡུས་ནས་ངོ་སྤྲོད་ཙམ།། ལུང་རིགས་གཉིས་ཀྱིས་འཆད་ན་བརྩོན་ལྡན་འགས།། བློ་རིག་གཅིག་ཏུ་སྒྲིམ་ནས་གསན་པར་འཚལ།། དེ་ལ་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་ཕན་བདེའི་འབྱུང་གནས་བདེ་བ་གཤེགས་པའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་གཉིས་སུ་ཕྱེས་པའི་རྟོགས་པའི་བསྟན་པ་བསླབ་པ་གསུམ་གང་ལ་བལྟོས་པའི་ཡུལ་ནི་ལུང་གི་བསྟན་པ་ཉག་ཅིག་ཡིན་ལ། དེ་ལ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་གཉིས་སུ་ངེས་པའི་ནང་ནས་ཀྱང་། ལྷ་ཡི་ལྷ་དང་མ་ཡི་མ་ལྟ་བུ་ནི་རྒྱལ་བའི་བཀའ་ཉིད་ཡིན་ལ། དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་དབྱེ་བ་དང་། བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས་དང་ཡན་ལག་དགུ་ དེ་ཡང་བསྡུས་ན་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་བས། དེས་ན་རྒྱལ་བའི་བཀའ་སྡེ་སྣོད་རིན་པོ་ཆེ་གསུམ་ནི་འཇིག་རྟེན་འདིར་དུས་དང་རྣམ་པ་ཀུན་ཏུ་དགོས་འདོད་ཀུན་འབྱུང་གི་ནོར་བུ་དང་། མུན་པ་ཀུན་སེལ་གྱི་སྒྲོན་མེ་ལྟར། ཆེས་རིན་ཐང་ལྡན་པ་དང་། ཆེས་རྩ་ཆེའི་རང་བཞིན་ལྡན་པ་ཞིག་ཡིན་པས། འགྲོ་བ་མི་སྤྱི་དང་ལྷག་དོན་དུས་རབས་གཞོན་སྐྱེས་ཤེས་ཡོན་ཅན་དག་གི་ཀླད་པའི་གྲུ་ཟུར་དང་། བསམ་བློ་ར་བའི་ནང་དུ་འདིའི་རིན་ཐང་གི་ཆ་ཤས་རེ་ཙམ་ཡང་འཛུལ་ཐབས་བྱེད་རྒྱུ་ནི། ༧གོང་ས་མཆོག་གི་བཀའ་སློབ་ལྔ་ཕྱི་དུ་མའི་དགོངས་དོན་ཀྱི་སྙིང་པོར་གྲུབ་པ་ལྟར། འདི་གའི་མཐོ་སློབ་ཀྱི་གཞོན་སྐྱེས་དོན་གཉེར་ཅན་ཁག་གཅིག་གིས་རེ་དགོངས་བཞིན་བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རགས་བསྡུས་གནའ་རབས་གོང་མའི་སྲོལ་མ་ཉམས་པའི་ཐོག་ནས་དུས་རབས་མིའི་གོ་བདེ་བའི་ལུགས་སུ་བཀྲལ་ནས་བཤད་འདོད་བྱུང༌། བཀའ་ཡི་གོ་དོན་དང་དབྱེ་བ། སངས་རྒྱས་ཀྱི་བཀའ་ཡི་གོ་དོན་ནི། ཁྱད་ཆོས་གསུམ་ལྡན་གྱི་གསུང་རབ་ཐུག་པ་དེ་ཡིན། ཁྱད་ཆོས་གསུམ་ནི། བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་བ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་པ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་བཅས་ཡིན། དེའི་ཁུངས་ནི་རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་གཉེར་འབྲེལ་ཞིང༌། ཁམས་གསུམ་ཀུན་ལས་ཉོན་མོངས་སྤོང་བྱེད་གསུངས། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། ཞེས་པ་དེ་ཡིན།། བཀའ་ཡི་སྒྲ་དོན་ནི། ལེགས་སྦྱར་སྐད་དུ་སུ་བྷཱ་ཥི་ཏ་ཞེས་པ་དེ་ཡིན་ལ། སུ་ནི་དོན་ལྔ་ལ་འཇུག་པའི་ནང་ནས་སྐབས་འདིར་ལེགས་པའི་དོན་དང་།བྷཱ་ཥི་ཏ་ནི་གསུངས་པ་ལ་གོ་དགོས། དེ་ལྟར་ན་བཀའ་ཡི་སྒྲ་དོན་ནི་ལེགས་པར་གསུངས་པ་ཉིད་ཡིན་ནོ། འོན་ཀྱང་བོད་སྐད་དུ་ལེགས་པར་གསུངས་པ་ཤེས་མི་ཟེར་བ། སྒྲ་དོན་ལས་འགངས་ཏེ་བཀའ་ཞེས་འདོགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཐ་སྙད་འདི་བོད་བསྒྱུར་མ་བྱས་པའི་སྔོན་ནས་སྒྲ་བཤད་དུ་ཡོད་མིན་ཇི་ལྟར་ཡང་དོན་གྱི་ཆ་ལག་གཅིག་མཚུངས་ཡིན་པའི་ཐ་སྙད་བཀའ་ཞེས་པ་འདི་རང་རེ་བོད་ཀྱི་གདོད་མ་ནས་ཡོད་པའི་འདོད་རྒྱལ་གྱི་མིང་ཞིག་པས། བོད་རང་ལ་ཐ་སྙད་འདི་ཉིད་གོ་སླ་ཞིང་འཇུག་བདེ་བར་དགོངས་ནས། རྒྱ་གར་གྱི་སུ་བྷཱ་ཥི་ཏའི་སྐད་དོད་ལས་གྲུབ་པའི་ལེགས་པར་གསུངས་པ་ཞེས་པའི་མིང་ཚིག་འདི་གསར་བཟོ་མ་བྱས་པར་བཀའ་ཞེས་པའི་གདོད་མའི་མིང་ཚིག་འདི་ག་རང་བེད་སྤྱད་བྱས་པ་ཡིན། འོ་ན་བཀའ་ཡི་སྒྲ་དོན་ལེགས་པར་གསུངས་པ་ཡིན་ན། ཇི་ལྟར་ལེགས་པར་གསུང་པ་ཡིན་སྙམ་ན། ལེགས་པ་རྣམ་པ་བཅུའི་སྒོ་ནས་གསུངས་པ་ཡིན་ཏེ། ༡རང་ཉིད་སངས་རྒྱས་ནས་གསུངས་པ་དང་། ༢སེམས་ཅན་ཡོངས་རྫོགས་ཀྱི་དབང་དུ་མཛད་ནས་གསུངས་པ། ༣དུས་རྒྱུན་དུ་གསུངས་པ། ༤དཔེ་མཁྱུད་མེད་པ་ཡང་དག་པར་གསུངས་པ། གདུལ་བྱའི་བསམ་པ་དང་འཚམ་པར་གསུངས་པ། དབྱངས་ཀྱི་ཡན་ལག་ལྔ་ལྡན་གྱི་སྒོ་ནས་གསུངས་པ། ༥དབྱངས་གཅིག་གི་སྐད་ཡིག་སྣ་ཚོགས་པར་གོ་ནུས་པའི་སྒོ་ནས་གསུངས་པ། ༦དབྱངས་གཅིག་ལ་གདུལ་བྱ་སོ་སོས་གོ་བ་སྣ་ཚོགས་ལེན་ཐུབ་པ། ༧མཐའ་གཉིས་སྤངས་པའི་ལམ་གསུངས་པ། ༨དུས་ལ་བབ་པའི་སྐབས་ཁོ་ནར་གསུངས་པ་བཅས་ཡིན། དེའི་ཁུངས་ནི། རྣམ་བཤད་རིག་པ་ལས། ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པ་བླང་པ་ཉིད་ཀྱིས་དང༌། དབང་དུ་མཛད་པ་ཉིད་ཀྱིས་དང༌། འཛུལ་པ་ཉིད་ཀྱིས་དང༌། རབ་ཏུ་ལྡན་པ་ཉིད་ཀྱིས་དང༌། རབ་ཏུ་དབྱེ་བ་ཉིད་ཀྱིས་དང༌། རྟེན་ཉིད་ཀྱིས་དང༌། གོ་བར་མཛད་པ་ཉིད་ཀྱིས་དང༌། གདགས་པ་ཉིད་ཀྱིས་དང༌། དུས་ཉིད་ཀྱིས་དང་ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཞེས་གསུངས། རྒྱལ་བའི་བཀའ་ལ་དབྱེ་བ་ཕྱེ་སྟངས་དྲུག་སྟེ། དུས་ཀྱིས་སྒོ་ནས་ཕྱེ་བ་དང༌། བརྗོད་བྱའི་སྒོ་ནས་ཕྱེ་བ། རྗོད་བྱེད་ཀྱིས་སྒོ་ནས་ཕྱེ་བ། གཉེན་པོའི་སྒོ་ནས་ཕྱེ་བ། གདུལ་བྱའི་སྒོ་ནས་ཕྱེ་བ། བདག་རྐྱེན་གྱིས་སྒོ་ནས་ཕྱེ་བའོ།། དང་པོ་བཀའ་ལ་དུས་ཀྱི་སྒོ་ནས་ཕྱེ་ན། དུས་དང་པོར་ཝཱ་ར་ཎ་སིར་གསུངས་པའི་བདེན་བཞིའི་ཆོས་སྐོར། དུས་བར་པ་བྱ་རྒོད་ཕུང་པོའི་རིར་གསུངས་པའི་མཚན་ཉིད་མེད་པའི་ཆོས་སྐོར། དུས་མཐའ་མ་ཡངས་པ་ཅན་དུ་གསུངས་པའི་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དུ་དབྱེ་བའོ། བཀའ་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། དྲང་དོན་གྱི་བཀའ་དང་ངེས་དོན་གྱི་བཀའ་གཉིས་ཡོད། དྲང་དོན་ཀྱི་བཀའ་ནི་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་པའི་བཀའ་རྣམས་ཡིན། ངེས་དོན་གྱི་བཀའ་ནི་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་པའི་བཀའ་རྣམས་ཡིན། དེ་ཡང་སྤྱི་བཤད་ཙམ་ཡིན་གྱི་གྲུབ་མཐའ་རང་རང་གི་ལུགས་ལ་དྲང་དོན་དང་ངེས་དོན་གྱི་བྱེ་བྲག་མི་འདྲ་བའི་དབྱེ་སྒོ་ཤིན་ཏུ་མང༌། ཡང་བཀའ་ལ་རྗོད་བྱེད་ཀྱིས་སྒོ་ནས་དབྱེ་ན། གསུངས་རབ་ཡན་ལག་བཅུ་གཉིས་ཡོད་དེ། མདོ་སྡེ་དང༌། དབྱངས་སུ་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླེང་གཞིའི་སྡེ། རྟོགས་པ་བརྗོད་པའི་སྡེ། དེ་ལྟར་བྱུང་བའི་སྡེ། སྐྱེས་པའི་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ། གཏན་ལ་འབབ་པའི་སྡེ་བཅས་སོ། །འདིའི་ཁུངས་ནི་བརྒྱད་སྟོང་འགྲེལ་པ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟར་བྱུང་བ་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་ཕབ་པ་དང༌། །གསུངས་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས། དེ་ལས་ཀྱང་བསྡུས་ན་གསུང་རབ་ཡན་ལག་དགུར་འདུ་བ་ཡིན། ཡང་བཀའ་ལ་གདུལ་བྱའི་སྒོ་ནས་དབྱེ་ན། ཐེག་དམན་གྱི་བཀའ་དང་ཐེག་ཆེན་གྱི་བཀའ་གཉིས་སུ་དབྱེ་ཞིང༌། ཐེག་པ་ཆེན་ཆུང་གི་ཁྱད་པར་ནི། གང་ཟག་གི་བདག་མེད་བསྟན་བྱའི་གཙོ་བོར་བྱེད་པ་དང༌། ཆོས་ཀྱི་བདག་མེད་བསྟན་བྱའི་གཙོ་བོར་བྱེད་མིན་གྱི་སྒོ་ནས་འཇོག་ནའང་སྤྱིའི་ཆ་ནས་རུང་བར་སེམས་སོ། ཐེག་བསྡུས་ལས་ནི་ཐེག་པ་ཆེན་ཆུང་གྱི་ཁྱད་པར་ཆེན་པོ་བདུན་གྱི་སྒོ་ནས་འཇོག་དགོས། ཡང་བཀའ་ལ་བདག་རྐྱེན་གྱིས་སྒོ་ནས། ཞལ་ནས་གསུངས་པའི་བཀའ་དང༌། བྱིན་གྱིས་རླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་གསུམ་དུ་འབྱེད་དེ། ཞལ་ནས་གསུངས་པའི་བཀའ་ནི་བཅོམ་ལྡན་འདས་སྐུ་དངོས་ཀྱི་ཞལ་ནས་གསུངས་པ་མདོ་སྡེ་ས་བཅུ་པ་ལྟ་བུ། བྱིན་གྱིས་རླབས་པའི་བཀའ་ནི་སངས་རྒྱས་རང་ཉིད་ཀྱི་ཞལ་ནས་མ་གསུངས་ཀྱང་རང་ཉིད་ཀྱིས་བྱིན་གྱིས་རླབས་པའི་མཐུ་ལ་རྟེན་ནས་སེམས་ལྡན་གྱི་གང་ཟག་སྐྱེ་བོ་ཕལ་པ་དང་སེམས་མེད་ཀྱི་བྱུང་བ་འརྩི་ཤིང་རི་བྲག་ལྟ་བུ་ལས་ཀྱང་དོན་སྙིང་ལྡན་པའི་ཆོས་ཀྱི་སྡོམ་ཆེན་པོ་དེ་འདྲ་གསུངས་པའི་རིགས་པ་ཟེར། དེ་ལ་ཡང་ནང་གསེས་ཕྱེ་ན། ཤེས་རབ་སྙིང་པོ་ལྟ་བུ་ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་བཀའ་དང་གནོད་སྦྱིན་སོགས་སྐྱེ་བོ་ཕལ་བ་དེ་དག་གི་ངག་ནས་སྔགས་སྨྲས་པ་ལྟ་བུ། ཐུགས་སྙིང་རྗེས་བྱིན་གྱིས་བརླབས་པའི་བཀའ་ལྷའི་རྔ་བོ་ཆེ་དང་ལྗོན་ཤིང་རླུང་གིས་བསྐུལ་བ་ལས་ཆོས་ཀྱི་སྡོམ་བཞི་བསྟན་པ་ལྟ་བུ་ཐུགས་ བྱིན་གྱིས་བརླབས་པའི་བཀའ་ཡིན། རྗེས་སུ་གནང་བའི་བཀའ་ནི་སངས་རྒྱས་རང་ཉིད་ཞལ་བཞུགས་པའི་སྐབས། རྗེས་ནས་བཀའ་བསྡུ་བའི་སྐབས། བཀའ་དེ་ཉིད་གང་དུ་གནང་བའི་ས་གནས་དང་གང་ལ་གནང་བའི་གདུལ་བྱ། ཇི་ལྟར་གནང་བའི་ཚུལ། གནང་བའི་རྗེས་སུ་མངོན་པའི་བསྟོད་ཚུལ་བཅས་བསྟན་པའི་ཆེད། དེ་སྐད་བདག་གིས་ཐོས་པ་དུས་གཅིག་ན་སོགས་ལྟ་བུ་རྣམས་ཡིན།།
བཀའ་ལ་སྡེ་སྣོད་གསུམ་དུ་ཕྱེ་ཚུལ།
བདེ་གཤེགས་པའི་གསུང་རབ་ཡོངས་རྫོགས་བསྡུས་ཤིང་བསྡུར་ཏེ་བསྡོམས་ན། སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་དང་། དེ་ཡང་བསྡུ་ན་གསུང་རབ་ཡན་ལག་དགུ དེ་ཡང་བསྡུ་ན་སྡེ་སྣོད་གསུམ་དུ་འདུས་པས་སོ། །དེ་ལ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུ་ཚུལ་ཇི་ལྟར་ཡིན་ཞེ་ན། མདོ་སྡེ། དབྱངས་སྙན། ལུང་བསྟན། ཚིག་བཅད། ཆེད་བརྗོད་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དུ་འདུ། གླིང་གཞི་དང་། རྟོག་པ་བརྗོད་པ། དེ་ལྟར་བྱུང་བ་གསུམ་ནི་འདུལ་བའི་སྡེ་སྣོད་དུ་འདུ། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་སྡེ་གཉིས་ནི་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད་དུ་འདུ། གཏན་ལ་དབབ་པའི་སྡེ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་འདུ་བ་ཡིན་ནོ། ། སྡེ་སྣོད་ཀྱི་སྐད་དོད་ནི། ལེགས་སྦྱར་གྱི་སྐད་དུ་པིཊཀ་ཞེས་འབྱུང་ཞིང་། དེ་ཉིད་བོད་སྐད་དུ་བསྒྱུར་ན་གོང་བུ་དང་བསྡུས་པ་སོགས་ལ་འཇུག་པས། དོན་མང་པོ་བརྗོད་བྱར་བསྡུས་པའམ་ཤེས་བྱ་བསླབ་པ་བྱ་བ་ཀུན་བརྗོད་བྱར་བསྡུས་པས་སྡེ་སྣོད་ཅེས་བརྗོད་དོ། །ཡང་པིཊཀ་ཞེས་པ་རྒྱ་གར་ཀྱི་ཡུལ་དབུས་མགདྷའི་བྲེ་བོ་ཆེའི་མིང་ཡིན་ཞིང་། བྲེ་བོ་ཆེ་དེའི་ནང་དུ་བྲེ་ཆེ་དེའི་ནང་དུ་བྲེ་ཆུང་མང་པོ་འདུས་པ་བཞིན། སྡེ་སྣོད་རིན་པོ་ཆེ་འདི་དག་གི་ནང་དུ་བསླབ་པར་བྱ་བའི་བརྗོད་བྱ་མང་པོ་འདུས་པས་ན་སྡེ་སྣོད་ཅེས་བརྗོད་དོ།། དེ་ཡང་སྡེ་ཞེས་པ་ནི་སྡེ་ཚན་གྱི་བསྡུས་མིང་སྟེ། སངས་རྒྱས་ཀྱི་གསུང་རབ་ཡོངས་རྫོགས་བརྗོད་གཞིའི་སྒོ་ནས་སྡེ་ཚན་དུ་མར་འབྱེད་པས་ན། སྡེ་དང་སྣོད་ནི་གྲོ་ནས་སྲན་མའི་འབྲུ་རིག་སོགས་གང་དུ་བླུགས་པའི་སྣོད་དང་དྲ་བར་སྡེ་ཚན་དུ་མར་འབྱེད་པའི་སངས་རྒྱས་ཀྱི་གསུང་རབ་རྣམས་འཇུག་སའི་སྣོད་དང་འདྲ་བས་སྣོད་ཅེས་བཏགས་ཏེ། དེ་གཉིས་ཚིག་སྡུད་བྱས་པས་སྡེ་སྣོད་ཅེས་པ་ནི་གྲུབ་པ་ཡིན་ནོ།། འོ་ན་སངས་རྒྱས་ཀྱི་གསུང་རབ་ཡོངས་རྫོགས་སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ཇི་ལྟར་ཡིན་སྙམ་ན། རྒྱུ་མཚན་དགུ་ལ་བརྟེན་ནས་བཞག་པ་སྟེ། སྤང་བྱ་ལ་བལྟོས་ཏེ་གསུམ། བླང་བྱ་ལ་བལྟོས་ཏེ་གསུམ། ཤེས་བྱ་ལ་བལྟོས་ཏེ་གསུམ་གྱི་སྒོ་ནས་འཇོག་པས་སོ། དེ་དག་རིམ་པར་བཞིན་སྤང་བྱ་ལ་བལྟོས་ཏེ་སྡེ་སྣོད་གསུམ་འཇོག་ཚུལ་ནི། ཐེ་ཚོམ་ཀྱི་གཉེན་པོར་མདོ་སྡེའི་སྡེ་སྣོད་བཞག་པ་ཡིན་ཏེ། གདུལ་བྱས་དཀོན་མཆོག་དང་ལས་འབྲས་བདེན་བཞི་སོགས་ལ་ཐེ་ཚོམ་གཅད་པའི་ཆེད་དུ་མདོ་སྟེ་གསུངས་པར་བཤད་པའི་ཕྱིར། འདོད་པའི་ཆོག་མི་ཤེས་པའི་གཉེན་པོར་འདུལ་བར་འཇོག་སྟེ། འདོད་པ་བསོད་སྙོམས་ཀྱི་མཐའ་མ་བཀག་ན་ཁང་ཁྱིམ་ཟས་གོས་རྒྱ་ཡན་དུ་ཤོར་བས་འདོད་པ་དག་སྤོང་བའི་ཆེད་དུ་འདུལ་བའི་སྡེ་སྣོད་གསུངས་པ་བཤད་པའི་ཕྱིར། ལྟ་བ་མཆོག་འཛིན་གྱི་ཉོན་མོངས་པའི་གཉེན་པོར་མངོན་པའི་སྡེ་སྣོད་བཞག་པ་ཡིན་ཏེ། སྡེ་སྣོད་དེར་ཆོས་རྣམས་ཀྱི་ངོ་བོ་དང་གནས་ལུགས་རབ་ཏུ་བསྟན་པའི་ཕྱིར། བླང་བྱའི་སྒོ་ནས་སྡེ་སྣོད་གསུམ་དུ་འཇོག་ཚུལ་ནི། བླང་བྱའི་བསླབ་པ་གསུམ་བརྗོད་པའི་ཆེད་དུ་མདོ་སྡེ་གསུངས་སྟེ། དེ་ཉིད་ལས་བསླབ་པ་གསུམ་རྒྱས་པར་བརྗོད་པས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་བསླབ་བསྒྲུབ་པའི་ཕྱིར་གདུལ་བའི་སྡེ་སྣོད་གསུངས་སྟེ། སོར་ཐར་སྡོམ་པའི་བསླབ་པ་ལ་བརྟེན་ནས་ཚུལ་ཁྲིམས་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར། བླང་བྱ་ཤེས་རབ་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་མངོན་པའི་སྡེ་སྣོད་གསུངས་པ་ཡིན་ཏེ། སྡེ་སྣོད་དེར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཐབས་རྒྱ་ཆེར་བསྟན་པའི་ཕྱིར། ཤེས་བྱ་ལ་བལྟོས་ནས་སྡེ་སྣོད་གསུམ་འཇོག་ཚུལ་ནི། ཆོས་དང་དོན་བརྗོད་པའི་ཆེད་དུ་མདོ་སྡེ་སྣོད་གསུངས་པ་ཡིན་ཏེ། དེས་ཚིག་དོན་ལ་བྱང་པར་བྱེད་པའི་ཕྱིར། ཚིག་དོན་མངོན་དུ་བྱ་བའི་ཕྱིར་འདུལ་བའི་སྡེ་སྣོད་གསུངས་པ་ཡིན་ཏེ། དེ་ལ་བརྟེན་ནས་ཉོན་མོངས་པ་འདུལ་བ་ཆོས་དང་དོན་མངོན་དུ་བྱེད་པའི་ཕྱིར། རང་སྤྱིའི་མཚན་ཉིད་ལ་སོགས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ལ་བྱང་བའི་ཆེད་དུ་མངོན་པའི་སྡེ་སྣོད་གསུངས་པ་ཡིན་ཏེ། མངོན་པར་བརྟེན་ནས་ཕན་ཚུན་འབེལ་བའི་གཏམ་གྱིས་གཏན་ལ་དབབ་བར་བྱ་བའི་ཆོས་གཏན་ལ་འབེབས་པར་བྱེད་པའི་ཕྱིར། དོན་འདི་དག་ལ་དགོངས་ནས་རྒྱལ་བ་མ་ཕམ་པ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མོ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རོགས་དང་ཞི་བ་དང། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་གསུངས་སོ། །
སྡེ་སྣོད་གསུམ་སོ་སོའི་ངེས་ཚིག མདོ་སྡེ་རྒྱན་ལས། མདོ་དང་ཆོས་མངོན་འདུས་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པར་ཐམས་ཅད་མཁྱེན་པ་ཐོབ། །ཞེས་གསུངས་པ་ལྟར། སྡེ་སྣོད་སོ་སོའི་སྒྲ་དོན་ནི། མདོའི་སྐད་དོད་ལ་ལེགས་སྦྱར་སྐད་དུ་སཱུཏྲ་ཞེས་བྱ་ཞིང་། དོན་ནི། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྒྲོལ་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟར། གནས་དང་། མཚན་ཉིད། ཆོས་ཀྱི་ཚིག་དོན་སྨོས་པས་མདོའི་དེ་འདྲའི་ཚོགས་སུ་གྱུར་པའི་སྡེ་ཡིན་པས་མདོ་སྡེ་ཞེས་བྱའོ། མངོན་པ་ནི་ལེགས་སྦྱར་དུ། ཨབྷི་ཞེས་བྱ་སྟེ། དོན་ནི། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར། དེ་ཁོ་ན་ཉིད་མངོན་དུ་གྱུར་པ་དང། དེའི་དོན་སྨྲ་བས་གཞན་ཟིལ་གྱིས་གནོན་པ། ཀུན་རྫོབ་དང་དོན་དམ། རྫས་ཡོད་དང་བཏགས་ཡོད་སོགས་ཀྱི་ངོ་བོ་མངོན་པར་རྟོགས་པ་དང་ལྡན་པའི་སྡེ་ཚན་ཡིན་པས་མངོན་པའི་སྡེ་སྣོད་ཅེས་བྱའོ། འདུལ་བ་ནི་ལེགས་སྦྱར་སྐད་དུ་བིནཡ་ཞེས་བྱ་ཞིང། དོན་ནི། ལྟུང་དང་འབྱུང་དང་ལྡང་པ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཞེས་པ་ལྟར་རྣམ་པར་ལྟུང་བ་དང་། འབྱུང་བ་དང། ལྡང་བ་དང་། ངེས་པར་འབྱུང་བ་དང་། གང་ཟག་དང་། བཅས་པ་དང་། རབ་དབྱེ་བཅས་རྣམ་པར་ངེས་པ་བྱེད་པས་འདུལ་བའི་སྡེ་ཚན་ཡིན་པས་འདུལ་བའི་སྡེ་སྣོད་ཅེས་བྱའོ།།
བཀའ་སྡེ་སྣོད་གསུམ་གསུངས་པའི་དགོས་པ།
ཆོས་མངོན་པར་མཛོད་ལས། །སྤྱོད་པ་ཀུན་གྱི་གཉེར་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པ་ལྟར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་ཡིན་ལ། ཉོན་མོངས་དེ་དག་གང་ལས་བྱུང་བ་ཡང་། ཆོས་ཀྱི་གྲགས་པས། དེ་མ་རིག་སྟེ་དེ་ལ་ཆགས། །དེ་ལས་ཆགས་སྡང་ལ་སོགས་འབྱུང་། །ཞེས་གསུངས་པ་ལྟར་རྩ་བ་གཏི་མུག་མ་རིག་པ་དང་། དེས་སྐྱེད་པའི་ཆགས་སྡང་གཉིས་ཏེ་དུག་གསུམ་ཁོ་ན་ལ་བརྟེན་ནས་བྱུང་བས། དེའི་གཉེན་པོར་སྡེ་སྣོད་གསུམ་གསུངས་པ་ཡིན་པའི་ཕྱིར་ཏེ། གཙོ་བོ་འདོད་ཆགས་ཀྱི་གཉེན་པོར་འདུལ་བ་དང་། ཞེ་སྡང་གི་གཉེན་པོར་མདོ་སྡེ། གཏི་མུག་གི་གཉེན་པོར་མངོན་པ་གསུངས་པའི་ཕྱིར། དེ་ཡང་མཐར་གཏུགས་ན་འདུལ་བྱ་སེམས་ཅན་གྱི་རྒྱུད་ཀྱི་ལུས་གང་ཡིད་གསུམ་ལས་ཡིད་དམ་སེམས་འདུལ་བ་ཁོ་ནའི་ཆེད་དུ། སྟོན་པས་ཆོས་ཀྱི་ཕུང་པོ་མཐའ་དག་གསུངས་པ་ཡིན་ཏེ། སྟོན་པ་རང་ཉིད་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པའི་མཐའ་སྡོམ་ལྟ་བུར། སྡིག་པ་ཅི་ཡང་བྱ་མི་རུང་བ་དང་། དགེ་བ་ཕུན་སུམ་ཚོགས་པ་སྤྱོད་དགོས་པའི་བླང་བྱ་བསྟན་རྗེས། སྡིག་པ་ཇི་ལྟར་མི་བྱ་བའི་ཚུལ་དང་། དགེ་བ་ཕུན་སུམ་ཚོགས་པ་ཇི་ལྟར་བྱེད་ཚུལ་བསྟན་པའི་ཆེད་དུ། གང་ཟག་རང་རང་གི་སེམས་ལ་སྦྱར་ཏེ་ཤིན་ཏུ་དོ་ནན་པོའི་སྒོ་ནས་སེམས་འདི་ཉིད་ཡོངས་སུ་འདུལ་བ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ཞེས་གསུངས་སྟེ། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱོད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འབྱུང་བས་སོ།། གནད་འདི་དང་འབྲེལ་ནས། ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་པའི་རང་སྡེ་མཁས་པ་ཚོས། བདག་ཉིད་བདག་གི་མགོན་ཡིན་ཏེ།། བདག་ཉིད་བདག་གི་དགྲ་ཡང་ཡིན། །ཞེས་དང་། སེམས་འདུལ་བ་ནི་དགེ་བ་ཡིན།།ཞེས་པ་རྣམས་ཁོག་གཅིག་ཏུ་བསྒྲིལ་ཏེ། སེམས་འདུལ་བ་ཁོ་ན་དགེ་བ་དང་སེམས་མ་འདུལ་བ་མི་དགེ་བར་འཇོག་པ་ཡང་ཉམས་སུ་ལེན་པའི་གནད་དང་ཤིན་ཏུ་འབྲེལ་སྣང་སྟེ། བཀའ་གདམས་གཞུང་པའི་དགེ་བཤེས་པོ་ཏོ་བས། བེའུ་བུམ་སྔོན་པོར། བཀའ་དང་བསྟན་བཅོས་གསུངས་པ་ཐམས་ཅད་ཀྱང་།། སེམས་བརྒྱུད་འདུལ་བའི་སླད་དུ་གསུངས་པ་ཡིན། །སེམས་མ་འདུལ་ན་ལུས་ངག་དགེ་སྦྱོང་གིས། །བསྐལ་པར་སྒྲུབ་ཀྱང་ཐར་པའི་རྒྱུར་མིའགྱུར། །ཞེས་པ་འདི་ལས་ཁ་གསལ་བ་ཅི་ཞིག་དགོས། གནད་འདི་ལ་དགོངས་ནས་རྗེ་ཙོང་ཁ་པ་ཆེན་པོས་ཀྱང་། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། ཞེས་དབྱངས་ཨ་ངེས་པའི་སྙན་ངག་སྒྲ་རྒྱན་གྱི་སྒོ་ནས། ས་ལམ་ཉམས་རྟོགས་དང་བདེ་སྡུག་སྙོགས་འཛིང་ཐམས་ཅད་བསམ་པའམ་སེམས་ཁོ་ན་ལ་རགས་ལས་པ་གསུངས་སོ། ། དེས་ན་བདེ་བར་གཤེགས་པའི་བཀའ་སྡེ་སྣོད་གསུམ་པོ། དུས་དང་དབང་པོས་གང་ཞིག་ནུས་པ་དང་ལྕོགས་པའི་ཚོད་ཀྱིས་སྔོན་དུ་ཐོས་པ་རྒྱ་ཆེར་བསགས་དགོས་ཏེ། ཚིགས་སུ་བཅད་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང། །ཐོས་པས་བདུད་ལས་བཟློག་པར་འགྱུར། །ཐོས་པས་མྱ་ངན་འདས་པའང་ཐོབ། །ཅེས་དང་། བཀའ་གདམས་གོང་མ་ཚོས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཅེས་དང་། ཇོ་བོའི་ཞལ་གདམས་ལས། སངས་རྒྱས་མ་ཐོབ་བར་དུ་ཐོས་པ་དགོས་པས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན། །ཞེས་དང་རྗེ་ཙོང་ཁ་པས། དང་པོ་རྒྱ་ཆེར་ཐོས་པས་མང་དུ་བཙལ། །ཞེས་བཀའ་སྡེ་སྣོད་ཀྱི་དོན་ཐོས་པས་མཐའ་རྒྱ་གཅོད་པ་གལ་ཆེ་བ་དང་། གང་གི་མདུན་ནས་དུས་ནམ་ཞིག་ལ་ཐོས་པ་ཇི་ལྟར་འཚོལ་དགོས་པའི་གནད་རྣམས་ཤེས་ནས་རྒྱ་ཆེ་ཐོས་པ་བཙལ་བར་འབད་པར་རིགས་སོ། ། དེ་ལྟར་མོད་ཀྱང་བདེ་བར་གཤེགས་པས་སེམས་རྒྱུད་འདུལ་ཐབས་ཁོ་ནར་གསུང་པའི་བཀའ་སྡེ་སྣོད་གསུམ་པོ། མིག་སྨན་མིག་ཐོག་ཏུ་བབ་པ་བཞིན། སེམས་རྒྱུད་དུ་བབས་ནས། འདུལ་བྱེད་སྡེ་སྣོད་གསུམ་དང་གདུལ་བྱ་སེམས་ཀྱི་དབར་ཕན་ཚུན་མ་འབྲེལ་བར་འདུལ་བའི་སྐབས་མེད་པས། དེ་དག་ཕན་ཚུན་འབྲེལ་བའི་ཐབས་ལམ་ཉག་གཅིག་ནི། ཐོས་དོན་རྒྱུད་ལ་སྦྱར་བ་ཁོ་ན་ཡིན་ཏེ། སེམས་རྒྱུད་ལ་མ་སྦྱར་བའི་ཐོས་པ་ཇི་ཙམ་རྒྱ་ཆེ་ནའང་རང་རྒྱུད་ཀྱི་ཉོན་མོངས་འདུལ་རྒྱུའི་ཚབ་ཏུ་དེ་ལས་ལྡོག་སྟེ་ཐོས་དྲེགས་ཀྱི་ང་རྒྱལ་འཕེལ་བའི་རྒྱུའང་འགྱུར་ཉེན་ཡོད་པའི་ཕྱིར། དེ་བས་ན། མདོ་ལས། བུ་རམ་ཤིང་ཤིན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཅེས་དང་། ཇོ་བོའི་ཞལ་གདམས་ལས། ཐོས་པ་མང་ཞིང་སྒོམ་པ་ཉུང་བ་ཆོས་དྲེགས་འགྲོ་བའི་རྒྱུ་ཉིད་ཡིན་པས་སྒོམ་ལ་འབད། །ཅེས་དང་། རྗེ་ཙོང་ཁ་པས་ཀྱང་། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཞེས་བཀའ་སྡེ་སྣོད་ཀྱི་གཞུང་ལ་ཐོས་པ་རྒྱུ་ཆེར་བསགས་རྗེས་ཇི་ལྟར་བྱེད་དགོས་པའི་རིམ་པ་ཡང་སྔོན་བྱོན་མཁས་པའི་ཞལ་གདམས་དག་ལས་གསལ་བར་བསྟན་པ་ལྟར་ཤེས་ནས་ལག་ལེན་ལ་ཐེབས་པ་གལ་ཆེ་བ་སེམས་སོ། ། བདེ་གཤེགས་གསུང་གི་ཞལ་ཆབ་འཐོར་བའི་ཆུ། ། ཆོས་ཀྱི་འཁོར་ལོར་འཁྱིལ་བའི་སྡེ་སྣོད་མཚོ། ། དཔྱད་གསུམ་དག་པའི་རླབས་ཀྱི་རྩེད་འཇོ་ཅན། ། བསླབ་གསུམ་ནོར་བུས་གཏམས་པའི་གཏེར་དུ་མཛེས། །
མང་ཐོས་ལི་ཤི་ཟོས་པའི་ལེགས་བཤད་དྲི། ། འཐུལ་ཡང་ཉམས་ལེན་ཀྱོ་བ་མི་ལྡན་པས། ། མ་དུལ་སྨྱུག་རྩེའི་སྣ་ཡིས་གསུང་རབ་རྫིང་། ། གལ་ཏེ་སྙོག་ན་ཁོ་བོས་སྙིང་ནས་འཆགས། །འདི་བྱས་དགེ་ལེགས་ཀུ་ཤ་གཡོ་བའི་རྩེར།། མངོན་ཆགས་དྭངས་གཙང་ཐིགས་པའི་མུ་ཏིག་ཕྲེང་།། བྱང་ཆེན་རྒྱ་མཚོའི་ཆུ་དང་ཉེར་འགྲོགས་ནས།། ཕན་བདེའི་རླབས་ཀྱི་རྩེད་འཇོ་དགོད་གྱུར་ཅིག།
ཅེས་བདེ་བར་གཤེགས་པའི་བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རགས་བསྡུས་འདི་ནི། ཝཱ་ཎའི་མཐོ་སློབ་ཀྱི་དོན་གཉེར་ཅན་གྱི་སློབ་མ་འགའ་ཞིག་གིས་དུས་དེབ་དུ་འགོད་རྒྱུར་ཇི་ལྟར་རྩོམ་སྐུལ་གནང་བ་ལྟར། དང་བ་ཆེན་པོས་དཀྱིལ་ཤར་ཨི་ཤར་ཨ་ནས་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་ནུབ་གླིང་བྱང་ཨ་རིའི་ཉེ་འགྲམ། དམངས་སྡེ་ཆིལ་སྒྲིལ་གྱི་སྟོབས་ཆེན་རྒྱལ་ཁབ་ཁ་ན་ཊའི་གྲོང་ཁྱེར་ཆེན་པོ་སྦེ་གོ་ཨ་ཀོ་ལོ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་པོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་བསྐྱོད་སྐབས་མགོ་འཛུགས་བྱས་ཀྱང་། གསུང་རབ་སེམས་ལ་སྦྱོར་བའི་ཉམས་ལེན་མེད་ཁར་སྤྱི་སྒེར་གྱི་ལས་སྙོག་དུ་མས་ཟླ་ཤས་ལུས་མཐར། སླར་རབ་རྒྱལ་ལྕགས་སྟག་(སྤྱི་ལོ་ ༢༠༡༠/༡༠/༣༠/)ལོའི་ལྷ་བབ་དུས་ཆེན་དུ་མཇུག་རྫོགས་པར་བྱས་པ་དགེ་ལེགས་འཕེལ།། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།