ཡོན་ཏན་ཀུན་ལྡན་གྱི་མཛེས་མ།

   
སོད་ཚོང་བུ་མོ་ཞིག་ལ་ཕུལ།

རྩོམ་པ་པོ། ཟླ་བའི་གཉེན།

སྣང་འགྲོ་མཛེས་མའི་ལུས་ཀྱི་འཁྲི་ཤིང་ལས།།
ནག་ཅིང་གཡོལ་བའི་སྐྲ་ལོ་ཞགས་པའི་འཕྲུལ།།
བདག་སེམས་རྟ་མཆོག་དབང་པོ་འགྲོས་ལྡན་ཅན།།
ཁྱོད་ཀྱི་ཕྱོགས་སུ་ནམ་ཁྲིད་ངས་མ་ཤེས།།
 
བཀྲ་བའི་མིག་ཟུང་ཕྲ་མོ་ཆགས་ལྡན་དེ།།
བདག་གི་ཕྱོགས་སུ་འཕེན་ཐེངས་རེ་རེ་ལ།།
འདོད་པའི་རྒྱ་སེར་དམར་པོ་རབ་མཛེས་དེ།།
གསང་བའི་ཡིད་ཀྱི་མཁའ་ནས་ཁྱོད་ལ་གཏོར།།
 
ལྐོག་གྱུར་སེམས་ཀྱི་སྙིང་གཏམ་རི་མོ་དེ།།
རྒྱ་མཚོའི་རླབས་ཀྱི་གཉེར་མ་འདྲ་ན་ཡང་།།
འཆད་པའི་སྤོབས་པ་མེད་པའི་བློ་ཆུང་ངས།།
སེམས་ཀྱི་བྱེ་མའི་རི་ལ་འཐིམ་དུ་བཅུག །

དེ་ལྟར་གསང་བའི་ཡུལ་གྱི་བརྩེ་དུང་དེ།།
བཤད་པ་མ་ནུས་ཡུན་རིང་སྦས་པ་ན།།
ལུས་སེམས་གཅོང་ནད་ཕོག་པའི་རྒྱུ་ཤེས་ནས།།
བློ་སྟོབས་བསྐྱར་དུ་བསྐྲུན་པའི་བུ་ཆུང་ངས།།

གསང་བའི་སྒོ་ལྕགས་དམ་པོ་ཕྱེ་བྱས་ནས།།
དུང་བའི་སེམས་ཀྱི་རི་མོ་མཛེས་མར་ཕུལ།།
ཡིད་དབང་འཕྲོག་པའི་མཛེས་མའི་ཕོ་བྲང་དུ།།
བུ་ཆུང་དགའ་བསུ་གནང་བའི་རྟེན་འབྲེལ་ལ།།

འཇམ་པའི་ཕྱག་མཛུབ་དཀར་པོ་བརྐྱངས་བྱས་ནས།།
བདེ་འབྱུང་ཕུར་བུ་ཡང་ཡང་དྲངས་པ་དང་།།
མཛེས་མའི་འདོད་པའི་སྒྱུ་རྩལ་ངོམ་བྱས་ནས།།
དགའ་བསུ་ལེན་མང་གནང་བར་ཨེ་མ་སྐྱིད།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*