ད
དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩས་གོ་སྒྲིག་འོག་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭར་ཚོགས་པའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་སྤྱི་ལོ་ 2019 ཟླ་བ་ 3 ཚེས་ 31 སྟེ་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་འཁྲུངས་ཚེས་ཉིན་དབུ་འཛུགས་ཀྱིས་དེ་རིང་སྟེ་སྤྱི་ལོ་ 2019 ཟླ་བ་ 4 ཚེས་ 14 ཉིན་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཚད་མ་རིག་པ་ནི་གསུང་རབ་ཀུན་ལ་ལྟ་བའི་མིག་ལྟ་བུར་གྱུར་པ་ཡིན་སྟབས་བོད་ཀྱི་ཆོས་བརྒྱུད་སོ་སོས་ཚད་མའི་གཞུང་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཆོས་ཐོག་ཚོགས་སྲོལ་ཡོད་པ་བཞིན། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ལ་ཡང་དེ་སྔོན་བོད་དུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་སོགས་སུ་དབྱར་ཆོས་དང་དགུན་ཆོས། དཔྱིད་ཆོས་ཞེས་ཚོགས་པའི་སྲོལ་བྱུང་ཞིང། བྱེས་སུ་དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཡབ་སྲས་རྣམ་པའི་ལམ་སྟོན་འོག་སྔ་ཕྱིར་ས་སྐྱའི་བཤད་གྲྭ་ཁག་མཉམ་འཛོམས་ཀྱིས་རིགས་གཏེར་དགུན་ཆོས་ཐེངས་ལྔ་ཙམ་ཚོགས་པ་དང།
སྤྱི་ལོ་ 2014 ལོར་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་བཙུགས་ནས། རིགས་གཏེར་དཔྱིད་ཆོས་གོ་སྒྲིག་བྱ་རྒྱུ་ཐེབས་རྩའི་ལས་འཆར་གྱི་ཁོངས་སུ་བཀོད། སྤྱི་ལོ་ 2015 ལོར་༸སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཀྱིས་ས་སྐྱའི་བཤད་གྲྭ་ཁག་གི་མཁན་པོ་ལྷན་འཛོམས་ཀྱིས་ཚོགས་འདུ་ཐེངས་གཉིས་ཚོགས་ནས་རིགས་གཏེར་དཔྱིད་ཆོས་ཆེན་མོའི་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་། སྤྱི་ལོ་ 2016 ལོ་ནས་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩའི་གོ་སྒྲིག་འོག་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་ས་སྐྱའི་བཤད་གྲྭ་རྣམས་ལ་རིས་མོས་ཀྱིས་ཚོགས་ཏེ། ད་བར་སྤྱི་ལོ་ 2016 ལོར་རྫོང་སར་བཤད་གྲྭ། 2017 ལོར་མ་དགོན་བཤད་གྲྭ། 2018 ལོར་ས་སྐྱ་མཐོ་རིམ་སློབ་གྲྭ་བཅས་སུ་ཚོགས་ཡོད་པ་དང། ད་ལོ་སྟེ་སྤྱི་ལོ་ 2019 ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཚོགས་ཡོད།
དེ་སྔོན་དགུན་ཁའི་དུས་སུ་འཚོགས་ཀྱི་ཡོད་སྟབས་རིགས་གཏེར་དགུན་ཆོས་ཞེས་འབོད་ཀྱི་ཡོད་ཀྱང་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཡིས་གོ་སྒྲིག་གནང་ནས་བཟུང་དཔྱིད་དུས་སུ་ཚོགས་ཀྱི་ཡོད་སྟབས་རིགས་གཏེར་དཔྱིད་ཆོས་ཞེས་འབོད།
འདི་ལོའི་རིགས་གཏེར་དཔྱིད་ཆོས་ཆེན་མོར་ས་སྐྱ་མཐོ་སློབ་དང་། རྫོང་གསར་བཤད་གྲྭ། མ་དགོན་བཤད་གྲྭ། རྒྱུད་ཀྱི་བཤད་གྲྭ། གོང་དཀར་ཆོས་སྡེ། པད་མ་ཚལ་གཙུག་ལག་སློབ་གཉེར་ཁང་། རིམ་འབིག་གཙུག་ལག་སློབ་གཉེར་ཁང་། སྤྱི་ཏི་ཨེ་ཝཾ་བཤད་སྒྲུབ་ཆོས་འཁོར་གླིང་། འབྲི་རུ་དགོན་བཅས་མཉམ་ཞུགས་གནང།
རིགས་གཏེར་དཔྱིད་ཆོས་སྐབས་སྔར་རྒྱུན་བཞིན་འཇམ་མགོན་ས་སྐྱ་པཎྜིཏ་ཆེན་པོས་མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པའི་གཞུང་<<ཚད་མ་རིགས་གཏེར་>>འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚད་མ་རིག་པ་སྤྱི་དང་རིགས་གཏེར་གྱི་གཞུང་ལ་སློབ་གཉེར་གནང་ཡོད་ཅིང། དེ་ཡང་ཉིན་ལྟར་ཞོགས་པ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོ་བསམ་འགྲུབ་མཆོག་གིས་དཔེ་འཁྲིད་གནང། དཔེ་ཁྲིད་གྲོལ་ནས་རང་སྦྱོང་དང་ནང་ཁུལ་བགྲོ་གླེང། ཕྱི་དྲོ་རྩོད་པ་དང་མཚན་མོ་དམ་བཅའ་ཆེན་མོ་བཅས་ཚོགས་ཡོད་པ་དང། རིགས་གཏེར་དཔྱིད་ཆོས་ཀྱི་ཉིན་བདུན་པར་བཤད་གྲྭ་ནང་ཁུལ་གྱི་བགྲོ་གླེང་དང་ཉིན་མཐའ་མ་གཉིས་ལ་རིས་མེད་མཁས་པའི་བགྲོ་གླེང་ཚོགས་ཡོད་པ་རེད།
རིགས་གཏེར་དཔྱིད་ཆོས་ཉིན་མཐའ་མ་གཉིས་ཏེ་སྤྱི་ལོ་ 2019 ཟླ་བ་ 4 ཚེས་ 13 དང་ 14 ཉིན་གཉིས་ལ་རིས་མེད་མཁས་པའི་བགྲོ་གླེང་ཚོགས་ཡོད། དེ་ཡང་ཚེས་ 13 ཉིན་གྱི་ཞོགས་པ་བགྲོ་གླེང་གི་ཚོགས་མགོན་དུ་དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་རྣམ་གཉིས་བགྲོ་གླེང་གི་དབུ་བཞུགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང། དེ་བཞིན་གློ་བོ་ཞབས་དྲུང་རིན་པོ་ཆེ་མཆོག མཁན་ཆེན་འཇམ་དབྱངས་བློ་གསལ་དང་མཁན་ཆེན་ལུང་རིགས་སེངྒེ་རྣམ་གཉིས་ཀྱིས་དབུས་པའི་མཁན་པོ་དང་དགེ་རྒན་དང་སྤྲུལ་སྐུ་རྣམ་པ། ཆོས་བརྒྱུད་ཁག་གི་གདན་ཞུས་མཁས་དབང་རྣམ་པ། ཕྱོགས་མཐའ་ཁག་ནས་རིགས་གཏེར་དཔྱིད་ཆོས་ལ་ཕེབས་པའི་སློབ་གཉེར་བ་དང་རྫོང་སར་བཤད་གྲྭའི་འདུས་མང་ཡོངས་བཅས་མཉམ་འཛོམས་ཐོག ཐོག་མར་གདུང་སྲས་རྣམ་པ་གཉིས་ནས་སྣང་གསལ་མར་མེ་ཞལ་འབྱེད་མཛད། དེ་རྗེས་སྨོན་ལམ་རྒྱུན་ལས་དྲུང་གཞོན་རྒན་འཇམ་དཔལ་དགའ་བ་མཆོག་གིས་བྱོན་པ་ལེགས་གསོལ་དང་འབྲེལ་བགྲོ་གླེང་གི་བརྒྱུད་རིམ་དང་གདན་ཞུས་མཁས་དབང་རྣམ་པ་མཚམས་སྦྱོར་ངོ་སྤྲོད་གནང།
དེ་ནས་རིམ་བཞིན་ད་ལོའི་རིས་མེད་མཁས་པའི་བགྲོ་གླེང་གི་བརྗོད་གཞི་གཞུང་བཀའ་པོད་ལྔ་ལས་ཕར་ཕྱིན་གྱི་ཐོག་ལ་ཡིན་པ་བཞིན། རིས་མེད་མཁས་དབང་རྣམ་པས་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་<<ཤེར་ཕྱིན་མངོན་རྟོགས་རྒྱན་>>དང་འབྲེལ་ནས་དཔྱད་རྩོམ་བྲིས་པ་ཁག་སྒྲོག་སྦྱང་དང་དྲི་བ་དྲིས་ལན་ལྷུག་པོའི་ངང་བགྲོ་གླེང་ཉིན་གཉིས་ཀྱི་རིང་ལ་ཚོགས་ཡོད་པ་དང། ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་ལ་བཀའ་བརྒྱུད་ཕྱོགས་ཀྱི་གདན་ཞུས་མཁས་པ་སྙུང་གཞིའི་དབང་གིས་ཕེབས་མ་ཐུབ་པ་ཕུད། སྔ་འགྱུར་རྙིང་མ་དང། དཔལ་ལྡན་ས་སྐྱ། རི་བོ་དགེ་ལྡན། གཡུང་དྲུང་བོན་བཅས་ནས་གདན་ཞུས་བགྲོ་གླེང་པ་མཁན་པོ་དང་དགེ་བཤེས་དགུ་ཕེབས་ཡོད་པ་རེད།
ཉིན་གཉིས་པར་བགྲོ་གླེང་གི་མཇུག་ཏུ་རྫོང་སར་བཤད་གྲྭའི་སློབ་ཐོན་པ་ངག་དབང་བཀྲ་ཤིས་སམ་འདན་མའི་ལྷ་མདའ་ལགས་ཀྱིས་བརྩམས་གནང་བའི་བརྡ་སྤྲོད་དཔྱད་རྩོམ་ཕྱོགས་བསྒྲིགས་<<བོད་ཀྱི་བརྡ་སྤྲོད་སྨྲ་བའི་རྒྱན>>ཞེས་པ་༸སྐྱབས་རྗེ་གདུང་སྲས་རྣམ་གཉིས་དང་བགྲོ་གླེང་བ་མཁན་པོ་དགེ་བཤེས་རྣམས་ལ་དཔར་ཕུད་འཕུལ་ཏེ་དབུ་འབྱེད་མཛད། དེ་རྗེས་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོ་བསམ་འགྲུབ་མཆོག་གིས་བགྲོ་གླེང་མཇུག་སྡོམ་གསུང་བཤད་གནང་བ་དང། སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེས་རིས་མེད་མཁས་པའི་བགྲོ་གླེང་གི་བགྲོ་གླེང་བ་རྣམས་དང་ནང་ཁུལ་བགྲོ་གླེང་གི་བགྲོ་གླེང་བ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་བསྩལ། དེ་རྗེས་སྨོན་ལམ་རྒྱུན་ལས་ཚོགས་གཞོན་མཁན་པོ་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་རིགས་གཏེར་དཔྱིད་ཆོས་དང་རིས་མེད་མཁས་པའི་བགྲོ་གླེང་གི་འགྲོ་སོང་རྩིས་ཁྲ་སྙན་སྒྲོན་དང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང། མཇུག་མཐར་འདུས་མང་ཡོངས་གཙུག་ལག་ཁང་བསྐལ་བཟང་ཆོས་ཀྱི་འབྱུང་གནས་ཀྱི་མདུན་དུ་དྲན་རྟེན་སྐུ་པར་བསྒྲོན་ཏེ་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་ཡོངས་སུ་གྲུབ་ཡོད་པ་བཅས་སོ།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།