ངོར་ཆེན་རྒྱལ་བའི་རྒྱལ་ཚབ་མགོན་པོ་ཁྱེད།།
གུས་པའི་རྩ་བའི་བླ་མ་མཁྱེན་བརྩེ་མཆོག།།
སྙན་བརྒྱུད་བསྟན་པའི་ཁུར་འཛིན་དེད་དཔོན་མཆོག།།
བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་ཤོག།།
བདག་ཅག་རྣམས་ཀྱི་དྲིན་ཆེན་རྩ་བའི་བླ་མ་དམ་པ་ངོར་ཁང་གསར་རིན་པོ་ཆེ་མཆོག་དྲང་དོན་དུ་མདོ་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཚུལ་བསྟན་པས་བཀྲིས་བའི་རྟེན་འབྲེལ་དང་བསྟུན་མགོན་པོ་གང་ཉིད་ཀྱི་སློབ་མ་ཐ་ཤལ་བ་བསྟན་འཛིན་མཁྱེན་བརྩེ་ཀྱི་མ་ན་ལི་ཨ་ལྦཾ་བཤད་གྲྭ་སྦྱར་བ་དགེའོ།།
གུས། བསྟན་འཛིན་ནས།།
རྒྱལ་བའི་གསུང་རབ་ཇི་ལྟར་ཇི་སྙེད་པ།།
མ་ལུས་ཁོང་དུ་ཆུད་པའི་དག་གི་དབང་།།
ཉམས་དང་རྟོགས་པའི་དབང་ཕྱུག་བདག་ཉིད་པའི།།
བླ་མའི་སྐུ་ཚེ་བསྐལ་བརྒྱར་བཞུགས་འགྱུར་ཅིག།།
གུས། ངག་དབང་ཆོས་ཀྱི་རྒྱལ་མཚན་ནས།།
ཇི་སྲིད་ནམ་མཁའ་གནས་བར་དུ།།
དེ་སྲིད་གཞན་དོན་ལ་བརྩོན་པའི།
ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན།།
ངག་དབང་མཁྱེན་བརྩེ་བརྟན་བཞུགས་གསོལ།།
གུས།
ཐབ་ཕྱིས་ཧྲུལ་པོའི་སེམས་ནས་ཕྱིར་ཕྱུང་།།
རྩ་བའི་བླ་མ་ངག་དབང་མཁྱེན་བརྩེ་མཆོག།།
རང་དོན་དོར་ནས་གཞན་དོན་ལས་ལ་བརྩོན།།
འགྲོ་བའི་དོན་ཀུན་རྒྱུན་དུ་མི་ཆད་པར།།
སྐྱོང་མཁན་བླ་མའི་ཞབས་ལ་གུས་ཕྱག་འཚལ།།
གུས། འཁོར་བའི་འཁྱམ་བོ་ནས།།
རྩ་བའི་བླ་མ་ངག་དབང་མཁྱེན་བརྩེ་མཆོག།
ཁྱོད་ཀྱི་མཚན་བཟང་ཐོས་པ་ཙམ་གྱིས་ནི།།
གུས་པས་སེམས་འདི་ཞི་བདེ་ངང་གྱུར་ཏེ།།
དག་པའི་ཞིང་དུ་སླེབས་པའི་ཚོར་སྣང་བྱུང་།།
སངས་རྒྱས་རྣམས་དང་ངོ་བོ་དབྱེར་མེད་པའི།།
ངག་དབང་མཁྱེན་བརྩེ་བསྟན་བཛིན་འཕྲིན་ལས་མཆོག།
འགྲོ་བའི་དོན་ཀུན་རྒྱུན་དུ་མི་ཆད་པར།།
མཛད་པ་ཕྲིན་ལས་རྒྱུན་ཆད་མེད་པར་སྐྱོང་།།
གུས རི་བོང་ཅན་ནས།།
ངག་དབང་མཁྱེན་བརྩེ་བསྟན་འཛིན་འཕྲིན་ལས་ལ །།
སྐད་ཅིག་ཙམ་ཡང་དད་ལོག་མི་སྐྱེ་ཞིང།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
མཁྱེན་པའི་བདག་པོའི་བྱིན་རླབས་འཇུག་པར་ཤོག །
ངག་གི་དབང་དང་མཁྱེན་པའི་ནུས་པ་ལྡན །།
སངས་རྒྱས་གསུངས་པའི་ཆོས་ཀྱི་བསྟན་པ་འཛིན །།
ངག་དབང་མཁྱེན་བརྩེ་བསྟན་འཛིན་འཕྲིན་ལས་ལ །།
ལུས་ངག་ཡིད་ཀྱི་དཀྱིལ་ནས་ཕྱག་འཚལ་ལོ །།
གུས །འཕྲིན་བཟང་ནས།།
ཁོང་དུ་ཆུད་དཀའི་མདོ་སྔགས་གཞུང་ལུགས་ལ།།
ཐུགས་སེམས་མཉེས་པོས་མྱུར་དུ་ཁོང་དུ་ཆུད།།
ཡོན་ཏན་མཐའ་དག་མཆིས་པའི་ཁོ་བོའི་རྒྱལ།།
ངག་དབང་མཁྱེན་བརྩེར་བཅོས་མེད་སེམས་ཀྱིས་འདུད།།
སློབ་མ་ཐ་ཤལ་བ།།
ཞི་ཞིང་འདུལ་ལ་བློ་གྲོས་དང་ལྡན་ཞིང་།།
བྱམས་བརྩེ་ལྡན་ཞིང་མདོ་སྔགས་ལ་ཡང་མཁས །།
བདག་སོགས་འགྲོ་བ་ཀུན་གྱི་ཕན་བདེའི་གཞི །།
ཀུན་ཕན་ཁྱེད་ལ་གསོལ་བ་སྙིང་ནས་འདེབས །།
མཁའ་མཉམ་སེམས་ཅན་འགྲོ་བའི་མགོན་པོ་མཆོག །
ངག་གི་དབང་ཕྱུག་འགྲོ་ཀུན་དགའ་བའི་དཔྱིད །།
གཤོག་ལྡན་བུང་བ་སྟོང་གི་ཉེར་འཚོའི་གཞི །།
རྒྱ་མཚོའི་ལང་ཚོ་ཁྱེད་ལས་གཞན་པ་སུ །།
གུས ། བློ་གྲོས་བསྟན་པ་ནས །།
སྡུག་བསྔལ་གསུམ་གྱི་མནར་བའི་འགྲོ་བ་ལ།།
ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་མཛད་ནས།།
རིག་གསུམ་མྱང་འདས་ས་ལ་འགོད་མཛད་པ།།
ངག་དབང་མཁྱེན་བརྩེ་འཕྲིན་ལས་ཞབས་པད་བརྟན།།
འགྲོ་བའི་སྐྱབས་མགོན་ངག་དབང་མཁྱེན་བརྩེ་མཆོག།
ཁམས་འདིར་ཕེབས་པས་འགྲོ་བའི་དོན་ལ་བརྩོན།།
དེང་རབས་སེམས་ཅན་དོན་དུ་མཛད་ཕྲིན་སྐྱོང་།།
བདག་གི་བླ་མ་མཆོག་དེར་གུས་ཕྱག་འབུལ།།
གུས། གྲྭ་རྫུན།།
སྐུལ་པོ་མེད་ཀྱང་ཀུན་ལ་མཛའ་བཤེས་བཞིན།།
དམན་མཆོག་མེད་པར་བརྩེ་སེམས་སྐྱོང་མཛད་པ།།
མདོ་སྔགས་རིགས་གནས་མཐར་ཕྱིན་འགྲོ་བའི་མགོན།།
སྲིད་མཐའི་བར་དུ་སྐུ་ཚེ་བརྟན་གྱུར་ཅིག།
ཐུགས་རྗེ་མངའ་བའི་དྲིན་ཆེན་བླ་མ་མཆོག།
འགྲོ་ལ་བུ་ལྟར་བྱམས་བརྩེ་དཔག་མེད་ལྡན།།
གཏི་མུག་མུན་པ་གསལ་བྱེད་འོད་དཀར་བཞིན།།
བླ་མའི་བྱིན་རླབས་མི་མཉམ་བརྟན་གྱུར་ཅིག།
དཀར་མཛེས་རུས་ཅན་སྦལ་པ་ནས།
Leave a Reply