བརྩེ་དུང་ལས་བྱུང་བའི་དགའ་སྐྱོ།

རྩོམ་པ་པོ། ཟླ་བའི་གཉེན།

བདག་གི་ལྐོག་གྱུར་གྱི་ཡུལ་ན་ཁྱོད་ཀྱིས་གནང་བའི་དགའ་སྐྱོའི་ཚོར་བ་དེ་མེད་ན། འཇིག་རྟེན་གྱི་ཁམས་འདིར་སྟོང་སང་ངེ་ཞིག་ལས་མ་སྣང༌། ཅི་རེད་ཞེས་ན། ཁྱོད་ཀྱི་ཡིད་འཕྲོག་པའི་འཛུམ་མདངས་དང་ལྷན་དུ།ཁྱོད་ཀྱི་སྙན་ཞིང་འཇེབས་པའི་ཚིག་གི་དབྱངས་རྟ་རེ་རེ་དང་། རེག་འཇམ་གྱི་ཚོར་བ་སོགས་དྲན་ཐེངས་རེ་རེ་ལ་བདག་གི་སྣང་བའི་རྩྭ་ཐང་གི་ཡུལ་དུ་ངེད་གཉིས་ལུག་གུ་ཆུང་ཆུང་གཉིས་དང་འདྲ་བར་མཆོངས་བརྒྱུགས་ཀྱི་རྩེད་མོ་དང་འགྲོགས་ནས་རྩྭ་ཐང་གི་མེ་ཏོག་གསེབ་ལ་ཡལ། ཡང་བུང་བ་ཆུང་ཆུང་གཉིས་དང་འདྲ་བར་མེ་ཏོག་སྣ་ཚོགས་ཀྱི་རྗེས་སུ་བསྙེགས་ནས་ཟེའུ་འབྲུ་ཡི་བཅུད་ལ་རོ། སྐབས་སྐབས་སུ་བྱིའུ་ཆུང་ཁུག་རྟ་གཉིས་དང་འདྲ་བར་སྔོ་བསངས་ཀྱི་མཁའ་དབྱིངས་སུ་སྣ་ཚོགས་ཀྱི་གར་ལ་སྒྱུར་དེ་འཕུར་བ་དང་། སྤྲོ་སེམས་ཆེན་པོའི་སྐད་སྙན་གྱིས་གླུ་དབྱངས་ལེན། ཡང་སྐབས་རེར་སྤྲིན་དཀར་གྱི་འདབ་མ་འདྲ་བར་བསིལ་བསིལ་རླུང་དང་འགྲོགས་ནས་དལ་བུའི་ངང་། རྫོགས་མེད་ཀྱི་སྙིང་གཏམ་གླེང་བཞིན་མཐའ་ཡས་པའི་རྩྭ་ཐང་དང་སྤོང་རི།རྫ་རི་སོགས་གྲངས་མེད་ཅིག་དགགས་བ་བྱས། དེ་འདྲའི་སྐྱིད་པའི་རྨིས་ལམ་དེ་དང་བྲལ་འདོད་མེད་ལ་ཁྱོད་ལ་དུང་བའི་ཚོར་བ་དེའང་ནམ་ཡང་དོར་འདོད་ཅིག་ག་ལ་ཡོད། ཨེ་མ། བརྩེ་དུང་ཞེས་པའི་སྒྱུ་མའི་རྨིས་ལམ་འདིར།། སྐྱིད་པའི་ཚོར་བ་མཐར་ཐུགས་བཤད་ཐུབ་བྲལ།། མི་ཡུལ་བརྩེ་དུང་ཟབ་པའི་ན་གཞོན་ལ།། ནམ་མཁའི་ལྷ་ཡང་རེ་སྨོན་བཟི་བེར་བེར།། འོན་ཀྱང་དབྱར་གྱི་གནམ་གཤིས་དང་འདྲ་བའི་མི་ཚེ་འདི་ནང་འགྱུར་བ་མང་ལ་ལྷག་པར་དུ་བརྩེ་དུང་ཞེས་པ་དེ་ནི་ཁ་ཡག་ངོ་དགའ་དང་མཛེས་སྡུག།།གཡོ་རྒྱུ་སོགས་ལ་དགའ་མཁན་ཞིག་ཡིན་པས།དེ་གསོ་སྐྱོང་བྱེད་པ་ནི་སྒོ་ང་ཞིག་ལག་ཏུ་འཛིན་པ་དང་གཅིག་པ་ལས་བརྟན་པོ་ཞིག་དང་འོད་སྟོང་འབར་བའི་ནོར་བུ་ཞིག་རྩ་ནས་མིན། དེ་ཙ་ན་ངས་བརྩེ་དུང་ཟེར་བ་དེ་ངོ་ཚ་དང་རྒྱུ་དག་མེད་མཁན་ཞིག་རེད་ཟེར་ན་འདོད། ངེད་གཉིས་ཀྱི་སྐྱིད་པའི་རྨིས་ལམ་དེ་གློ་བུར་དུ་འགྱུར་ལྡོག་གི་ཁྱོད་རང་ངུས་པའི་མིག་ཆུའི་ཐིགས་པ་རེ་རེ་དང་།འདར་བའི་ངག་གི་འགྱུར་ཁུག་རེ་རེས །ངའི་སྐྱིད་པའི་ཚོར་བ་དེ་ཡོངས་སུ་བཅོམ་ནས་སྡུག་བསྔལ་གྱི་ཞིང་དུ་དྲངས།སྐྱུར་སིལ་གྱི་ཁེངས་བའི་ཡིད་ཀྱི་མཚོ་མོ་ནས་གདུང་བའི་རྦ་རླབས་རབ་ཏུ་འཕྱུར་བ་ན། གྲུ་ཆུང་ལྟ་བུའི་སེམས་པ་དེ་སྟིང་འོག་ཏུ་བརྗེས་ཤིང་། བྱིའུ་ཆུང་ཞིག་དྲག་ཆས་དེད་པ་དང་འདྲ་བར། ཅི་བྱ་གཏོལ་མེད་དུ་གྱུར་ནས་དམར་ཆུང་སེམས་ཀྱི་དཀྱིལ་ནས་བཞུར་བའི་སྡུག་ཆུ་དེ །མིག་ཟུང་བརྒྱུད་ནས་ཐིགས་པ་རེ་རེ་བཞིན་དུ་བདག་གི་མཁུར་མགོ་རུ་བབས་པ་ནི །ངས་ཁྱོད་ལ་རྗེས་དྲན་དང་། ཁྱོད་ལ་སྐྱོ་རོགས་ཡིན་པ་མ་ཟད །འགྱུར་མེད་ཀྱི་དུང་བས་འབོད་སྒྲ་ཞིག་ཀྱང་ལོས་ཡིན་སྙམ། དེ་ནི་འདི་ལྟར་ཏེ་་་ དུང་བའི་ཡིད་ལ་སྤྲིན་པ་ནག་པོ་འཁྲིགས།། དྲན་པའི་མྱིག་ཆུ་ཆུ་བོ་བཞིན་དུ་བབས།། མཆན་པ་བློ་བ་སྦུག་ཆལ་བརྡབས་འདྲ་བ།། བརྩེ་དུང་བྲལ་བའི་སྡུག་བསྔལ་གང་ལས་ཆེ།། བསམ་བློ་ཞིབ་མོ་ཞིག་བཏང་དུས་སུ།ཁྱོད་ནི་འཇིག་རྟེན་འདིར་ནང་དགའ་བའི་འཛུམ་གྱི་བསུ་ཡུལ་དང་སྡུག་ན་མྱིག་ཆུ་བཏང་ཡུལ་ཏེ།བདག་གི་མི་ཚེའི་སྐྱིད་སྡུག་ཐམས་ཅད་ཁྱོད་ལས་བྱུང༌།ཁྱོད་ཀྱི་ཆེད་དུ་ཞོགས་སྔ་ལོངས་དང་དགོངས་ཕྱི་ཉལ།ཁོང་ཁྲོ་དང་ཞེ་སྡང༌།མ་ཟད་ཁྱོད་ཀྱི་ཆེད་དུ་སྨྱོ་བར་ལྟ་བུ་གང་སར་བརྒྱུགས་པ་དེ་དང་།ཐ་ན་དམྱལ་བ་འགྲོ་བའི་ལམ་ལ་ཡང་འཛེམས་བག་མེད་པར་དགའ་བཞིན་དུ་འཇུག་པ་ནི་ཁྱོད་ལ་དྲི་མ་མེད་པའི་བརྩེ་དུང་ཞིག་བཅངས་ཡོད་པའི་སྐྱེན་གྱི་ལོས་ཡིན།དུས་ད་ལྟ་བར་དུ་བརྩེ་དུང་གི་ཆེད་དུ་སྡིག་ལས་ཤག་སྟག་ལས་དགེ་ལས་ཤིག་རྩ་ནས་བྱས་མེད།དཔེར་ན།རྒྱ་གར་གྱི་“རུམ་”ཟེར་བ་དེས་མཛེས་མ་“སི་ཏ”ཡི་ཆེད་དུ་དམག་དྲངས་ཏེ་“ལི་ཀ་འགྲན་བཅུ་”ཆམ་ལ་ཕམ །གླིང་གེ་སེར་རྒྱལ་པོས་མཛེས་མ་འབྲུག་མོའི་ཆེད་དུ་ཧོར་གུ་ཀར་རྒྱལ་པོའི་མགོ་བོ་བྲེག །བོད་རྒྱལ་སྲོང་བཙན་སྒམ་པོས་བཙན་བསྐུལ་དང་གཡོ་ཇུས་ལས་བལ་ཡུལ་རྒྱལ་པོའི་སྲས་མོ་དང་རྒྱ་ནག་གོང་མའི་སྲས་མོ་གཉིས་བག་མ་ལེན་པ་སོགས་འཛམ་གླིང་འདིའི་ཐོག་མཛེས་མའི་དོན་དུ་སྡིག་ལས་བྱས་པ་ཧ་ཅང་མང་།ཡིན་ནའང་ཁོང་ཚོ་ནི་མི་སྣ་གྲགས་ཅན་རྐྱང་ཡིན་པའི་སྤྲེལ་ལད་ལ་དགའ་བའི་མི་དག་གིས་ཁོང་ཚོ་ལ་ཁ་ཡག་ངོ་དགའི་བསྟོད་པ་ལ་དཔའ་བོ་ཞེས་པའི་ཚིག་སྙན་དེ་གནམ་ཉི་ཟླ་བཞིན་དུ་གསལ་བཅུག་ཡོད་ལ་གསེར་སེར་པོ་བཞིན་དུ་རིན་ཐང་ཡང་ལྡན་དུ་བཅུག་ཡོད། མི་ཕལ་པ་རྣམས་ཀྱིས་མཛེས་མའི་དོན་དུ་མི་བསད་པ་དང་རང་སྲོག་དོར་བ་སོགས་སྡིག་ལས་བྱས་ན་སྐྱེ་བོ་ཐམས་ཅད་ཀྱིས་མི་དེ་ལས་ཐབས་སྡིག་ཅིག་དང་།མི་དེ་ལས་བསམ་ཤེས་མེད་པ་ཞིག་གང་ན་ཡོད་ཅེས་བརྗེད་ནས་ཁྲིམས་ལ་སྐྱེལ་ཞིང་ཉེ་བ་བཀག།།མི་ས་འོག་འཛུལ་ཡང་གཏམ་ས་ཐོག་ལྷག་པ་ཞིག་བཟོ་ཡི་ཡོད།དེ་ནི་འཇིག་རྟེན་འདིའི་ཐོག་བཏང་སྙོམ་མེད་པའི་རྟགས་ཤིག་ལོས་ཡིན།མཛེས་མའི་ཆེད་དུ་སྡུག་ལས་ཅི་ཙམ་བྱས་ཡོད་པ་དང་ཅི་ཙམ་བྱེད་བཞིན་པ།མ་འོངས་ཀྱང་ཅི་ཙམ་བྱ་རྒྱུ་ཡིན་པ་ཐམས་ཅད་ནི་མི་ཡུལ་འདི་ན་སྐྱོ་གར་གྱི་ལོ་རྒྱུས་ཙམ་ཡིན་པ་ལས་བསྔགས་འོས་པ་དང་འོད་སྟོང་འབར་བའི་ལོ་རྒྱུས་ཤིག་ནི་ག་ལ་ཡིན། ་ཡང་ཡག་པོའི་ཕྱོགས་ནས་ཅུང་ཙམ་བཤད་ནའང་རྒྱ་གར་བའི་བཤད་སྲོལ་ལ་སྐྱེས་པ་ཞིག་གིས་བྱ་བ་ལམ་ལྷུང་ཡོང་བར་༼ཁོང་གི་རྒྱབ་ལ་བུད་མེད་མཛངས་མ་ཅིག་གིས་རྒྱབ་བརྟེན་ཡོད་༽ཟེར་བ་དེ་ཡང་ངོ་མ་བདེན་གཏམ་ཞིག་རེད།མདོར་ན་འཇིག་མི་ཡུལ་གྱི་ཞིང་ཆེན་འདི་ནང་སྐྱེས་པ་ཚོས་སྤེལ་བའི་དགའ་སྐྱོ་དང་དགེ་སྡུག་ཐམས་ཅད་ཀྱི་ཁ་ལོ་བའམ་འབྱུང་ཁུངས་ནི་ཁྱོད་བུད་མེད་ཁོ་ནའོ་ཞེས་ཞུས་ན་མ་འགྲིགས་པ་ཞིག་ག་ལ་ཡོད་དམ་སྙམ །། སྐྱེ་དངོས་ཐམས་ཅད་འབྱུང་བ་བཞི་ལས་བྱུང༌།། འབྱུང་བཞི་མེད་ན་འཇིག་རྟེན་སྟོང་བ་འགྱུར།། ལས་ཀྱི་དགེ་སྡུག་ཐམས་ཅད་ཁྱོད་ལས་བྱུང༌།། ཁྱོད་རང་མེད་ན་འཁོར་བར་ཅི་ལྟར་འཁོར།། ༢༠༠༩ལོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*