ནུ་མོ་ཆུང་ཆུང་། མུ་འགོད་སྒྲུང་ཆུང་།

སྒྲུང་ཐུང་དང་པོ། << ནུ་མོ་ཆུང་ཆུང་།>>  མུ་འགོད་ཡིན།  

བསྒྱུར་པ་པོ།  ཐང་གླུད།  

ལོ་ངོ་དུ་མའི་ཡར་སྔོན་ཞིག་ལ་བུ་མོ་ཆུང་ཆུང་མིང་ལ་ནེལ་ཞེས་པ་ཞིག་ཡོད་པ་དང་།  མོ་རང་གི་ཕ་མ་གཉིས་དང་མཉམ་དུ་གྲོང་རྡལ་དུ་བསྡད་ཡོད། ཉིན་ཞིག་མོའི་ཕ་མ་གཉིས་ཀྱིས་མོའི་ནུ་མོ་ཆུང་ཆུང་དེ་ཁྱིམ་ལ་ཁྱེར་ཡོང་ནས།  ནེལ་གྱི་ཨ་མས་དུས་ཚོད་མང་ཆེ་བ་བྱིས་པ་ཆུང་ཆུང་དེ་དང་མཉམ་དུ་བཏང་བ་དང་།  ཨ་ཕས་ཀྱང་རྩེད་ཆས་གསར་བ་དང་གྱོན་ཆས་གསར་བ་སོགས་བུ་མོ་ཆུང་ཆུང་ལ་ཁྱེར་ནས་ཡོང་།    ནེལ་གྱི་ཨ་ནེ་དང་ཨ་ཁུའམ་ཨ་ཞང་རྣམས་ཁྱིམ་ལ་ཡོང་དུས་ཀྱང་། ཕྲུ་གུ་ཆུང་ཆུང་དེ་ལ་ཡིད་དུ་འོང་བའི་རྔན་པ་ཁྱེར་ནས་ཡོང་སྟེ། “འབོད་སྒྲ་དང་བཅས་ཏེ། ཅི་འདྲའི་ཕྲུ་གུ་ཡིད་དུ་འོང་བ་ཞིག་རེད་ཨང” ཞེས་བརྗོད་པ་མ་ཟད། གཞན་པ་ཚོས “བུ་མོ་འདི་ནི་མཁའ་འགྲོ་མ་ཞིག་རེད” ཅེས་བརྗོད།. ནེལ་གྱིས་སྐད་ཆ་དེ་དག་ཐོས་པ་དང་ཕ་མ་སྤུན་མཆེད་ཚང་མས་མོ་རང་སྣང་མེད་དུ་བསྐྱུར་བའི་སྣང་བ་སྐྱེས་ཏེ། མོ་རང་གཅིག་པུ་རང་གི་ཉལ་ཁང་ནས་ཉིན་གང་བོར་ངུས་ནས་བསྡད་ཀྱང་།  སུ་གང་གིས་ཀྱང་མོ་ལ་དོ་སྣང་མ་བྱུང་བ་འདྲ།    དེ་ནས་ལྷ་མོ་ཞིག་ནེལ་གྱི་ཉལ་ཁྲིའི་ཉེ་སར་ཕེབས་ཏེ། “ཁྱོད་ཀྱི་གྲོགས་པོ་གྲོགས་མོ་རྣམས་རང་གི་ནུ་བོ་དང་ནུ་མོ་ཚོ་དང་མཉམ་དུ་རྩེ་སྐབས། ཁྱོད་ལའང་ནུ་མོ་ཆུང་ཆུང་ཞིག་ཡོད་ན་མི་འདོད་དམ”ཞེས་དྲིས་པ་ན། ནེལ་གྱིས“བདེན། འདོད་སོང”ཞེས་ལན་བཏབ་སྟེ།   མགྱོགས་པོར་རང་གི་མིག་མཐའི་མཆི་མ་ཕྱིས་པ་དང་ཕྲུ་གུའི་ཉལ་ཁང་དུ་བརྒྱུགས་པ་རེད།   ནེལ་གྱི་ཕ་མ་གཉིས་ནེལ་གྱི་འཛུམ་མདངས་དེ་མཐོང་བ་དང་དགའ་སྣང་སྐྱེས་ཤིང་། ཨ་ཕས་རང་གི་དཔུང་བར་དུ་བུ་མོ་ནེལ་བཅུག་སྟེ། ཕྲུ་གུ་སྙལ་སར་ཁྲིད་སོང་བ་རེད། དེའི་རྗེས་སུ་ཨ་མས་ཀྱང་ནེལ་རང་གི་པང་དུ་བླངས་ཏེ། བྲང་ལ་སྦྱར་ནས་འོ་བྱེད་ཞོར་དུ། “འདི་ན་ཁྱེད་ཀྱི་རྔན་པ་ཡོད་དེ། མཉམ་དུ་རྩེ་འདོད་པའི་ཁྱེད་ཀྱི་ནུ་མོ་ཆུང་ཆུང་རེད།།” ཕྲུ་གུ་དེས་མོ་ལ་འཛུམ་མདངས་བསྟན་པ་དང་ནེལ་ཧ་ཅང་དགའ་སྟེ། མདུན་ཕྱོགས་སུ་བསྙེས་ཏེ་རང་གི་ནུ་མོ་ཆུང་ཆུང་དེ་ལ་འོ་བྱས་སོ།།

༢༠༡༩/༤/༣༠

སྒྲུང་ཐུང་གཉིས་པ། <<གཉིད་ལ་སྤྲོ་བའི་བུ་མོ་སྭོ་ནས་ཡཱ།>>

བསྒྱུར་པ་པོ།  ཐང་གླུད།

སྭོ་ནས་ཡཱ་ནི་ཡིད་དུ་འོང་བའི་བུ་མོ་ཞིག་ཡིན། མོ་ལ་གོམས་གཤིས་ངན་པ་ཞིག་ཡོད་པ་ནི།   དུས་རྒྱུན་དུ་ཞོགས་པ་སྔ་བོ་ནས་ལང་དགོས་པར་གཡོ་ཐབས་བྱས་ཏེ་འཕྱི་བོ་བར་དུ་གཉིད་ལ་ཤོར་བ་དེ་ཡིན། ཉིན་ལྟར་མོའི་ཨ་མས་ཁོ་མོར་འབོད་དགོས་ཏེ། “སྭོ་ནས་ཡཱ་ད་ཡར་ལོངས་ཤིག  དེ་མིན་ན་ཁྱོད་ཀྱིས་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་གྱི་རྗེས་ཟིན་རྒྱུ་མ་རེད”ཅེས་བཤད་ཀྱང་། སྭོ་ནས་ཡཱས་རང་གི་ཨ་མའི་འབོད་སྒྲ་རྩ་བ་ནས་མི་གོ་བར། དེ་མ་ཐག་གཉིད་ལ་ཡུར་འགྲོ་བ་ཡིན།.   སྭོ་ནས་ཡཱས་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ཡང་ཡང་ཤོར་དགོས་པའི་རྒྱུ་མཚན་ནི། མོ་རང་ནངས་སྔ་མོ་ནས་ཡར་མི་ལངས་པས་རེད།  དེར་བརྟེན་ཁོ་མོའི་ཨ་ཕས་མོ་སློབ་གྲྭར་སྐྱེལ་དགོས་བྱུང་ན་ཡང་།  མོས་རང་ཉིད་ཀྱི་སྤྱོད་ཚུལ་ལ་བསྒྱུར་བཅོས་གཏོང་དགོས་པ་ཡིད་ལའང་དྲན་གྱི་མེད།   ཉིན་ཞིག མོའི་ཨ་ཕ་ཕྱི་ལ་སོང་ནས་ཁྱིམ་དུ་མེད་སྐབས། མོ་ནམ་རྒྱུན་ལྟར་འཕྱི་བོ་མ་གཏོགས་མ་ལངས་པས་སྤྱི་སྤྱོད་རླངས་འཁོར་གྱི་རྗེས་ཟིན་མེད།   ཉིན་དེར་སློབ་གྲྭའི་ནང་ལ་རི་མོའི་འགྲན་བསྡུར་ཞིག་ཡོད་ཀྱང་།  དུས་ཐོག་ལ་དེར་འབྱོར་རྒྱུ་ནི་རེ་བ་མེད་པ་ཞིག་ཡིན་སྟབས།  ཨ་མས་གླ་འཁོར་ཞིག་གླས་ཏེ་མོ་སློབ་གྲྭར་བསྐྱལ་ན་ཡང་། ཁོ་མོ་གཉིས་སློབ་གྲྭར་འབྱོར་དུས་སློབ་གྲྭའི་རྒྱལ་སྒོ་སྔ་མོ་ནས་བརྒྱབ་ཟིན་ཡོད་པས། མོ་རང་གི་ཨ་མ་དང་མཉམ་དུ་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་འདུག

སྭོ་ནས་ཡཱ་ལ་གོམས་གཤིས་ངན་པ་ཞིག་ཡོད་ཀྱང་མོ་རི་མོ་མཁན་ཡག་པོ་ཞིག་སྟེ།   སློབ་གྲྭའི་རི་མོའི་འགྲན་བསྡུར་ཁྲོད་ནས་མོས་ག་དུས་ཡིན་ན་རྒྱལ་ཁ་ལེན་གྱི་ཡོད།   འོན་ཀྱང་ཐེངས་འདིར་མོ་རི་མོའི་འགྲན་བསྡུར་ལ་ཞུགས་མ་ཐུབ་པས་འགྱོད་པ་གཏིང་ནས་སྐྱེས་ཏེ།  ཕྱི་ཉིན་ནས་བཟུང་མོ་དུས་ཐོག་ལ་ཡར་ལང་འགོ་བརྩམས་པ་རེད།    ལྷ་ཡི་ཨ་མ་ལྷ་མོ་ཞིག་གིས་སྭོ་ནས་ཡཱ་ནངས་སྔ་མོར་ལང་འགོ་བརྩམས་པ་མཐོང་།   དེའི་རྗེས་སུ་སློབ་གྲྭའི་ནང་ལ་ཡང་བསྐྱར་རི་མོའི་འགྲན་བསྡུར་ཞིག་ཡོད་པས།  ལྷ་མོ་དེས་ལྷ་མོ་ཟིང་སྐྱ་ཞིག་མོ་ལ་ཆེད་དུ་བྱིན་རླབས་གནང་དུ་བཏང་།  མོའི་རི་མོ་ནི་རི་མོ་ཚང་མའི་ནང་ནས་ཆེས་ལེགས་པའི་ཆེ་མཐོང་ཐོབ་སྟེ།  འགྲན་བསྡུར་གྱི་གཟེངས་རྟགས་ཨང་དང་པོ་མོར་ཐོབ་པ་རེད་དོ།།  ༢༠༡༩/༥/༤

སྒྲུང་ཐུང་གསུམ་པ། <<རྒྱལ་པོ་དང་འབྲུག>>

         བསྒྱུར་པ་པོ། ཐང་གླུད།  

གནའ་སྔ་མོ་ཞིག་ལ་རྒྱལ་པོ་ཞིག་ཡོད།   ཁོང་ནི་ཁོང་གི་རྒྱལ་སྲིད་ནང་གི་གཞོན་ནུ་སྙིང་སྟོབས་ལྡན་པ་ཞིག་ལ་ཕྲག་དོག་ཆེ། ཐེངས་ཤིག་ལ། ཁོང་གིས་མི་དེ་རྒྱལ་པོའི་ཁབ་ཏུ་བཅར་བཅུག་སྟེ་བཀའ་བཏང་བ་ནི། “བདག་གིས་འདོད་པ་ནི་ཁྱོད་ཀྱིས་ང་ལ་འབྲུག་གི་རྟ་མཆོག་འཁྲིད་ཡོང་རྒྱུ་དེ་ཡིན”ཞེས་སོ།།   གཞོན་ནུ་སྙིང་སྟོབས་ཅན་དེས་གལ་ཏེ་ཁོ་འབྲུག་ཡོད་སར་ཕྱིན་ན་ཁོ་འཆི་རྒྱུ་ཡིན་པ་དེ་ཤེས་ཀྱི་ཡོད། ཅུང་ཙམ་གྱི་རྗེས་སུ་ཁོའི་མདུན་དུ་ལྷའི་བུ་མོ་ཞིག་ཕེབས་ཏེ། “སེམས་ཁུར་མ་བྱེད། ངས་ཁྱོད་ལ་རོགས་བྱ”ཞེས་པ་ན། གཞོན་ནུ་སྙིང་སྟོབས་ཅན་ལྷའི་བུ་མོ་དང་ལྷན་ཅིག་འབྲུག་ཚང་ལ་ཕྱིན། ལྷའི་བུ་མོས་འབྲུག་དེ་གཉིད་དུ་བཅུག དེ་ནས་གཞོན་ནུ་སྙིང་སྟོབས་ཅན་གྱིས་འབྲུག་གི་རྟ་མཆོག་ཁྲིད་དེ། རྒྱལ་པོའི་སར་བཅར་བ་རེད།   ཁོས་འབྲུག་གི་རྟ་མཆོག་དེ་ཁྱེར་ཡོང་བ་མཐོང་སྐབས་རྒྱལ་པོ་ཁོང་ཁྲོང་ལངས་པ་མ་ཟད་ཕྲག་དོག་ཀྱང་སྐྱེས་ཏེ། “ཁྱེད་ཀྱིས་བདག་ལ་ད་ལྟ་རང་འབྲུག་གདན་ཁྱེར་ཤོག”ཅེས་བཀའ་བཏང་པའི་མོད་ལ། གཞོན་ནུ་སྙིང་སྟོབས་ཅན་འབྲུག་ཚང་དུ་ཡང་བསྐྱར་ཐེངས་གཅིག་བཅར་བ་ན། འབྲུག་ད་དུང་ཡང་གཉིད་ལ་ཡུར་འདུག་ཡོད། ཁོས་འབྲུག་གདན་དྲིལ་ནས་རྒྱལ་པོར་ཁྱེར་ཡོང་བ་རེད།

དེའི་རྗེས་སུ་རྒྱལ་པོས་སྨྲས་པ། “ད་ལྟ་རང་འབྲུག་བཟུང་ནས་ཤོག“ཅེས་བསྙད།    ལྷའི་བུ་མོས་འབྲུག་དེ་བྱ་སྒྲོ་ལྟར་ཡང་མོ་ཞིག་ཏུ་བཟོས་པ་དང་།   གཞོན་ནུ་སྙིང་སྟོབས་ཅན་གྱིས་འབྲུག་དེ་ཕྱིར་རྒྱལ་པོ་ཡོད་སར་བསྐྱལ་བ་ན།  རྒྱལ་པོས་འབྲུག་དེ་ཐག་པས་བསྡམ་བཀྱིག་བྱེད་པར་རྩོམ་དུས།   འབྲུག་དེ་གཉིད་ལས་སད་དེ་རང་ཉིད་གཉིད་ལས་དཀྲོགས་པར་འཚིག་པ་གཏིང་ནས་ཟ་སྐབས། ཆེས་ཐོག་མར་མིག་མདུན་དུ་རྒྱལ་པོ་ཡོད་པ་མཐོང་ནས་ཁྱུར་མིད་བཏང་ནས་ཕྱིར་རང་གི་འབྲུག་ཚང་དུ་འཕུར།   ལྷའི་བུ་མོས་འབྲུག་འབྲུག་ཚང་ལ་བཅུག་སྟེ་སྒོ་ལྕགས་བརྒྱབ་སྟེ། གཞོན་ནུ་སྙིང་སྟོབས་ཅན་རྒྱལ་པོར་གསར་དུ་བསྐོས་པའོ།།

༢༠༡༩/༥/༥  གཟའ་ཉི་མ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*