རྩོམ་པ་པོ། ཟླ་བའི་གཉེན །
སྐུ་ཁམས་བཟང་། སྙན་ངག་འདི་ནི་གུས་པས་བརྩེ་རོགས་ཨ་སྐྱིད་མ་ལ་ཕུལ་མྱོང་བའི་སྙན་ངག་ཤ་སྟག་ཅིག་ཡིན་པས།བདག་གི་སེམས་ལ་དགའ་སྡུག་གི་ཚོར་སྣང་ཅི་བྱུང་རྣམས་ཁ་ཐུག་ཡིག་ཐོག་ཏུ་བཀོད་པ་དེ་གཞིར་བཞག་བྱས་ཡོད་པ་ལས་མཁས་པས་ཞུ་དག་དང་བསྒྲིགས་སྦྱོར་སོགས་ཅི་ཡང་བྱས་མེད་པའི་ཡིག་ནོར་དང་བརྗོད་བྱ ། ཚིག་འགྲོས་སོཊ་སྐྱོན་ཆ་ཅི་བྱུང་རུང་ཀློག་པ་པོ་རྣམ་པས་དགོངས་བཞེས་གནང་རོགས་ཞུ་རྒྱུ།ཕོ་མོའི་བར་གྱི་བརྩེ་དུང་ནི་མེད་དུ་མི་རུང་བ་དང་དཀའ་སྡུག་ཡང་མང་པོ་ཞིག་བྱུང་སའི་ཚོར་བ་ཡ་་་་མཚན་པ་ཞིག་ཡིན་པས།ཚོར་བ་དེས་མི་ཚེའི་ནང་དུ་དགའ་སྡུག་གི་ལོ་རྒྱུས་ཀྱང་མང་པོ་ཞིག་བཞག་གི་ཡོད་པ་ལྟར།སྙན་ངག་འདིས་ཀྱང་ང་དང་ཨ་སྐྱིད་མའི་བར་གྱི་བརྩེ་དུང་ལའང་དགའ་སྡུག་གི་ཚོར་བ་ཇི་ཙམ་བྱུང་ཡོད་མེད་ཅུང་ཙམ་ཞིག་རྟོག་ཐུབ་པ་ཡིན་པས།ངས་བསམ་བློ་མང་པོ་ཞིག་བཏང་བའི་མཐར་སྙན་ངག་འདི་PDFབཟོས་ནས་དྲྭ་ངོགས་སུ་སྤེལ་རྒྱུའི་ཐག་ཆོད་པ་དེ་ནི་ངའི་བརྩེ་དུང་ལ་དྲན་གསོ་ཞིག་དང་།ངའི་བརྩེ་རོགས་ཨ་སྐྱིད་མ་ངེད་གཉིས་ཀྱི་བརྩེ་དུང་གིས་དཀའ་སྡུག་ལས་གྲུབ་པའི་རྡོ་རིང་ཆུང་ཆུང་འདི་མི་ཡུལ་ན་ནམ་ཡང་རློང་འདོད་པ་མ་ཟད།ང་ཚོའི་སྤྱི་ཚོགས་ནང་མེས་པོ་ཚོས་ནང་ཆོས་ཀྱི་རིག་གཞུང་ཧ་ཅང་གིས་གཏིང་ཟབ་པོ་དང་རྒྱ་ཆེན་པོ།རིན་ཐང་བྲལ་བ་དེ་འདྲ་ཞིག་ང་ཚོ་ལ་བཞག་ཡོད་ཀྱང་།མི་སྐྱའི་སྤྱི་ཚོགས་ནང་དུ་དགོས་མཁོ་ཡོད་པའི་མི་ཚེའི་བྱ་བཞག་བསྒྲུབ་སྟངས་དང་ཕོ་མོའི་བརྩེ་སྒྲུང་དང་སྙན་ངག་སོགས་ནི་ཡིག་ཐོག་ཏུ་ཧ་ཅང་གིས་་་་དཀོན་པོ་ཞིག་རེད།དེང་སང་གསར་སྐྱེ་ཤེས་ཡོན་ཅན་མང་པོ་ཞིག་གིས་དེའི་སྐོར་འགྲེམ་སྤེལ་བྱེད་བཞིན་ཡོད་པས་ངའི་སེམས་ཁུངས་ནས་བཞུར་མྱོང་བའི་དྭངས་གཙང་གི་སྙན་ངག་འདི་དག་གིས་ཀྱང་ང་ཚོའི་སྤྱི་ཚོགས་་ནང་དུ་ཞབས་ཞུ་མི་དམན་ཙམ་བྱུང་ན་བསམ་པ་ལས་གཞན་མཁས་མདོག་དང་ཡག་མདོག་ཅིག་ནི་ག་ལ་ཡིན །
མཐར་ངའི་བརྩེ་རོགས་ཨ་སྐྱིད་མ་ག་བ་བཞུགས་ཡོད་ཀྱང་ག་བ་ཕྱིན་ཀྱང་ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་དང་བཅས་གུས་ཟླ་བའི་གཉེན་ནས་ཉིས་སྟོང་བཅུ་དགུ་གསར་དུ་འཆར་བ་དང་སྟབས་རྟེན་ནས་མི་ཡུལ་གྱི་ཞིང་ཆེན་དུ་བརྩེ་དུང་གི་མེ་ཏོག་ཆུན་པོ་ཆུང་ཆུང་ཞིག་བསྐྲུན་པ་འདིས་གཟིགས་པ་པོ་ཡོངས་ལ་སྤྱི་ལོ་གསར་ཚེར་འཚམ་འདྲི་དང་སྤྱིར་ཀུན་ལ་དབང་བའི་དྭངས་གཙང་གིས་བརྩེ་དུང་དེ་འཇིག་རྟེན་གྱི་ཡུལ་ལ་་་་་་བསྐལ་བ་མ་འཇིག་གི་དབར་དུ་གནས་པའི་སྨོན་ལམ་དང་བཅས་༢༠༡༩།༡ །༡་ལ་འབུལ་ལོ།།
༼ ༡ ༽
ན་ཚོད་ཡོངས་སུ་སྨིན་པའི་ཀུ་ཤུ་མ།།
འདོད་པའི་སྒྱུ་རྩལ་ལ་མཁས་ཡིད་འོང་མ།།
ཅི་ཙམ་བལྟས་ཀྱང་ངོམས་པ་མེད་པའི་ཉམས།།
བདག་སེམས་ཡུད་ཙམ་ཁྱོད་ཀྱི་ཕྱོགས་ལ་སྲེད།།
༼ ༢ ༽
མིག་ཤེལ་ནག་པོ་འོག་གི་འཛུམ་པའི་ཞལ།།
མཐོང་བའི་མོད་ལ་དགའ་བ་འབུམ་གྱི་བསུ།།
དེ་ལྟར་འཛུམ་དམུལ་རྟག་ཏུ་རྒྱས་པ་ཡིས།།
འདོད་ལྡན་སྐྱེས་བོ་ཀུན་ལ་མཆོད་པ་འབུལ།།
༼ ༣ ༽
ཁྱོད་ཀྱི་མཛེས་སྡུག་མི་ཡུལ་ངོམས།།
མི་ཡི་ཞིང་ཁམས་མཛེས་སྡུག་བསྐྲུན།།
ཁྱོད་ཀྱི་གླུ་དབྱངས་མཁའ་ལ་འཕྱུར།།
ཉི་མ་ཟླ་བ་བཟིས་པ་བྱས།།
༼ ༤ ༽
འདོད་པའི་ཡོན་ཏན་མཁའ་ནས་ཉམས་སྦྱིན་མ།།
མཛེས་པའི་ཉམས་དེ་ཆར་ཐིགས་རེ་རེ་འདྲ།།
ཆར་ཐིགས་རེ་རེ་སེམས་ལ་ཕོག་པ་ན།།
མིག་ཟུང་ཁྱོད་ཀྱི་ཕྱོགས་ལ་ལན་བརྒྱ་ཤོར།།
༼ ༥ ༽
སྨན་བུ་མོ་ཀོང་པོ་ཨ་སྐྱིད་མ།།
ཡུལ་མི་གཅིག་ཨ་རི་ཡུལ་ལ་བཞུགས།།
སེམས་བསམ་པ་མཐུན་པའི་མདུད་པ་དམ།།
ད་མི་བཞག་ཁོ་ཐག་ཏྲེ་ཕྲུག་ངས།།
༼ ༦ ༽
ཁྲུང་ཁྲུང་ལྷོ་ལ་འཕུར་སོང་།།
རྩ་ཐང་སྟོང་བར་ལུས་སོང་།།
བྱམས་པ་ནུབ་ལ་ཆས་སོང་།།
བདག་སེམས་སྟོང་བ་ལུས་སོང་།།
༼ ༧ ༽
རས་གོས་སྔོ་སྐྱའི་འོག་གི།།
དཀར་ལ་གཙང་བའི་སྐུ་ལུས།།
མཐོང་དུས་སྲེད་པ་འཕེལ་ན།།
རེག་ན་ཅི་འདྲའི་སྐྱིད་པ།།
༼ ༨ ༽
སྨན་ཡིད་འོང་རྣམ་འགྱུར་སྟོང་དང་ལྡན།།
ངའི་སེམས་ལ་དྲན་རྒྱུ་ཁྲི་དང་འབུམ།།
མཐའ་མེད་པའི་རྨི་ལམ་འཁྲུལ་སྣང་ཅན།།
ངས་ཅི་ཙམ་རྨིས་ཀྱང་སྙིང་རྗེ་ཡུལ།།
༼ ༩ ༽
ཁོག་སྟོད་ཅུང་ཙམ་རྒྱབ་ལ་དགྱེ།།
མིག་ཤེལ་ནག་པོའི་རྒྱབ་ལོག་ནས།།
སུ་ལ་གཟིགས་སམ་ཡིད་འོང་མ།།
རྐང་གཉིས་ཅུང་ཙམ་བསྐུམ་པ་དེ།།
འབྲོང་རའི་བཀུག་པའི་གཞུ་དང་འདྲ།།
ཚང་ར་རབ་རྒྱས་བརྔམ་པ་དེ།།
མིག་མེད་སྒྲོ་ཅན་མདའ་དང་འདྲ།།
སྙིང་རྗེ་མེད་པའི་མདའ་མོ་དེ།།
སྟག་ཤར་སུ་ཡི་སྙིང་ལ་འཕེན།།
༼ ༡༠ ༽
བཀའ་དྲིན་ཅན་གྱི་ཨ་སྐྱིད་མ།།
བདག་གི་སེམས་ངལ་གསོལ་རོགས་བྱས།།
ཁྱོད་ནི་དཀོན་མཆོག་གིས་གནང་བས།།
བདག་ལ་ལེགས་སྐྱེས་བཟང་པོ་ཞིག །
༼ ༡༡ ༽
ཐག་རིང་བརྩེ་དུང་།
སྡུག་བསྔལ་གྱི་རྒྱ་མཚོ།
མཚན་མོར་རྒྱ་མཚོའི་རྦ་རླབས་ལ་ལྟ་བ་བཞིན་དུ།
རྒྱང་ལྟ་ཇི་ཙམ་བྱས་ཀྱང་རྒྱ་མཚོའི་ཕ་རོལ་དུ་བརྒལ་ཐུབ་པའི་ནུས་པ་མེད་པར་ལྟར།
ཁྱོད་དང་འུ་གཉིས་དྲན་གདུང་གིས་མནར་བ་ཙམ་ལས་མཉམ་འཛོམས་ཀྱི་གོ་སྐབས་ནི་ཧ་ཅང་གིས་དཀོན་པ་མཐོང་།
ང་རྒྱ་མཚོ་ལ་ལྟ་བ་དགའ་ཡང་ལྟ་བཞིན་ལྟ་བཞིན་སེམས་པའང་བརྔམ།
དེ་ནི་མི་ནུས་མེད་ཅིག་རྒྱ་མཚོའི་ནང་དུ་རྐྱལ་བ་ན་མཆི་རྒྱུ་ལས་མེད་པ་ནང་བཞིན་གྱིས།
ངེད་གཉིས་ཀྱང་ཐག་རིང་གི་བརྩེ་དུང་ནང་དུ་སྡུག་བསྔལ་གྱིས་མཆི་རྒྱུ་ལས་གཞན་མ་་་སྣང་།
སྙིང་ཉེ་མ །
ཐག་རིང་གི་དུང་བ །
ནམ་ཡང་བརྗེད་མི་ཐུབ་པའི་ཁྱོད།
༼ ༡༢ ༽
དེ་རིང་གི་གནམ་ངོ་།
སྤྲིན་དཀར་མེད་པར་སྔོ་ཐིང་ཐིང་།
དེ་རིང་གི་གནམ་ངོ་།
ང་རང་གི་སེམས་ཁམས་དང་འདྲ་བར་དྭངས་ཤིང་གསལ།
ང་རྩྭ་ཐང་གི་སྟེང་ལ་གན་རྐྱལ་དུ་ཉལ་ཏེ།
དྭངས་པའི་མཁའ་དབྱིངས་སུ་ཁྱོད་ཀྱི་འཛུམ་ཞལ་མཇལ།
ཨེ་མ། ང་ཧ་ཅང་དགའ་ལ་ཧ་ཅང་སྐྱིད།
དེ་ནི་ཁྱོད་ཀྱིས་ང་ལ་གནང་བའི་དེ་རིང་གི་བྱ་དགའ་ཡག་ཤོས་དེ་ཡིན།
༼ ༡༣ ༽
ཁྱོད་དང་ངེད་གཉིས་བསྡད་ས།།
མཐའ་ཡས་རྒྱ་མཚོའི་བཅད་ཀྱང་།།
བརྩེ་བའི་སྙིང་གཏམ་དྲོད་མོ།།
ཁ་པའི་བརྒྱུད་ནས་བསྒྲགས་ཡོད།།
༼ ༡༤ ༽
བུ་མོ་གུ་ཀུམ་མེ་ཏོག།
ཁ་དོག་འགྱུར་བ་མ་གནང་།།
བུ་ཆུང་ཕྱེ་ལེབ་ཁྲ་མོས།།
ལ་ལུང་སྐོར་ནས་སླེབས་ཡོང་།།
༼ ༡༥ ༽
ཁྱོད་ནི་དཀར་གསལ་ཟླ་བ།།
ང་ནི་ས་ཡི་རྒྱལ་སྲས།།
ལེ་དབར་སྟོང་གི་ཆད་ཀྱང་།།
ཁུ་སིམ་མཚན་མོར་འཛོམས་ཡོད།།
༼ ༡༦ ༽
དྭངས་གཙང་སེམས་ཀྱི་ཆུ་མིག།
ཁྱོད་རང་སྐོམ་པ་སེལ་ཆོག །
སྙིང་གཏམ་ངག་གི་ཕྲེང་བས།།
ཁྱོད་ཀྱི་སེམས་ཁམས་གསོལ་ཆོག །
༼ ༡༧ ༽
ཁྱོད་ནི་ཕྱེ་ལེབ་ཁྲ་མོ།།
ལྷེབ་སེ་ལྷེབ་ལ་འཕུར་སོང་།།
ང་ནི་མེ་ཏོག་སེར་ཆེན།།
ལྡོམ་རའི་ནང་ལ་ལུས་སོང་།།
༼ ༡༨ ༽
དཀར་གསལ་ཟླ་བའི་འོག་གི །
རྒྱ་གྲོང་ཆེན་པོའི་ནང་དུ།།
བདག་གི་བརྩེ་བའི་བྱམས་པ།།
སྐྱིད་པོའི་གཉིད་ལ་རོལ་ཡོད།།
དཀར་གསལ་ཟླ་བ་འགྲོག་སྟེ།།
བརྩེ་བའི་ཨ་སྐྱིད་ཁྱོད་ལ།།
གཟིམ་འཇག་གནང་ཞེས་ཚིག་གསུམ།།
ཉལ་ཁའི་ཤིས་ཚིག་འབུལ་ལོ།།
ཨ་སྐྱིད་མས།
རྒྱ་གར་འཕགས་པའི་ཡུལ་གྱི།།
ཨ་ལོ་སྙིང་གི་ཚི་ལུ།།
ཁྲི་གདུགས་ཉི་མའི་མཉམ་དུ།།
འཚམ་འདྲི་ལེན་གསུམ་བསྐུར་ཡོད།།
༼ ༡༩ ༽
དེ་རིང་དཔལ་ལྷའི་ཉིན་མོ་འདིར།།
ངེད་གཉིས་ཡིན་ཡང་རྒྱང་ལྟ་རེ།།
བརྩེ་དུང་ལྷོད་མེད་དྭངས་གཙང་དེ།།
ཐག་རིང་ཡུལ་ནས་ཡང་ཡང་འབུལ།།
༼ ༢༠ ༽
ཡིད་འོང་སྙིང་གི་མེ་ཏོག །
དེ་འདྲའི་ཡིད་དབང་འཕྲོག་པོར།།
ཁྱོད་ལ་ཅི་ཙམ་བལྟས་ཀྱང་།།
བདག་སེམས་ཚིམ་པ་མི་འདུག །
༼ ༢༡ ༽
ཁྱོད་བཞུགས་འབོལ་གདན་ལེགས་པོ།།
འབོལ་འབོལ་གདན་གྱི་སྒང་ལ།།
དགའ་དགས་འོ་ཞིག་སྟེར་ན།།
ཅི་འདྲའི་སྐྱིད་ཅིག་ཡོད་དམ།།
༼ ༢༢ ༽
ཐག་རིང་ཡུལ་ལ་བཞུགས་པའི།།
སེམས་སོང་སྙིང་གི་ནོར་བུ།།
ཉིན་མཚན་ཀུན་ཏུ་དྲན་དགོས།།
སྔོན་ལས་ཅི་ཞིག་ཡིན་ནམ།།
༼ ༢༣ ༽
ཡིད་འོང་ཨ་སྐྱིད་ལྷ་མོ།།
ལྟ་བཞིན་ལྟ་བཞིན་མཛེས་པ།།
ཁུ་སིམ་མཚན་མོའི་ཡུལ་ལ།།
མཉམ་དུ་འཛོམས་ན་དགའ་བ།།
༼ ༢༤ ༽
རེད། བསམ་བློ་མང་པོ་བཏང་བ་ཡིན།
ངའི་ཀླད་པའི་ཀྱལ་བའི་ནང་དུ་ཁྱོད་རང་གི་ཉམས་དང་ལྡན་པའི་གཟུགས་བརྙན་གྱི་གང་འདུག །
ངའི་མིག་གིས་ག་བ་བལྟས་ཀྱང་ཁྱོད་རང་གི་འཛུམ་མདངས་དེ་རེད་འདུག །
ངའི་རྣ་བའི་ནང་དུའང་ཁྱོད་རང་གི་སྙན་འཇེབས་ལྡན་པའི་སྐད་དེ་ལས་གཞན་སྒྲ་གང་་ཡང་མི་འདུག །
ངས་མཆོད་པ་ཕུལ་དུས་སུ་ཡིད་ལ་སངས་རྒྱས་དང་དཀོན་མཆོག་སྒོམ་དགོས་ཀྱང་།
དེ་མེད་པར་ཁྱོད་རང་དང་མཉམ་དུ་སྣང་བའི་ཡུལ་ལ་སྐད་ཆ་བཤད་ཀྱིན་འདུག །
ལྟོས་དང་། ངས་ཁྱོད་རང་ལ་སེམས་པ་ཡོངས་སུ་ཤོར་ཚར་བ་མ་རེད་དམ།
ཁྱོད་ཀྱིས་ང་ལ་བུ་མོ་བཀུག་མཁས་པ་འདུག་གསུང་བྱུང་ཡང་།
ང་མཁས་པ་ཡོད་མེད་མ་ཤེས་ཀྱང་ཁྱོད་རང་གིས་ངའི་སེམས་པ་ཡོངས་སུ་རྐུས་ཚར་་་་་་འདུག །
ངའི་ངག་དང་ཚོར་བ་གཉིས་ཀྱང་ཁྱོད་ཀྱིས་བརྐུས་ཚར་འདུག །
མེས་པོ་རྣམས་ཀྱི་ཁ་དཔེ་ལ།
རླུང་བསེར་བུ་ཞགས་པས་མི་ཟིན། ཆུ་གཙང་བོ་རྡོ་ཡི་མི་ནོན་ཟེར་བ་དེ་ལོས་བདེན།
སེམས་རྐུ་མཁན་ཡང་ག་ལ་བཀག་ཐུབ།
ད་ནི་ངའི་ལུས་པོ་འདིར་སེམས་མེད་པའི་བེམ་པོ་ཞིག་ལ་འགྱུར་ཚར་འདུག །
ཨ་སྐྱིད་མ།ངོ་མ་ཡིན །
དེ་ནི་སྐྱེ་བ་སྔོན་མར་ངས་ཁྱོད་ལ་ཆད་པའི་བརྩེ་དུང་གི་བུ་ལེན་ཞིག་མིན་ནམ་ཅི།
༼ ༢༥ ༽
གཡུ་ཡི་སྤང་གཞོང་སྒང་ལ།།
ཡིད་འོང་ཚ་ལུ་བུ་མོ།།
ཁྱོད་རང་གཟི་བརྗིད་ཆེ་ལ།།
འདོད་པའི་ཡོན་ཏན་ཕྱུགས་པ།།
ཚ་ལུ་བོ་མོ་ཁྱོད་ལ།།
བལྟས་ཀྱང་ངོམས་པ་མི་འདུག །
མྱུར་དུ་ཁྱོད་རྩར་ཡོང་ནས།།
དམ་དུ་ལེན་གཅིག་འཐམ་བསམ།།
༼ ༢༦༽
ཨ་སྐྱིད་མས །
སྟག་ཤར་ཙན་དན་སྡོང་པོར།།
བརྩེ་སེམས་ཙན་དན་དྲི་བསུང་།།
སྨན་ཆུང་ཁུ་བྱུག་སྔོན་མོ།།
ཙན་དན་ནག་གི་རྒྱན་ཆ།།
༼ ༢༧ ༽
སེམས་པ་སེམས་ལ་སོང་བས།།
མཚན་མོའི་གཉིད་ཀྱང་སད་སོང་།།
སེམས་སོང་ཡིད་འཕྲོག་ལྷ་མོ།།
ད་ལྟ་གང་དུ་བཞུགས་ཡོད།།
༼ ༢༨ ༽
ཟླ་བ་དཀར་པོ་མཐོང་དུས།།
ཁྱོད་རང་ཡིད་ལ་འཁོར་བྱུང་།།
བརྩེ་བའི་སྙིང་གཏམ་ཚིག་གསུམ།།
ཟླ་བའིབརྒྱུད་ལ་བསྐུར་ཡོད།།
༼ ༢༩ ༽
སེམས་པས་རླུང་ལ་སྤྲུལ་ནས།།
བརྩེ་སེམས་མདའ་མོ་བཏང་ཡོད།།
རང་སེམས་དགའ་བའི་མི་ལ།།
སེམས་ཀྱི་དཀྱིལ་ལ་ཨེ་བྱུང་།།
༼ ༣༠ ༽
ཨ་སྐྱིད་མ། ཁྱོད་ཀྱིས་ངའི་ཕྱི་ཡི་གཟུགས་དང་ནང་སེམས་ཀྱི་ཚོར་བ་ཐམས་ཅད་ལ་དབང་སྒྱུར་བྱས་ཚར་འདུག །
དེ་ནི་འདི་ལྟར་ཏེ།
ཡིད་འོང་གི་འཛུམ་མདངས་སེམས་ངོས་སུ་བརྐོས་ཤིང་།
དཀར་གཙང་གི་སྐུ་གཟུགས་མིག་ནང་གི་མཛེས་རིས།
འཇེབས་ལྡན་གྱི་གསུང་སྐད་རྣ་བ་ཡི་སྙན་དབྱངས །
དེ་ཐམས་ཅད་ང་རང་ཁོ་ནའི་དབང་པོ་སོ་སོས་མྱོང་བཞིན་དུ་ཉིན་མཚན་གྱི་དུས་མདའ་བར་བྱེད།
ལྷག་པར་དུ་ཁྱོད་ཀྱིས་ཐག་རིང་གི་འོ་རེ་རེ་དེ།
ངས་དངོས་སུ་མྱོང་བ་ནང་བཞིན་གྱི་བདེ་སྐྱིད་ཅིག་མེད་ན་ཡང་།
ངའི་སེམས་པ་ཁྱོད་ལ་ཕྱོགས་པའི་ལྕགས་ཀྱུ་ངོ་མ་དེ་རེད་འདུག་ལ།
ངའི་སེམས་པ་ཁྱོད་ལ་དགའ་བའི་ཚོར་བ་ཡག་ཤོས་དེ་ཡང་རེད་འདུག །
ངེད་གཉིས་སྡོད་ས་ལེ་དབར་སྟོང་གི་ཆད་ཡོད་ནའང་།
བརྩེ་དུང་གི་སེམས་པ་དེ།
དྲོ་སོབ་ཀྱི་ཚོར་བས་ཡོངས་སུ་རུམ་འདུག །
ཨ་སྐྱིད་མ །ངོ་མ་ཁྱོད་ལ་དགའ།
ཁྱོད་ནི་ངའི་ཤེལ་སྒོ་ནང་གི་མཛེས་མ་དང་།
ནམ་མཁའི་ཟླ་བ་ནང་བཞིན་གྱི་ཐག་རིང་དུ་གནས་ཡོད་པ་ཤེས་ན་ཡང་།
ད་དུང་ངས་ཤེལ་སྒོ་ནང་དུ་ཡང་ཡང་ལྟ་ཞིང་ཁྱོད་རང་མཆར་རྒྱུ་ལ་སྒུག་པ་མ་ཟད།
མི་ཡུལ་ནས་ཟླ་གར་ལ་ལྟ་བ་ནང་བཞིན་གྱི་ཐག་གི་ཡུལ་ནས་ཁྱོད་ལ་བལྟས་ནས་ཡོད།
ངེད་གཉིས་འཇིག་རྟེན་གཅིག་དང་འཛམ་གླིང་གཅིག །
ཉི་མ་གཅིག་དང་ཟླ་བ་གཅིག་གི་འོག་ལ་འཚོ་ཡོད་ཀྱང་།
གནས་སྐབས་ལས་དབང་གི་ལེ་དབར་མང་པོའི་བར་ཐག་ཡོད་པ་ནི་ཅི་འདྲའི་ཡ་ང་བ་་་ཞིག་རེད་ཨང་།
ཡིན་ནའང་ཨ་སྐྱིད་མ། ང་ཁྱོད་ལ་དགའ་བ་མ་ཟད །
དགའ་ཞེས་པའི་ཚོར་བ་དེ་ཡང་དེ་འདྲའི་ཡ་མཚན་པ་ཞིག་རེད།
མཐོང་རྒྱུ་མེད་ལ་རེག་རྒྱུ་ཡང་མེད་པར། ག་དུས་ཡོང་དང་ག་དུས་འགྲོ་ཡང་མི་ཤེས་པར།
རང་ཁོ་ནའི་མྱོང་བའི་ཚོར་བ་ཞིག་རེད་འདུག །
མདོར་ན་ཅི་འདྲ་ཞིག་ཡིན་རུང་། ཅི་འདྲ་ཞིག་ཆགས་རུང་། ང་ཁྱོད་ལ་དགའ་ཡོད་ལ། ངའི་སེམས་ལ་ཁྱོད་ཀྱི་བརྩེ་དུང་གི་ཚོར་བ་དེ་ནམ་ཡང་དྲོ་སོབ་མེར་གནས་འདུག་གོ །
༼ ༣༡ ༽
བརྩེ་སེམས་སེམས་ནས་བཞུར་བའི།།
འོ་མ་དཀར་པོའི་གསོལ་ཇ།།
ཞོགས་པའི་འཚམ་འདྲིའི་ཚུལ་དུ།།
དགའ་མ་ཁྱོད་ལ་འབུལ་ལོ།།
༼ ༣༢ ༽
ཁ་པའི་བརྒྱུད་ཀྱི་གསུང་ཚིག་རེ་རེ་དེ།།
བདག་སེམས་འགུག་པའི་ཞགས་པའི་ཨ་ལོང་འདྲ།།
བརྙན་མཐོང་ནང་གི་འདོད་པའི་འོ་རེ་རེ།།
བདག་བླ་འཕྲོག་པའི་གཤིན་རྗེ་རེ་རེ་འདྲ།།
༼ ༣༣ ༽
ཞོགས་པ་སྔ་པོ་ལོང་དུས།།
འཇོལ་མོས་གསུང་སྐད་སྒྲོག་བྱུང་།།
འཇོལ་མོའི་གསུང་སྐད་གོ་དུས།།
ཁྱོད་ཀྱི་འགྱུར་ཁུག་དྲན་བྱུང་།།
༼ ༣༤ ༽
དུས་རབས་གསར་བའི་ཆུ་ཚོད།།
ཅུང་ཙམ་སྒུག་པ་གནང་དང་།།
ང་དང་བྱམས་པའི་སྙིང་གཏམ།།
ད་དུང་རྫོགས་རྒྱུ་མི་འདུག །
༼ ༣༥ ༽
ཁྱོད་སེམས་འོ་མ་དཀར་པོ།།
སྙིང་གཏམ་འབྲི་མར་སེར་པོ།།
ང་ནི་སྦྲང་དཀར་རྩམ་པ།།
འཛོམས་ས་དཀར་ཡོལ་འབྲུག་རིས།།
༼ ༣༦ ༽
རྡོ་རྗེ་དྲིལ་བུ་ནང་བཞིན།།
ནམ་ཡང་བྲལ་རྒྱུ་མེད་ན།།
རྔ་ལ་དབྱུག་གུས་གནོན་འདྲ།།
ཅི་ཙམ་གནོན་ཡང་ཆོག་ག །
༼ ༣༧ ༽
ཁུ་བྱུག་མོན་ལ་འཕུར་སོང་།།
ལྕང་བསིལ་སྟོང་བ་ཆགས་སོང་།།
འཇོལ་མོས་གྲེ་འགྱུར་ངོམ་ཡང་།།
ཁྱོད་རང་འགྲན་ས་མི་འདུག །
༼ ༣༨ ༽
བྱམས་པ་ཁྱོད་ཀྱི་ཞལ་རས།།
མེ་ཏོག་དཀར་ཆེན་འདྲ་བྱུང་།།
ངའི་སེམས་གཡུ་སྦྲང་ཆུང་ཆུང་།།
ཁྱོད་ཀྱི་ཕྱོགས་ལ་འཕུར་སོང་།།
༼ ༣༩༽
ཐག་རིང་ཡུལ་ལ་བཞུགས་པའི།།
བརྩེ་བའི་སྙིང་སྡུག་ལྷ་མོ།།
དབྱར་གྱི་ཁུ་བྱུག་ཕེབས་འདྲ།།
ཁྱོད་རང་ག་དུས་ཕེབས་སམ།།
༼ ༤༠ ༽
དུང་ཆེན་འདྲ་བའི་སེམས་པ།།
ང་ལ་དར་སྲོལ་མེད་པའི།།
དྭངས་གཙང་ཁྱོད་ཀྱི་སེམས་པ།།
དུང་དཀར་ལྟ་བུ་མ་འཁྱོག །
༼ ༤༡ ༽
ཁྱོད་རང་བསྒུགས་བསྒུགས་བསྒུགས་སྟེ།།
ཆུ་ཚོད་གོར་མོ་བལྟས་བལྟས།།
རྫོགས་རྒྱུ་ཅན་ཞིག་ཡིན་ན།།
རྫོགས་ནས་འབྱུང་བཞིར་འཐིམ་ཟིན།།
༼ ༤༢ ༽
ཁྱོད་ཀྱིས་གསུང་སྐད་རེ་རེ་དེ།།
རིན་ཆེན་སྨན་མཆོག་སྦྱིན་དང་འཚུངས།།
ཁྱོད་ཀྱིས་འཕྲིན་ཐུང་རེ་རེ་དེ།།
ལྟོགས་དུས་ཟས་དང་འཕྲོད་པར་འདྲ།།
༼ ༤༣ ༽
སྙན་པའི་གླུ་ཡི་འགྱུར་ཁུག་དེ།།
ཞོགས་པའི་འཚམ་འདྲི་ཚུལ་དུ་འབུལ།།
མཛའ་མོའི་ཡིད་སེམས་སྤྲོ་བར་ཤོག །
གསོལ་ཇ་མངར་མོ་ཕོར་གང་དེ།།
བློ་སེམས་དཀར་པོས་ཁྱོད་ལ་འབུལ།།
མཛའ་མོ་ལུས་ཁམས་བདེ་བར་སྨོན།།
༼ ༤༤ ༽
འོ་ཞིམ་པོ་དགའ་བའི་སྔོན་འགྲོ་ཡིན།།
ལྕེ་བྲོ་ལྡན་འདོད་པའི་ཨ་རག་ཡིན།།
ངའི་ཉིང་ཁུ་ཐམས་ཅད་ཁྱོད་ལ་འབུལ།།
ཁྱོད་བདེ་སྐྱིད་ཚོར་བའི་འཁུན་སྒྲ་འབྱིན།།
༼ ༤༥ ༽
ཐག་རིང་ཡུལ་ལ་བཞུགས་པའི།།
ཤེལ་སྒོ་ནང་གི་སྙིང་སྡུག །
ཐུག་འདོད་ང་ལ་ཡོད་ཀྱང་།།
ལེ་དབར་སྟོང་གི་ཆད་འདུག །
༼ ༤༦ ༽
མེ་ཏོག་དཀར་པོ་ཁྱོད་ཀྱི་སྐུ་གཟུགས་འདྲ།།
ཟིལ་པ་ཕྲོམ་ཕྲོམ་ང་ཡི་བརྩེ་དུང་འདྲ།།
ཟིལ་བས་མེ་ཏོག་སྐོམ་པ་མ་བསངས་ན།།
མཛེས་པའི་མེ་ཏོག་རྣམ་པ་ག་ལ་བཀྲ།།
༼ ༤༧ ༽
སྐུ་གཟུགས་དཀར་པོ་དུང་དང་འདྲ།།
རེག་པ་ཙམ་གྱི་སྲེད་པ་འཕེལ།།
བདེ་འབྱུང་བྷ་གའི་དཀྱིལ་འཁོར་ནས།།
མཛེས་པའི་སྲས་མོས་ལྐོག་ལྟ་བྱེད།།
༼ ༤༨ ༽
ཡིད་འོང་སྙིང་སྡུག་ཉི་ཟེར་འགྲོགས་བྱས་ནས།།
འཁོར་བའི་སྡུག་བསྔལ་ལས་ལ་བྲེལ་བཞིན་ནམ།།
ཐག་རིང་ཡོད་པའི་ཁྱོད་ཀྱི་སྙིང་གི་ནོར།།
སྐར་ཆ་རེ་རེར་བརྗེད་མེད་དྲན་བཞིན་ཡོད།།
༼ ༤༩ ༽
ཟླ་བ་མེད་པའི་མཚན་མོ་ནག་ན་ཡང་།།
ཁྱོད་རང་འཛུམ་པའི་བཞིན་རས་གསལ་ལྷང་ལྷང་།།
ཉལ་རོགས་མེད་པའི་ཉལ་ས་སྟོང་ན་ཡང་།།
རྨིས་ལམ་ནང་དུ་འཛོམས་པ་སྐྱིད་ཅིག་རེད།།
༼ ༥༠ ༽
མིག་ཟུང་བཙུམས་ན་ཁྱོད་ཀྱི་འཛུམ་མདངས་འཕྲོ།།
མིག་ཟུང་ཕྱེ་ན་ཁྱོད་ཀྱི་གཟུགས་བརྙན་འཆར།།
ཐག་རིང་ཡུལ་དུ་གཅིག་བུ་བསྡད་ན་ཡང་།།
ཁེར་རྐྱང་ཡིན་པའི་ཚོར་སྣང་བདག་ལ་མེད།།
༼ ༥༡ ༽
ཁ་པར་ལེབ་མོ་ངོས་ལ་ཡང་ཡང་བལྟས།།
དེ་ནི་ཁྱོད་རང་སྒུག་པའི་རྟགས་ཤིག་རེད།།
ཁྱོད་ཀྱི་པར་ལ་བལྟས་ནས་འཛུམ་དམུལ་ཏེ།།
ཀླད་པའི་ཀྱལ་བའི་ནང་དུ་འཛོམས་པ་འདྲ།།
༼ ༥༢ ༽
ངེད་གཉིས་བརྩེ་དུང་རང་བཞིན་མ་གྲུབ་པའི།།
ཐོག་མེད་དུས་ནས་བསགས་པའི་འབྲས་བུ་ཞིག །
སྐྱེ་བ་འདི་ལ་སྨན་པ་ངོ་མཚར་ཆེ།།
བརྩེ་དུང་བུ་ལོན་སེལ་བའི་སྨོན་ལམ་འདེབས།།
༼ ༥༣ ༽
འོ་ཞིམ་པོ་བཙོག་པ་ཡིན་གྱུར་ན།།
ཅི་ཕྱིར་ཁྱོད་ཀྱིས་གྲངས་མེད་ལེན།།
ལྕེ་བྲོ་ལྡན་བཙོག་པ་ཡིན་གྱུར་ན།།
ཅི་ཕྱིར་ཁྱོད་ཀྱིས་གྲངས་མེད་འཇིབ།།
༼ ༥༤ ༽
མི་དགོས་མི་དགོས་ཟེར་ནས།།
བདེ་སྐྱིད་གྲངས་མེད་མྱོང་ཡོད།།
ཉམས་ལྡན་ཡིད་འཕྲོག་ཁྱོད་ཀྱིས།།
སྤོབས་པའི་གསུང་དེ་མ་གནང་།།
༼ ༥༥ ༽
ཡིད་འོང་མོ་སྨན་ཉི་ཟེར་འགྲོགས་བྱས་ནས།།
འཁོར་བའི་ལས་ལ་བྲེལ་ཞིང་སྡུག་བསྔལ་བར།།
ཐག་རིང་ཡུལ་ལ་ཡོད་པའི་ཁྱོད་ཀྱི་མིས།།
ཁྱོད་རང་དཀའ་སོང་ཟེར་བའི་ཚིག་གསུམ་ཞུ།།
༼ ༥༦ ༽
མེ་ཏོག་དཀར་པོ་ཁྱོད་ཀྱི་སྐུ་གཟུགས་འདྲ།།
སེའུ་འབྲུ་བཅུད་ལྡན་ཁྱོད་ཀྱི་ཉིང་ཁུར་འདྲ།།
འདོད་པའི་སེའུ་འབྲུ་རོལ་བའི་བུང་བ་ང་།།
ཡོངས་སུ་བཟིས་ནས་ཉིན་མཚན་དྭངས་བར་དཀའ།།
༼ ༥༧ ༽
ཞོགས་པའི་རྟ་བདུན་ཤར་ནས་འཛུམ།།
ཁྱོད་ཀྱི་དགའ་སྣང་ཤག་ནས་འཛུམ།།
འཛུམ་པ་རྣམ་གཉིས་ཟུང་འབྲེལ་ལས།།
འཇིག་རྟེན་མི་ཡུལ་གསལ་བ་བྱེད།།
༼ ༥༨ ༽
བརྩེ་དུང་མེ་ཏོག་ལེ་དབར་སྟོང་གི་སྣེ།།
བརྩེ་དུང་མངར་མོ་ཉིན་མཚན་ཀུན་ཏུ་འབུལ།།
བརྩེ་དུང་གསུང་སྙན་ཁ་པའི་བརྒྱུད་ནས་སྒྲོག །
བརྩེ་དུང་དྲོ་སོབ་ནམ་ཡང་ཡལ་མ་མྱོང་།།
༼ ༥༩ ༽
མཛེས་པའི་མེ་ཏོག་དེ་དང་ཁྱོད་ཀྱི་བཞིན།།
འཛུམ་མདངས་བཀྲ་བར་མི་ཡུལ་མཛེས་པ་བྱེད།།
མཛེལ་པ་རྣམ་གཉིས་ལྷ་ལ་མཆོད་པ་འབུལ།།
ངེད་གཉིས་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས།།
༼ ༦༠ ༽
རིང་རིང་རིང་དུང་སོང་ཡང་།།
འཛུམ་མདངས་སྔ་ལྟར་རྒྱས་འདུག །
ཐག་རིང་ཡུལ་ནས་བསྒྲགས་པས།།
གསུང་སྐད་སྔ་ལྟར་སྙན་པར།།
དེ་ལྟར་གནས་པའི་ལས་དེ།།
དུང་བ་ཟབ་པའི་རྟགས་རེད།།
༼ ༦༡ ༽
སྐུ་གཟུགས་དུང་ལྟར་དཀར་བ་དེས།།
སྦྲུལ་དཀར་བཞིན་དུ་འཁྱུག་ཐེངས་རེར།།
སྲེད་པའི་ཚོར་བ་རྒྱ་མཚོའི་རླབས།།
ལུས་རྩྭ་ཐམས་ཅད་ལྷིང་འཇགས་མེད།།
༼ ༦༢ ༽
ཞོགས་པ་ཉལ་ལས་ལོང་པ་ན།།
མེ་ཏོག་དམར་པོའི་དྲི་བསུང་དང་།།
གླུ་དབྱངས་སྙན་མོའི་མཆོད་པ་འབུལ།།
དེ་ནི་ཁྱོད་རང་སྤྲོ་བའི་ཆེད།།
༼ ༦༣ ༽
བཀའ་དྲིན་ཅན་གྱི་ཨ་སྐྱིད་ཁྱོད།།
བརྩེ་གྲོགས་ཁོ་ན་མ་ཡིན་པར།།
ཁྱོད་ཀྱིས་བྱང་སེམས་སྤྲུལ་བྱས་ནས།།
བདག་ལ་སེམས་ངལ་གསོལ་རོགས་བྱས།།
༼ ༦༤ ༽
ཉི་མ་ནུབ་རིར་རྒལ་སོང་།།
བྱམས་པ་ཁྱིམ་ལ་ལོག་བྱུང་།།
ཉིན་གཅིག་ལས་ལ་བྲེལ་བས།།
སྐུ་ལས་ཁག་པ་ཨེ་བྱུང་།།
༼ ༦༥ ༽
ཁྱོད་ནི་ཟླ་གར་ལྷ་མོ།།
ཟླ་བའི་ཁང་བཟང་ཕེབས་སོང་།།
ཞེན་ཆགས་མི་ཡུལ་ལུས་པས།།
ཕྱིར་བལྟས་ལན་གསུམ་གནང་བྱུང་།།
༼ ༦༦ ༽
ཐག་རིང་ཡུལ་ལ་བཞུགས་པའི།།
ཉམས་ལྡན་ཡིད་འཕྲོག་ལྷ་མོར།།
སེམས་ཀྱི་བང་ཁ་བཏང་ཡང་།།
ཨ་ལན་མེད་པར་སྐྱོ་བྱུང་།།
༼ ༦༧ ༽
སྐུ་གཟུགས་དཀར་གཙང་ཕྲ་མོ་ལ།།
སྨུག་སྐྱའི་རས་ལྭའི་བཀླུབས་པར་མཛེས།།
སྐྲ་ལོ་ཕྲག་གཞུང་འཁྱིལ་བ་དེ།།
ཅུང་རེ་མདུན་རྒྱབ་གཡུག་པ་ན།།
འདོད་ལྡན་སྐྱེ་བོ་འགུག་པའི་ཞགས།།
པང་ཁེབས་ཁྲ་མོ་མདུན་ལ་མཛེས།།
ཉིང་ཁུ་བདག་པོ་ཡོད་པའི་བརྡ།།
བཅོས་མིན་ཡིད་འོང་རྣམ་འགྱུར་ལ།།
སྐྱེ་བོ་ཐམས་ཅད་འཛུམ་ཤིག་ཤིག །
༼ ༦༨ ༽
དེ་རིང་གནམ་གཤིས་འཁྲིགས་འདུག །
བསིལ་བསིལ་རླུང་བུ་ལྡང་གིན།།
འོན་ཀྱང་སེམས་ཀྱི་དུང་ཟླ།།
ཁྱོད་ཀྱི་ཕྱོགས་ལ་འཛུམ་ཡོད།།
༼ ༦༩ ༽
དེ་རིང་ཐོ་རངས་དུས་སྐབས་སུ།།
དྲན་པའི་ཚོར་བས་གཉིད་ལས་དཀྲོག།
དེ་ནས་ད་བར་ཧ་ཅང་དྲན།།
ཁྱོད་ལ་བརྩེ་བའི་བུ་ལོན་འདྲ།།
༼ ༧༠ ༽
རྡོ་གདན་མཚེའུ་ཁ་ལ།།
ཀླུ་མོ་དུང་སྐྱོང་དཀར་མོ།།
མི་ཡི་གཟུགས་སུ་ཕེབས་ནས།།
སྐུ་ལ་སྨུག་ནག་ལྭ་བ།།
སྤྱན་ཟུང་མིག་ཤེལ་ནག་པོ།།
ཞལ་བཟང་ཅུང་ཙམ་འཛུམ་པར།།
མིའི་བུ་སུ་ལ་ཆགས་སོང་།།
༼ ༧༡ ༽
ཁྱོད་ཀྱིས་འདོད་ཉམས་རེ་རེ་ངོམ་བ་ན།།
ཆགས་ལྡན་རྒྱ་མཚན་ཅན་ལ་འགྲམ་ཆུ་ལྡང་།།
མོ་དམན་ཕྲག་དོག་ཅན་གྱིས་མིག་རིག་རིག །
ཁྱོད་ཀྱིས་སྙན་དབྱངས་འགྱུར་ཁུག་རེ་རེ་དེས།།
སངས་རྒྱས་བྱང་སེམས་རྣམས་དང་སྐྱེ་བོ་ཀུན།།
ཡིད་སེམས་མགུ་ནས་དགའ་བའི་འཛུམ་མདངས་འཕྲོ།།
བྱེའུ་ཆུང་འཇོལ་མོ་ལྕང་བའི་གསེབ་ལ་ཡིབ།།
ཁུ་བྱུག་སྔོན་མོས་ནགས་ནས་ལྐོག་ལྟ་བྱེད།།
༼ ༧༢ ༽
ཁྱོད་ནི་སྤྲིན་པ་དཀར་པོ།།
གང་འདོད་ཕྱོགས་ལ་འཕུར་ཆོག །
ང་ནི་རྫ་རི་སྨུག་པོ།།
འགྲོ་བའི་རང་དབང་མི་འདུག །
༼ ༧༣ ༽
ཆུ་དང་འོ་མ་འདྲེས་འདྲེས།།
སེམས་དང་ཞེན་ཆགས་འདྲེས་སོང་།།
དཀར་པོ་ལུས་ཟུང་འདྲེས་འདྲེས།།
ལུས་དང་གྲིབ་མ་འདྲ་བྱུང་།།
༼ ༧༤ ༽
དགུན་ཟླ་བཅུ་གཅིག་ཚེས་དྲུག་ཉིན།།
ཁ་མ་ཆར་གྱིས་ས་གཞི་སྦངས།།
བསིལ་བསིལ་རླུང་བུས་བདག་ལུས་གཙེར།།
ཐག་རིང་ཡུལ་གྱི་དགའ་མ་ཁྱོད།།
དྲོ་སོབ་རུམ་པ་དྲན་བཞིན་དུ།།
པུས་མོ་རུམ་ནས་གཅིག་བུ་ཉལ།།
༼ ༧༥ ༽
ཁྱོད་ནི་ངུར་བ་སེར་པོ།།
ང་ནི་གཡུ་མཚོ་སྔོན་མོ།།
ངུར་བ་བློ་སེམས་མ་འགྱུར།།
གཡུ་མཚོ་རྟེན་དུ་གནས་ཡོད།།
༼ ༧༦ ༽
ཐག་རིག་གི་སྙིང་ཉེ་མ།
གལ་སྲིད་ང་ལ་སྤྲུལ་པ་ཞིག་ཡོད་ན།
ཟླ་བའི་འོད་ཟེར་གྱི་ཟམ་པ་བཙུགས་ནས་ཁྱོདརང་གི་འགྲམ་ལ་ཡོང་ན་འདོད །
གལ་སྲིད་ང་ལ་སྤྲུལ་པ་ཞིག་ཡོད་ན།
ངས་ཙན་དན་གྱི་དྲི་བསུང་ལ་སྤྲུལ་ནས།
བསིལ་བསིལ་རླུང་བུ་གྲོགས་སུ་བཀུག་སྟེ།
ཁྱོད་ལ་དྲི་བཟང་གི་མཆོད་པ་འབུལ་ན་འདོད།
ཡིན་ན་ཡང་ང་ལ་ནུས་པ་དེ་མེད་པས།
ཐག་རིང་གི་ཡུལ་ནས་དྲན་གདུང་གིས་མནར་ཏེ་རྒྱང་ལྟ་དང་རེ་སྒུག་ཁོ་ན་ཙམ་མོ།
༼ ༧༧ ༽
མི་སྒུག་མི་སྒུག་བསམས་ནས།།
ཨུ་ཚུགས་བྱས་ནས་ཉལ་ཡིན།།
འོན་ཀྱང་དམར་ཆུང་སེམས་པ།།
བདག་གིས་བཀག་ཐུབ་མི་འདུག །
ཡིད་འཕྲོག་ཐུགས་རྒྱལ་མ་བཞེས།།
དེ་ནི་དྲན་པའི་རྟགས་རེད།།
༼ ༧༨ ༽
གནམ་དང་སྤྲིན་པའི་བར་ནས།།
སྙིང་གཏམ་རླུང་ལ་སྐུར་ཡོད།།
ས་དང་སྨིག་པའི་བར་ནས།།
བསིལ་བསིལ་ཚོར་བ་ཨེ་བྱུང་།།
༼ ༧༩ ༽
ཁ་བ་ལྷེབ་ལྷེབ་བབས་དུས།།
བསིལ་བསིལ་རླུང་བུ་ཡོང་དུས།།
ཁྱོད་ཀྱི་བརྩེ་བའི་རུམ་ཁ།།
ཡང་ཡང་ཡིད་ལ་འཁོར་བྱུང་།།
༼ ༨༠ ༽
ཟླ་བས་ནུབ་རི་བརྒལ་དུས།།
ང་རང་ཡིན་ན་བསམ་བྱུང་།།
བརྩེ་བའི་བྱམས་པའི་བཞིན་རས།།
ལན་གཅིག་མཇལ་ན་བསམ་བྱུང་།།
༼ ༨༡ ༽
དྲན་ནས་སེམས་པ་ན་བྱུང་།།
གཉིད་མེད་ལུས་པོ་ན་བྱུང་།།
ཡིད་འཕྲོག་སྒྲོལ་མ་དྲན་ནས།།
དོན་འགྲུབ་མཆི་མ་བཞུར་སོང་།།
༼ ༨༢ ༽
རྒྱ་གྲོང་ཆེན་པོའི་དཀྱིལ་ལ།།
མི་ཚོགས་བརྒྱ་ཚོ་སྟོང་ཚོ།།
ཁྱོད་རང་མཇལ་རྒྱུ་མེད་པས།།
སེམས་པ་སྐྱིད་ཅིག་མི་འདུག །
༼ ༨༣ ༽
ཁྱོད་ནི་སྤྲིན་དཀར་འདབ་མ།།
བསིལ་བའི་གྲིབ་མ་ཕབ་བྱུང་།།
ང་ནི་མེ་ཏོག་དཀར་ཆེན།།
ཚ་བའི་ཚོར་བ་མ་བྱུང་།།
༼ ༨༤ ༽
ཁྱོད་ནི་དབྱངས་ཅན་ལྷ་མོ།།
ང་ནི་ངང་བ་དཀར་པོ།།
སྲས་མོ་ཕེབས་འདོད་ཡོད་ན།།
འཛམ་གླིང་ལྟད་མོ་འཁྲིད་ཆོག །
༼ ༨༥ ༽
ལུས་དང་གྲིབ་མ་འགྲོག་འགྲོག །
ཆུ་དང་ཉ་མོ་འགྲོག་འགྲོག །
ཁྱོད་དང་འགྲོག་རྒྱུ་བྱུང་ན།།
དམྱལ་བ་ལྷུང་ཡང་ཆོག་ག །
༼ ༨༦ ༽
ཐག་རིང་གི་མཛའ་མོ་ལགས །
དོ་དགོང་ནི་དེ་འདྲའི་ཁུ་སིམ་པོ་ཞིག་འདུག་ཨང་།
ང་རེ་སྒུག་གིས་ཚོར་བས་དེད་ནས་ཕྱི་རོལ་གྱི་སྤང་ཁ་རུ་འབྱོར།
ངས་དྲན་པའི་ཚོར་བ་དང་འགྲོགས་ནས་ཟླ་གར་ལྷ་མོ་ལ་བལྟས།
ཟླ་གར་ལྷ་མོས་འཛུམ་དམུལ་ངང་། བུ་རྒོད་སེམས་སྡུག་མ་བྱེད།
ཁྱོད་ཀྱི་མཛའ་མོ་ལས་ལ་བྲེལ་བཞིན་འདུག །
མོས་ཀྱང་ཉིན་མཚན་ཀུན་ཏུ་ཁྱོད་རང་དྲན་བཞིན་འདུག་ཟེར།
ངའི་སེམས་ལ་རང་དབང་མེད་པར་ཁྱོད་རང་ལས་ལ་བྲེལ་བའི་ངལ་དམ་གྱི་རྣམ་འགྱུར་དེ་ཡིད་ལ་འཆར།
ང་སྐད་གཅིག་ཉིད་ལ་ཁྱོད་རྩར་ཡོང་ན་འདོད།
ཁྱོད་སྐུ་ལས་ཁག་སོང་ཞེས་ཆུ་ཕོར་གང་སྤྲོད་ན་འདོད།
འོན་ཀྱང་། སྙིང་ཉེ་མ།
ངས་ཟླ་གར་དང་སྐར་ཚོགས་ལ་ལྟ་བཞིན།
ངེད་གཉིས་ཀྱི་རྒྱང་ཐག་བསམ་བཞིན།
ཁྱོད་རང་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་པ་ཙམ་ལས་གཞན་བྱ་ཐབས་ཞིག་མི་རྙེད།
ཐག་རིང་གི་སྙིང་ཉེ་ལགས།
ངས་ཧ་ཅང་དྲན་ལ་ང་ཧ་ཅང་དགའ།
༼ ༨༧ ༽
གཡུ་སྦྲང་བཅུད་ལ་ཆགས་ཆགས།།
ངའི་སེམས་ཁྱོད་ལ་ཆགས་འདུག །
ལུག་མ་ལུག་གུར་ཆགས་ཆགས།།
ཁྱོད་སེམས་ང་ལ་ཆགས་སམ།།
༼ ༨༨ ༽
ནམ་མཁའི་ཟླ་གར་ཕེབས་དུས།།
ཀུ་མུད་འཛུམ་མདངས་འཕྲོས་སོང་།།
ཟླ་གར་ལྷ་མོ་མ་གཏོགས།།
འཛུམ་གྱིས་བསུ་བར་མེད་དོ།།
༼ ༨༩ ༽
ཡིད་འཕྲོག་ལྷ་མོས་འཕྲིན་ཐུང་།།
རིན་ཆེན་གསེར་ནས་དཀོན་པར།།
ཁ་པར་ལན་བརྒྱ་བལྟས་ཀྱང་།།
མིག་ཟུང་ཚ་བའི་རྒྱུ་རེད།།
༼ ༩༠ ༽
ཁྱོད་རང་ཡིད་ལ་དྲན་དྲན།།
དྲིན་ཅན་མ་ཡང་མ་དྲན།།
འདི་ལྟར་དྲན་པའི་ལས་དེ།།
རྣམ་སྨིན་ཅི་ཞིག་ཡིན་ནམ།།
༼ ༩༡ ༽
མི་ཞིག་ལ་དགའ་སོང་ན།
ཕ་རོལ་པོས་ཅི་བཤད་རུང་ཡིད་ཆེས་དང་རྒྱབ་སྐྱོར་བྱེད།
མི་ཞིག་ལ་དགའ་སོང་ན།
ཕ་རོལ་པོས་རྫུན་དང་གཡོ་སྒྱུ་ཅུང་ཙམ་རེ་ཤེས་ན་ཡང་། མ་རིག་མ་ཤེས་མདོག་གིས་ཁོང་ལ་འཛུམ་གྱིས་བསུ།
ད་དུང་ །ཀྱག་ཀྱོག་གི་ལམ་བུ་དང་དཀའ་སྡུག་གི་མི་ཚེའི་ནང་།
འགྱུར་བ་མེད་པའི་བརྩེ་དུང་དེ་རི་རྒྱལ་དང་འདྲ་ཞིང་ནམ་ཡང་ཁྱོད་རང་རྟེན་ས་རུ་བྱེད།
དེ་ནི་བརྩེ་དུང་ལ་ཨ་གསར་མེད་པར་བརྩེ་དུང་གི་དོན་ཤེས་པ་དང་།
དེ་ནི་བརྩེ་དུང་གི་ནུས་སྟོབས་དང་བརྩེ་དུང་གི་ལྷག་བསམ་རྟོག་པས་སོ།
༼ ༩༢ ༽
ཁྱོད་ནི་ཟླ་བ་དཀར་པོ།།
ང་ནི་ཀུ་མུད་མེ་ཏོག །
ཟླ་བ་དྲི་མས་མ་གོས།།
མེ་ཏོག་ང་ཡིས་སྒུག་ཡོད།།
༼ ༩༣ ༽
ཕྱེ་མ་ལེབ་ལ་སྤྲུལ་ནས།།
གསོལ་ཇ་མངར་མོ་ཕུལ་ཡོད།།
སེམས་ཀྱིས་མེ་ཏོག་སྤྲུལ་ནས།།
ཁྱོད་རང་མཇལ་ཁར་ཡོང་ཡོད།།
༼ ༩༤ ༽
ཁྱོད་ནི་ཁུ་བྱུག་སྔོན་མོ།།
ང་ནི་ལྷ་ཤིང་ཤུགས་པ།།
དཔྱིད་ཀྱི་རྒྱལ་མོ་ཕེབས་དུས།།
མཉམ་དུ་འཛོམས་པ་དགའ་བྱུང་།།
༼ ༩༥ ༽
ཉམས་ལྡན་དུང་དཀར་ལྷ་མོ།།
ཉ་མོ་འཁྱུག་དང་འདྲ་བྱུང་།།
འདོད་མྱོས་ངང་པ་སྐེ་རིང་།།
བྱ་ཚང་ནང་ལ་འགྲེས་སོང་།།
༼ ༩༦ ༽
མེ་ཏོག་པད་མས་ཉི་མ་བསུ།།
ཀུ་མུད་དྲི་བསུང་ཟླ་བར་འབུལ།།
ང་ཡིས་བརྩེ་དུང་ཁྱོད་ཁོ་ན།།
དེ་ནི་ལྟོས་དབང་ལས་ཀྱི་གྲུབ།།
༼ ༩༧ ༽
ཁྱོད་ནི་གངས་ལྷ་མེ་ཏོག་འདྲ།།
མཛེས་པོའི་ཁ་དོག་ཡིད་དབང་འཕྲོག །
ཁྱོད་ནི་གངས་ལྷའི་ནུས་པ་འདྲ།།
ཉམས་ཐག་བུ་ཆུང་སྡུག་ལས་གྲོལ།།
༼ ༩༨ ༽
ཤར་རི་རྩེ་ནས་ཟླ་བ་གུག་གུག །
མི་ཡི་ཡུལ་ནས་སེམས་པ་གུག་གུག །
ཕོ་ཉ་ཁ་པར་འགྲམ་རྩར་གུག་གུག །
གུག་གསུམ་འཛོམས་དུས་སྐད་ཆ་གུག་གུག །
༼ ༩༩ ༽
ཨ་རག་དམར་པོ་ཕྱག་གིས་བཟུང་ཞིང་།།
འདོད་པའི་རྣམ་འགྱུས་ལྷ་ཆེན་དཀྲོགས།།
མཛེས་པའི་ཉམས་ལ་ལྟ་བཞིན་ལྟ་བཞིན།
བདག་སེམས་དེ་ཡང་མྱོས་ཤིང་མྱོས།།
༼ ༡༠༠ ༽
ཁྱོད་ནི་ཁ་བའི་འདབ་མ་འདྲ།།
སྐད་གྲགས་མེད་པར་ས་གཞི་བརླན།།
ཁྱོད་ནི་ཆུ་སྐྱེ་པད་མ་འདྲ།།
གསོ་སྐྱོང་མི་དགོས་འོད་མདངས་འཕྲོ།།
༼ ༡༠༡ ༽
སྤྲིན་པ་དཀར་པོ་ནུབ་ལ་འཕུར་དུས།།
སྦྲང་ཆར་སིལ་མ་ཡིན་ན་བསམ་བྱུང་།།
རང་སེམས་དགའ་བའི་མི་ཡི་ཕྱོགས་ལ།།
ཟིམ་ཟིམ་བབས་རྒྱུ་བྱུང་ན་བསམས་བྱུང་།།
༼ ༡༠༢ ༽
ཐག་རིང་སྙན་དབྱངས་རྣ་བར་ལྷུང་དུས།།
མཉམ་དུ་ཡོད་འདྲ་སེམས་པ་ལྷོད་པོ།།
ངག་འཇམ་སྙན་མོས་གསུང་ཚིག་རེ་རེ།།
བདག་བློ་དུལ་བའི་སྨན་མཆོག་རེ་རེ།།
༼ ༡༠༣ ༽
གངས་ཆུ་དྭངས་མོ་ཤར་ལ་རྒྱུག་དུས།།
ཉ་མོ་གསེར་མིག་ཡིན་ན་བསམ་བྱུང་།།
རྒྱ་མཚོ་ནང་གི་ཀླུ་མོ་དཀར་མོ།།
མཇལ་རྒྱུ་བྱུང་ན་དགའ་བར་བསམས་བྱུང་།།
༼ ༡༠༤ ༽
ཁྱོད་བཞིན་རས་དཀར་པོ་ཟླ་བ་དེས།།
ངའི་སེམས་ཀྱི་ཡུལ་ལ་མུན་པ་གསལ།།
ཁྱོད་འཛུམ་མདངས་མེ་ཏོག་ལྟ་བུ་དེས།།
ངའི་སྣང་བའི་ཡུལ་ནས་དྲིས་བསུང་ཐུལ།
༼ ༡༠༥ ༽
སྤང་ལྗང་ཤིང་ལྗང་དབར་ན།།
སྐུ་གཟུགས་རབ་མཛེས་ལྷ་མོ།།
ལྗོན་ཤིང་གོང་ལ་གཟིགས་པར།།
ཅི་ཞིག་འཚོལ་གྱིན་ཡོད་དམ།།
༼ ༡༠༦ ༽
སྙིང་སྡུག་སེམས་རྩ་རབ་མྱོས་ཤིང་།།
འདོད་པའི་སྒྱུ་རྩལ་ཡོངས་སུ་ངོམ།།
བུ་ཆུང་ཆགས་ལྡན་སྲེད་བྱས་ནས།།
ཉལ་སའི་ནང་དུ་འགྲེས་པ་མཚར།།
༼ ༡༠༧ ༽
གོམ་རེ་གོམ་རེ་མ་སྤོས་ན།།
ལེ་དབར་སྟོང་ཕྲག་མི་ཆད་ཟེར།།
བརྩེ་དུང་དལ་གྱི་སྤྱོད་པ་ན།།
མི་ཚེ་བདེ་སྐྱིད་ཡོང་བར་ངེས།།
༼ ༡༠༨ ༽
དྭངས་གཙང་གི་བརྩེ་བ་ནི་ནམ་མཁའ་དང་འདྲ་ཞིང་།
འབྲུག་སྐད་དང་སྤྲིན་ནག་སོགས་ཅི་ཙམ་རྒུད་ན་ཡང་་།
གནམ་སྔོ་བོ་ལ་ནམ་ཡང་འགྱུར་བ་མེད་པར་ལྟར།
ངེད་གཉིས་ཀྱི་དྭངས་གཙང་གི་བརྩེ་དུང་དེ་ཡང་།
གནམ་སྔོན་པོ་དང་འདྲ་ཞིང་རྒྱ་ཆེ་ལ་བཟོད་གསོན་ཆེ་བར།
ནམ་ཡང་འགྱུར་བར་མེད་པར་གནས་ན་འདོད།།
འོ་ལགས་སོ། སྙན་ངག་བརྒྱ་དང་བརྒྱད་ཡོངས་སུ་རྫོགས་ཟིན་པའི་རྣམ་པ་ཚོའི་ཐུགས་ལ་ཚོར་སྣང་ཅི་འདྲ་ཞིག་བྱུང་ལགས།།
Leave a Reply