སྒྲུང་ཐུང་བཞི་པ། <<ཤུག་པའི་སྡོང་བོ།>>
བོད་བསྒྱུར་པ། ཐང་གླུད།
སྔོན་ཞིག་ལ། བུད་མེད་མཛངས་མ་ཞིག་ཡོད་པ་དང་ཁོང་མོ་ལ་ཕྲུ་གུ་མེད།
ཉིན་ཞིག་ཁོ་མོ་ཤུག་པའི་སྡོང་བོ་ཞིག་གི་འོག་ཏུ་བསྡད་དེ། རང་ཉིད་ལ་ཁ་བ་ལྟར་དཀར་ཞིང་ཀུ་ཤུ་ལྟར་དམར་བའི་ཕྲུ་གུ་ཞིག་ཡོད་པར་གསོལ་འདེབས་བྱས། དེ་ནས་ཅང་མ་འགོར་བར་ཁོ་མོར་བུ་ཞིག་དང་བུ་མོ་ཞིག་དངོས་གྲུབ་ལ་གནང་། འོན་ཀྱང་ཉམ་ཐག་པའི་བུད་མེད་དེ་ཕྲུ་གུ་དེ་གཉིས་སྐྱེས་མ་ཐག་ནས་ཚེ་ལས་འདས། ཨ་ཕས་ཡང་བསྐྱར་གཉེན་སྒྲིག་བྱས། མ་ཡར་བུ་ལ་མི་དགའ་བས་མོས་བུ་དེ་ས་འོག་གི་ཁང་མིག་ཅིག་ཏུ་སྦས་ཏེ། རང་གི་ཁྱོ་ག་ལ་བུ་དེ་ཤིང་ནགས་གསེབ་ནས་ལམ་བོར་ཏེ་མགོ་འཁོར་འདུག་ཅེས་བཤད། སྲིང་མོའི་སེམས་རབ་ཏུ་སྐྱོ་བ་རེད། ཉིན་ཞིག་སྲིང་མོས་མ་ཡར་གྱིས་ས་འོག་གི་ཁང་མིག་ཏུ་བག་ལེབ་འཕེན་བཞིན་པ་མཐོང་བ་དང་། ཡང་ཉིན་གཞན་ཞིག་ལ་མོས་ས་འོག་གི་ཁང་མིག་དེ་ལས་ངུ་སྐད་ཅིག་ཐོས་ཡོད། མཐའ་མཇུག་སྟེ། ཉིན་ཞིག་ལ་མོས་ཁྱིམ་མི་ཚང་མ་གཉིད་དུ་མ་ཡུར་བར་དུ་བསྒུགས་ནས་ས་འོག་གི་ཁང་མིག་གི་སྒོ་ཕྱེ། དང་ཐོག་མོས་ཅི་ཡང་མཐོང་མ་ཐུབ། རིམ་བཞིན་མོས་རང་གི་མིང་པོ་ཁང་པའི་གྲུ་ཟུར་ཞིག་ལ་གཉིད་འདུག་ཡོད་པ་མཐོང་། མོས་མགྱོགས་མྱུར་ངང་ཁོ་གཉིད་ལས་བསླངས་ནས་ཤུག་པའི་སྡོང་པོའི་རྒྱབ་ཏུ་སྦས། དེའི་ཕྱིར་ཉིན་མོས་རང་གི་ཨ་ཕ་ཤུག་པའི་སྡོང་པོའི་འགྲམ་དུ་ཁྲིད་པ་ན། ཨ་ཕས་རང་གི་བུ་བདེ་ལེགས་ངང་གསོན་པོར་གནས་པ་མཐོང་བས་ཧ་ཅང་ཡ་མཚན་ཞིང་ཤིན་ཏུ་དགའ་བར་གྱུར། དེ་ལྟར་ན་ཡང་། མ་ཡར་གྱིས་ཁོ་མཐོང་བའི་མོད་ལ་ཧ་ལས་ཧོན་འཐོར་ནས་དངངས་སྐྲག་གིས་ཤི་སོང་བ་རེད། དེ་ནས་བུ་ཕྲུག་དེ་གཉིས་ཀྱིས་ཨ་ཕར་གནས་ཚུལ་གང་ཡིན་པ་དེ་དྲང་མོར་བཤད་པ་ན། ཁོས་རང་གི་བུ་ཕྲུག་གཉིས་ལ་དུས་རྟག་ཏུ་སྲུང་སྐྱོབ་བྱེད་པའི་ཁས་ལེན་བྱས་སོ།།༢༠༡༩/༥/༦གཟའ་ཟླ་བ།
མུ་འགོད་སྒྲུང་ཐུང་།
སྒྲུང་ཐུང་ལྔ་པ། << བུ་མོ་ཆུང་ཆུང་དང་ཟླ་བ། >>
—ཐང་གླུད་ཀྱིས་བསྒྱུར།
གནའ་སྔ་མོ་སྔ་མོ་ཞིག་ལ། བུ་མོ་ཆུང་ཆུང་ཞིག་ཡོད། བུ་མོ་དེ་ཆུང་ཆུང་ཡིན་དུས་ནས་ཕ་མ་གཉིས་ཚེ་ལས་འདུས་སོང་བས། སྙིང་རྗེ་དང་བྲལ་བའི་མོ་རང་གི་ཨ་ནེ་དང་ཨ་ཁུ་མཉམ་དུ་སྡོད་དགོས་བྱུང་ཡོད། དགོང་མོ་ཞིག་ལ། མོ་རང་གི་ཨ་ནེ་དང་ཨ་ཁུ་མཉམ་དུ་སྐད་ཅིག་ཙམ་ལའང་སྡོད་འདོད་མ་བྱུང་བས། མོ་རང་གཅིག་པུ་ཁྱིམ་ནས་ཐག་རིང་ལ་ལྡོམ་ཞིང་། ནགས་ཚལ་ཁྲོད་དུ་འཁྱམས་ཏེ་ངུ་འགོ་བརྩམས་པ་རེད།
མོའི་མདུན་དུ་ལྷ་མོ་ཞིག་ཕེབས་ཏེ། “ཁྱོད་ཅིའི་ཕྱིར་ངུ་བཞིན་པ་ཡིན”ཞེས་དྲིས་པ་ན། “ང་ཨ་ཁུའི་ཁྱིམ་མ་གཏོགས་པའི་གནས་གང་སར་སྡོད་འདོད་པ་ཡིན”ཞེས་འགྲེལ་བརྗོད་བྱས། མོས་ལྷའི་བུ་མོ་དེ་ལ་ཁོ་མོར་རོགས་པ་བྱེད་པའི་རེ་སྐུལ་ཞུས། ལྷ་མོ་དེས་མོ་ལ་ས་བོན་བདུན་སྟེར་ཏེ། “ས་བོན་དེ་དག་ལས་འཚར་བའི་ལྗོན་ཤིང་རྣམས་ཀྱིས་ཁྱོད་ལ་རོགས་བྱ་རྒྱུ་རེད”ཅེས་བསྙད། བུ་མོ་དེས་ས་བོན་རྣམས་བཏབ་པ་དང་། དེ་མ་ཐག་ཏུ་ལྗོན་ཤིང་རིང་བོ་བདུན་སྐྱེས་འདུག དེ་ནས་མོ་ལྗོན་ཤིང་དེ་དག་ལས་གཅིག་ལ་འཛེགས་ཏེ་གཉིད་ལ་ཡུར། དེའི་སྐབས་སུ་བུ་མོའི་ཨ་ཁུ་དང་ཨ་ནེ་རྣམས། མོ་འཚོལ་བར་ནགས་ཚལ་ཁྲོད་དུ་བསླེབས་འདུག ཟླ་འོད་འོག་ནས་ཁོ་ཚོས་བུ་མོ་དེ་ལྗོན་ཤིང་སྟེང་དུ་གཉིད་ལ་ཡུར་འདུག་པ་མཐོང་བ་དང་། ལྗོན་ཤིང་དེ་གཅོད་འགོ་བརྩམས་པ་རེད། བུ་མོ་ཆུང་ཆུང་དེ་ལྗོན་ཤིང་མཐའ་མའི་སྟེང་ལ་མ་སླེབ་བར་དུ་ལྗོན་ཤིང་གཅིག་ནས་གཅིག་ལ་མཆོངས། ལྗོན་ཤིང་མཐའ་མ་དེ་ནི་ལྗོན་ཤིང་བདུན་ལས་ཆེས་རིང་བའི་ལྗོན་ཤིང་དེ་ཡིན་པ་དང་། དེའི་སྟེང་སླེབས་དུས་མོ་ཟླ་བ་ལ་ཧ་ཅང་ཉེ་བར་གྱུར་འདུག ཟླ་བས་ཟླ་བའི་འོད་མདངས་ཤིག་མངགས་ཏེ། མོ་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་རྗེས་འདེད་གཏོང་མི་ཐུབ་པའི་ཟླ་བའི་རྒྱལ་ཁམས་སུ་ཁྱེར། དུས་དེ་ནས་བཟུང་སྟེ། བུ་མོ་དེ་ཟླ་བའི་རྒྱལ་ཁམས་སུ་དགའ་སྤྲོའི་ངང་ནས་འཚོ་བ་རེད་དོ།།
༢༠༡༩/༥/༧གཟའ་མིག་དམར།
Leave a Reply