རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཁེ་ན་ཌའི་གཙུག་ལག་སློབ་ཆེན་ཞིག་ལ་ཨ་སྒོར་འབུམ་ལྔ་ལྷག་གནང་ནས་ནང་ཆོས་དང་། བོད་ཀྱི་སྐད་ཡིག་འཛིན་གྲྭ་བཙུགས་པ།
ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཆེན་མོ་བྷིར་ཏི་ཤི་ཀོ་ལམྦི་ནི་( The University of British Columbia’s Department of Asian Studies ) འཛམ་གླིང་ཧྲིལ་པོ་ནས་གཙུག་ལག་སློབ་གྲྭ་ཨང་སུམ་ཅུ་སོ་བདུན་པ་མ་གཏོགས་མིན་ནའང། ཁེ་ན་ཌའི་རྒྱལ་ཁབ་(Canada ) https://www.ubc.ca ནང་ཁུལ་ནས་གཙུག་ལག་སློབ་ཆེན་ཨང་གཉིས་པ་དེ་ཆགས་ཡོད། གཙུག་ལག་སློབ་ཆེན་འདིའི་བསྡུས་མིང་ལ་ཡུ་བྷི་སི་(UBC) ཟེར་འབོད་ཀྱི་ཡོད།གཙུག་ལག་སློབ་ཆེན་འདི་ལ་སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དབུ་ཁྲིད་འོག་མཁྱེན་བརྩེ་ཐེབ་རྩ་ཚོགས་པས་རོགས་སྐྱོར་བྱས་པར་བརྟེན་ ༢༠༡༨ ལོ་ནས་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་སྐད་ཡིག་འཛིན་གྲྭ་དངོས་སུ་དབུ་བཙུགས་ཐུབ་ཡོད། དེའི་གནས་ཚུལ་མདོར་བསྡུས་ཤིག་ཡུ་བྷི་སི་གཙུག་ལག་སློབ་ཆེན་གྱི་དྲྭ་ཚིག་ནས་འཁོ་འདོན་བྱེད་དེ་འདིར་བསྒྱུར་བཀོད་བྱེད་རྒྱུ་ཡིན། དོན་ཀུན་གྲུབ་པའི་ཚོགས་ (Siddhartha’s Intent Society) https://www.siddharthasintent.org པའི་རོགས་རམ་དང་འབྲེལ། མཁྱེན་བརྩེ་ཐེབ་རྩ་ཚོགས་( Khyentse Foundation ) https://khyentsefoundation.org པས་འདི་གའི་གཙུག་ལག་སློབ་ཆེན་ལ། ཨ་སྒྲོ་འབུམ་ལྔ་དང་ཉིས་ཁྲི་བཞི་སྟོང་བརྒྱད་བརྒྱ་ལྔ་བཅུ་($ 524,850) ཐམ་པའི་གསོལ་རས་རྩལ་གནང་བའི་བཀའ་དྲིན་བདག་རྐྱེན་ལ་བརྟེན། ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཆེན་མོ་བྷིར་ཏི་ཤི་ཀོ་ལམྦི་( The University of British Columbia’s Department of Asian Studies ) ཡི་ཤར་གླིང་ཨེ་ཤ་ཡི་སྡེ་མཚན་གྱིས། བོད་བརྒྱུད་ནང་བསྟན་སློབ་སྦྱོང་བྱེད་སའི་འཛིན་གྲྭ་དང་། བོད་ཡིག་སློབ་སྦྱོང་བྱེད་སའི་འཛིན་གྲྭ་གསར་དུ་བཙུགས་ཐུབ་ཡོད། ཞལ་འདེབས་འབོར་ཆེན་འདི་ནི་འབྱུང་འགྱུར་ལོ་ལྔའི་རིང་དུ་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་། བོད་ཀྱི་སྐད་ཡིག་གི་འཛིན་གྲྭའི་དགེ་རྒན་གྱི་གླ་ཆ་དང་། འཛིན་སྐྱོང་གི་སྡེ་ཚན་ཆེད་དུ་གཏོང་རྒྱུ་རེད། ཤར་ཨེ་ཤ་ཡིའི་སྡེ་ཚན་གྱི་དབུ་འཛིན་དང་། དགེ་རྒན་ཆེན་མོ་གཅིག་ཆོག་རྗོཤུཨ མོསོཏྲོའོ་( Joshua Mostow ) ལགས་ཀྱིས་གསུངས་དོན། “གསོལ་རས་ཆེན་པོ་འདིས་གཙུག་ལག་སློབ་ཆེན་འདི་སྒེར་ངོས་ནས་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་སྐད་ཡིག་སྦྱོང་སའི་ལྟེ་གནས་སྲ་བརྟན་བཙུགས་ཐུབ་པ་བྱུང་ཡོད། མ་ཟད་གསོལ་རས་འདི་བརྒྱུད་གཙུག་ལག་སློབ་ཆེན་སྒེར་ངོས་ནས་སྤྱིར་ཨེ་ཤ་ཡའི་རིག་གནས་དང་། ཁྱད་པར་ནང་ཆོས་སློབ་སྦྱོང་བྱེད་སར་ཤུགས་སྣོན་ཚད་མེད་པ་རྒྱག་ཐུབ་པ་བྱུང་ཡོད་ ” ཟེར། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ནི་ཁེ་ལས་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་།འདི་ནི་སྤྱི་ལོ་༢༠༠༡ལོར་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཤད་སྒྲུབ་བྱེད་མཁན་རྣམས་ལ་རོགས་སྐྱོར་ཆེད་དུ་བཙུགས་པ་ཞིག་རེད།༢༠༠༡ལོ་ནས་བཟུང་རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་དུ་སྒེར་དང་ཚོགས་སྡེ་མང་པོ་ཞིག་ལ་རོགས་རམ་བྱས་ཤིང་།འཛམ་གླིང་གང་ས་ནས་ཐད་ཀར་མིའི་མི་ཚེ་ལ་ཤུགས་རྐྱེན་བཟང་པོ་འདེབས་ཐུབ་པ་བྱུང་ཡོད།ཐེབས་རྩའི་ལས་གཞི་ནི་གསུང་རབ་ཉར་ཚགས་དང་།བཀའ་བསྟན་སྒྲ་སྒྱུར།ཤར་གླིང་ཨེ་ཤི་ཡ་ལ་ཡོད་པའི་སྲོལ་རྒྱུན་གྱི་བཤད་གྲྭ་ཁག་ལ་རོགས་རམ།འཛམ་གླིང་གང་ས་ཡི་ནང་ཆོས་དོན་གཉེར་ཅན་ལ་སློབ་ཡོན།ཕུལ་བྱུང་གི་མི་སྣ་ལ་གཟེངས་བསྟོད་བྱ་དགའ།གྲགས་ཅན་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་ཀྱི་ནང་ན་ནང་པའི་གཙུག་ལག་དར་རྒྱས་སུ་གཏོང་བ།དབུ་ཁྲིད་དང་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲད་པའི་སྒོ་ནས་སྤུས་ཚད་མཐོ་རུ་གཏོང་བ།བྱིས་པ་རྣམས་ཀྱི་ཆེད་དུ་ནང་ཆོས་ཀྱི་ཤེས་ཡོན་སྒྲོམ་གཞི་བཟོ་བ།སློབ་གཉེར་དང་སྒྲུབ་པ་བྱེད་མཁན་གྱི་སྒེར་སོ་སོ་ལའང་རོགས་རམ་བྱེད་པ་སོགས་བྱེད་ཀྱི་ཡོད་རེད།
སྤྱི་ལོ་༢༠༡༠ ལོ་ནས་བཟུང་མཁྱེན་རྩེ་ཐེབ་རྩ་ཚོགས་པས་གཙུག་ལག་སློབ་ཆེན་ཡུ་བྷི་སི་འདི་ཡི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་། ཁྱད་པར་ནང་ཆོས་དང་། ཆོས་ཀྱི་སྐད་ཡིག་ལ་ཆེད་ལས་པ་དམིགས་བསལ་ཐོན་མཁན་རིགས་ལ་མཁྱེན་བརྩེ་གཟེངས་རྟགས་ཞེས་པ་ཞིག་འབུལ་གྱི་ཡོད་འདུག མཁྱེན་བརྩེ་ཐེབ་རྩ་ཚོགས་པའི་རྒྱུན་ལས་ངེས་སྟོན་མ། ཀན་རྗོ་ལི་ཆེ་( CangioliChe) ཡིས་ “ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་སུ་ནང་ཆོས་སློབ་ས་མང་དུ་འགྲོ་བཞིན་ཡོད་པ་དང་དུས་མཚུངས་ནང་ཆོས་ཚད་མཐོན་པོའི་སྒོ་ནས་སློབ་ས་ཡོད་པ་བཟོ་རྒྱུ་དེའང་ཁ་ཚ་དགོས་ཐུག་ཏུ་མཐོང་བས་ད་ལམ་ཡུ་བྷི་སི་(UBC) གཙུག་ལག་སློབ་ཆེན་ལ་ཞལ་འདེབས་འདི་ལྟར་འབུལ་བའི་གོ་སྐབས་བྱུང་བ་དེས་ངེད་མཁྱེན་བརྩེ་ཐེབ་རྩ་ཚོགས་པའི་ངོས་ནས་ཧ་ཅང་དགའ་སྤྲོ་ཆེན་པོ་བྱེད་ཀྱི་ཡོད། སྔོན་མ་འདྲ་ཡིན་ན་ནང་ཆོས་ལ་ཚད་ལྡན་གྱི་མཁས་པ་ནི་ཤར་གླིང་ཨེ་ཤའི་དགོན་སྡེ་ཁོ་ནའི་ནང་ན་མ་གཏོགས་མེད་ཀྱང་ད་ལྟའི་ཆར་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་འདི་ཚོའི་ནང་ནས་ནང་ཆོས་ལ་ཚད་ལྡན་གྱི་མཁས་མང་པོ་ཐོན་ཐུབ་ཀྱི་ཡོད་པ་འདི་ནི་ང་ཚོར་སྙིང་སྟོབས་འཕེལ་བའི་ཆ་རྐྱེན་རེད་ཀྱི་འདུག་”ཟེར།
སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་གསུང་འཕྲིན་མཁྱེན་བརྩེ་ཐེབ་རྩ་ཚོག་པའི་དྲ་ཚིག་ལ་བཀོད་པ་ཞིག་ལས་འདི་ལྟར་གསུངས་འདུག “ང་ཚོས་རྫོགས་པའི་སངས་རྒྱས་དང་སོ་སོའི་དགེ་བའི་བཤེས་གཉེན་ལ་མཆོད་པ་དང་འབུལ་བ་ཡག་ཤོས་དེ་གང་འདྲ་བྱེད་ནས་འབུལ་ཐུབ་ཀྱི་ཡོད་རེད་ཅེ་ན། སྔོན་གྱི་བླ་མ་དམ་པ་རྣམས་ཀྱིས་གསུངས་པ་ལྟར། སོ་སོ་སྒེར་ངོས་ནས་དམ་པའི་ཆོས་ཉམས་ལེན་ཡག་པོ་བྱེད་རྒྱུ་དེ་རེད།
ངས་དེ་རིང་ཁྱེད་ཅག་ལ་འཕྲིན་ཡིག་འདི་བརྒྱུད་རེ་བསྐུལ་ཞུ་རྒྱུ་གང་ཡོད་ཅེ་ན། ཁྱེད་རྣམས་ཀྱིས་སེམས་ཀྱི་གཏིང་ནས་ང་ལ་དགའ་གུས་ཀྱི་སྒོ་ནས་གཏོང་ཕོད་ཆེན་པོ་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ང་འཛམ་གླིང་གང་སར་བསྐོར་ནས་ཡོང་བའི་སྐབས་སུ་ཁྱེད་རྣམ་པས་ང་སྒེར་ལ་རྔན་པ་གང་ཡང་མི་གནང་རོགས་གྱིས། གལ་སྲིད་བླ་མ་ལ་འབུལ་བ་ཕུལ་བའི་སྲོལ་རྒྱུན་བསྲིང་བར་འདོད་ཅིང་ནན་ཏན་གྱིས་འབུལ་བ་ཕུལ་འདོད་ཡོད་ན། མཁྱེན་བརྩེ་ཐེབ་རྩ་ཚོགས་པ་དང་།https://khyentsefoundation.org བརྒྱད་ཁྲི་བཞི་སྟོང་གི་ཚོགས་པ་http://84000.co གཉིས་ལ་གནང་ནས་རོགས་སྐྱོར་བྱེད་རོགས་ཞུ་རྒྱུ་ཡིན་ལ། དེ་ནི་ངའི་རེ་བ་ཡིན་ལ་སྨོན་ལམ་ཡང་ཡིན།
ང་སྒེར་ལ་ཐར་ཀར་སྤྲད་པའི་ཅ་དངོས་མང་པོ་ཞིག་འཕྲོ་བརླག་ཤོར་གྱི་འདུག་ལ། འཕྲོ་བརླག་ཤོར་བའི་སྐབས་སུ་བློ་བདེ་བོ་ཁྱོན་ནས་མི་འདུག ངས་ང་ལ་སྤྲད་པའི་ཅ་དངོས་ནི་འཕྲོ་བརླག་ཡང་ནས་ཡང་དུ་ཤོར་གྱི་འདུག དཔེར་ན་ཉེ་བའི་ཆར་ལ་མི་རྣམས་ཀྱིས་ང་སྤྲད་པའི་ཇ་ཚིག་བཟོ་སའི་འཕྲུལ་ཆས་གཅིག་པུ་ཡང་འདྲ་མིན་ཉི་ཤུ་ལྷག་རེད་བྱུང་། དེ་ལ་སོགས་པ་གཞན་ཡང་ལུས་པོ་གསོ་བྱེད་ཀྱི་སྨན་འདྲ་མིན་སྣ་ཚོགས་པ་མང་པོ་སྤྲད་སོང་ལ། དུས་ཚོད་རྫོགས་ཁར་ཚང་མ་ཟ་ཐུབ་པ་ཡང་མི་སྲིད་པ་རེད། གལ་སྲིད་ངས་དེདག་བེད་སྤྱོད་བྱེད་འགོ་རྩོམ་པའི་དབང་དུ་བཏང་ན་ཆ་ཚང་རྫོགས་པར་ཟ་བ་ལ་མི་ཚེ་མང་པོ་འགོར་ས་རེད།
དེས་ན་འཕྲོ་བརླག་མི་ཤོར་བའི་ཆེད་དུ་ང་རང་གི་སྒེར་གྱི་སྨན་པས་ཆེད་དུ་སྤྲད་པའི་སྨན་མ་གཏོགས་ངས་ལེན་རྒྱུ་མིན། དེ་དང་བྱེ་རིལ་དངར་མོ་འདྲ་མིན་དང་། རྒྱ་ཇ་སྣ་ཚོགས་པ་སྤྲད་བྱུང་། མགྱོགས་པོར་བེད་སྤྱོད་བཏང་ངམ་ཡང་ན་མཛོད་ཁང་དུ་ཉར་བ་གང་བྱེད་ནའང་མཐའ་མ་དེ་ལ་ཕར་ཚུར་འཁྲུགས་ནས་བེད་སྤྱོད་མེད་པར་འཕྲོ་བརླག་འགྲོ་གི་འདུག ཅ་ལག་ཁ་ཤས་ཉར་ས་ལའང་ས་ཆ་སྟོང་པ་མང་པོ་དགོས་ཀྱི་འདུག་པས་ང་ལ་ས་ཆ་སྟོང་པ་དེ་འདྲ་ཉར་ས་མེད། ང་ནི་རྟག་པར་འགྲུལ་བསྐྱོད་བྱེད་དགོས་མཁན་ཞིག་ཡིན་དུས་མཉམ་དུ་ནི་ཁྱེར་ཐུབ་ཀྱི་མི་འདུག གང་དུ་སྨོས་པ་འདི་ཚོ་ནི་ང་ལ་ཅ་ལག་སྤྲད་པའི་སྐབས་སུ་ངས་དགའ་བསུའི་སྒོ་ནས་ངོས་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་གྱི་ཆེད་དཔེར་མཚོན་ཁ་ཤས་བཞག་པ་ཡིན།
དེ་ལྟར་ན་ཡང་ཁྱེད་རྣམས་ལ་འབུལ་བ་ཕུལ་སའི་གོ་སྐབས་ཡག་པོ་མང་པོ་ཡོད་རེད། ཁྱེད་རང་གིས་ནང་པའི་ཆོས་ཉམས་ལེན་བྱེད་རྒྱུ་དང་། མཁྱེན་བརྩེ་ཐེབ་རྩ་ཚོགས་པ་དང་། བརྒྱད་ཁྲི་བཞི་སྟོང་ཚོགས་པ་ལ་རོགས་རམ་བྱེད་རྒྱུ་ཙམ་མ་ཟད། ཁྱེད་རང་གི་ཁྱིམ་གྱི་ནང་དུ་མར་མེ་དང་། སྤོས། ཆུ་གཙང་སོགས་འབུལ་རྒྱུ་དང་། གནས་ཆེན་རྣམས་ལ་གནས་བསྐོར་འགྲོ་བའི་སྐབས་དང་། ང་ཡིས་ཚོགས་པ་འདྲ་མིན་ཚོགས་པའི་སྐབས་སུ་ཚོགས་པའི་ཆོ་ག་དང་ཆོས་སྤྱོད་དེ་དག་ལ་གང་དགོས་པའི་ཆུ་དང་མཆོད་པ་སོགས་ཕུལ་ན་ཡག་པོ་ཡོད་རེད། ངས་འཕྲིན་ཡིག་འདིའི་ནང་ལ་སྐད་ཅ་ཏོག་ཙམ་གུས་ཞབས་མེད་པ་འདྲ་ཆགས་སོང་། དེ་ལ་དགོངས་འགལ་མེད་པར་ཞུ། ཡིན་ནའང་ཁྱེད་རྣམ་པས་ཀྱང་ངའི་སྐད་ཆ་འདི་ཁྱེད་རྣམ་པའི་འབུལ་བ་འཕྲོ་བརླག་མི་གཏོང་བ་ཁོ་ནའི་ཆེད་དུ་དམིགས་པ་ཡིན་པས་དེ་ལྟར་བསམ་ཤེས་མཛད་གནང་རོགས་གྱིས”། ཞེས་ཕེབས།
༢༠༡༩།༥།༡༡ ཉིན་གཟི་བརྗིད་མཐའ་ཡས་ཀྱིས་བསྒྱུར་བཀོད་ཞུས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།