ཉ་པ་རྒན་པོ་དང་ཀླུའི་སྲས་མོ། མུ་འགོད་སྒྲུང་ཐུང་ཁག

སྒྲུང་ཐུང་བཅུ་པ། <<ཉ་པ་རྒན་པོ་དང་ཀླུའི་སྲས་མོ།>>

མཚོ་འགྲམ་དུ་ཉ་པ་རྒན་པོ་ཞིག་ཡོདེ་པ་དང་། ཁོ་ཞོགས་ལྟར་ཉི་མ་མ་ཤར་གོང་མཚོ་ཁར་སོང་ནས་ཉ་འཛིན་གྱི་ཡོད།  དེ་ནས་དེ་ཚོ་ཁྲོམ་ལ་ཁྱེར་ཏེ་བཙོང་བ་རེད་འདུག   འོན་ཀྱང་། ཁོས་ཉིན་ཁ་ཤས་ལ་ཉ་གང་ཡང་མ་ཟིན་པར་ཕྱིར་ལོག་དགོས་བྱུང་ཡོད།  ལག་སྟོང་ལ་ཕྱིར་འགྲོ་དགོས་པ་ནི་ཅི་འདྲའི་བློ་ཕམ་པ་ཞིག་རེད་ཨང་།   དེ་ལྟར་ན་ཡང་།  ཁོས་ཚོད་ལྟ་བྱེད་མཚམས་རྩ་བ་ནས་བཞག་མེད།  ཁོས་རང་གི་དངུལ་ཡོད་ཚད་བཏང་ཡང་ཉིན་འགར་ཁ་ལ་བཟའ་རྒྱུ་གང་ཡང་མ་བྱུང་།     མཇུག་མཐར། ཉ་པ་རྒན་པོ་དེས་སང་ཉིན་ངས་ཉ་ཞིག་འཛིན་དགོས། དེ་མིན་ན་ངས་རང་གི་སྲོག་རྟ་རྔ་འདྲ་བོ་འདི་མཚོ་ནང་ནས་གཅད་རྒྱུ་ཡིན་ཞེས་སེམས་ཐག་བཅད་ཡོད།  

དེའི་ཕྱི་ཉིན།  ཁོ་ནམ་རྒྱུན་ལྟར་ཞོགས་པ་སྔ་བོ་ནས་ཡར་ལངས་ཏེ་མཚོ་ཁར་ཕྱིན།   ཉི་མ་ཤར་བ་དང་ཁོའི་གྲོད་ཁོག་ལྟོགས་ནས་ཐང་ཆད་ནའང་ཉ་རྡོག་གཅིག་ཀྱང་མ་ཟིན།   དེ་ནས་ཁོ་རང་གི་གྲུ་གཟིངས་ནང་དུ་གཉིད་ལ་ཤོར་འདུག

ཅུང་ཙམ་གྱི་རྗེས་སུ།  བུད་མེད་ཅིག་གི་སྐད་གདངས་སྙན་མོས་ཁོ་གཉིད་ལས་བསླངས་པས།   ཁོའི་སེམས་ལ། འདི་སུ་ཡིན་ནམ།  རང་གི་རྨི་ལམ་ཡིན་རྒྱུ་རེད་བསམས།    ཕྱེ་མ་བཙུམ་གྱི་མིག་ཟུང་བར་ནས་ཧ་ཅང་ལྟ་ན་སྡུག་པའི་ཀླུའི་སྲས་མོ་ཞིག་མཐོང་།  སྲས་མོ་དེས།  ”ཁྱེད་ཀྱི་བརྩོན་འགྲུས་ལ་མཚོ་ཡི་ལྷ་མོ་ཤིན་ཏུ་མཉེས་པོ་གནང་གིན་འདུག”ཅེས་བཤད་དེ།  གསེར་གྱི་དུང་ཙེ་ཁུག་མ་གང་ཁོ་ལ་བྱིན་འདུག  

དེ་ནས་ཉ་པ་རྒན་པོ་ཤིན་ཏུ་དགའ་སྟེ། གྲུ་གཟིངས་བཏང་ནས་ཕྱིར་རང་ཁྱིམ་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་ཕྱིན་ཏོ།།

༢༠༡༩/༥/༡༢གཟའ་ཉི་མ།

སྒྲུང་ཐུང་བཅུ་གཅིག་པ། <<ལྷ་མོ་དང་བག་ལེབ་བསྲེགས་མ།>>

                            —ཐང་གླུད་ཀྱིས་བསྒྱུར།

གྲོང་གསེབ་ཅིག་ཏུ་ཁྱོ་ཤུག་གཉིས་ཡོད་པ། ཁོ་གཉིས་ཧ་ཅང་རྒན་འཁོགས་ཡིན་པས་བྱ་བ་གཞན་པ་གང་ཡང་སྒྲུབ་ཐུབ་ཀྱི་མེད།

དེར་བརྟེན། སྐྱེས་མ་དེས་ཉིན་ལྟར་བག་ལེབ་བསྲེགས་ཏེ། དེ་དག་སླེ་བོ་ཞིག་གི་ནང་ལ་ཁུར་ནས་གྲོང་གསེབ་ཀྱི་ཁྲོམ་ལ་འཚོང་བར་འགྲོ་བ་དང་།   ཁྱོ་ཤུག་གཉིས་པོ་ཆུང་མའི་བྱ་བ་དེ་ལས་བྱུང་བའི་ཡོང་འབབ་ལ་བརྟེན་ནས་འཚོ་བ་བསྐྱལ།

ཉིན་ཞིག སྐྱེས་མ་དེས་བག་ལེབ་བསྲེགས་མ་འགའ་བཟོས་ནས་ནམ་རྒྱུན་ལྟར་ཁྲོམ་ལ་འགྲོ་སྐབས།   ལམ་ཁ་ནས་ཁོ་མོ་རྡོ་ཞིག་གི་སྟེང་ལ་འདྲེད་བརྡབ་ཤོར་ཏེ། པུས་མོ་གཉིས་ལ་རྨས་སྐྱོན་ཕོག་ནས་ཡར་ལང་མ་ཐུབ་པས།  ཁོ་མོས་ན་ཟུག་མ་བཟོད་པར་སྐད་ངག་ཆེན་པོས་སྨྲེ་སྔགས་བཏོན།    ཁོ་མོ་ངུས་པའི་སྒྲ་དེ་གནམ་ལ་འཕུར་བའི་ལྷ་མོ་ཞིག་གིས་ཐོས།   ལྷ་མོ་དེ་མར་བབས་ནས་སྐྱེས་མ་དེ་ཡར་ལང་བར་རམ་འདེགས་བྱས་པ་མ་ཟད།   ཁོ་མོའི་ལུས་སྟེང་གི་ས་རྡུལ་རྣམས་སྤྲུགས་ཤིང་ཕྱིས་ཏེ།   པུས་མོའི་སྟེང་གི་རྨ་ཁ་ལ་རེག་ཙམ་གྱིས་རྨ་རྣམས་དྲག་པར་བྱས། སྐྱེས་མ་དེ་ཡིད་འགུལ་ཆེན་པོ་ཐེབས་ཀྱང་།  ཁོ་མོར་བག་ལེབ་བསྲེགས་མ་མ་གཏོགས་ལྷ་མོ་ལ་སྟེར་རྒྱུའི་དངོས་པོ་གང་ཡང་མེད་པས།   བཀའ་དྲིན་མཚོན་བྱེད་དུ་བག་ལེབ་བསྲེགས་མ་རྣམས་ལྷ་མོར་བྱིན།   ལྷ་མོས་བག་ལེབ་བསྲེགས་མ་དེ་དག་ལྷ་ཡུལ་ལ་ཁྱེར་ཏེ་ལྷ་མོ་གཞན་རྣམས་ལ་བགོས།   ལྷ་མོ་ཚང་མ་ཁོ་མོའི་བག་ལེབ་བསྲེགས་མ་ལ་མཉེས་ཐག་ཆོད་དེ།   སྐྱེས་མ་དེའི་ཁྱིམ་ལ་ཡང་ཡང་བྱོན་པ་མ་ཟད། 

སྐྱེས་མའི་ཁྱོ་ག་ལ་ཐུག་པ་དང་།   ཁྱོ་ཤུག་རྒན་རྒོན་གཉིས་དང་མཉམ་དུ་སྡོད་པར་ཧ་ཅང་མཉེས་པོ་བྱུང་ཡོད།   ཉིན་ཞིག་ལ།  ལྷ་མོ་རྣམས་ཡང་བསྐྱར་ཕེབས།   སྐབས་འདིར་ཁོང་རྣམ་པས་ཁྱོ་ཤུག་རྒན་རྒོན་གཉིས་ཁོང་རྣམ་ཚོ་དང་མཉམ་དུ་ལྷ་ཡུལ་དུ་གདན་དྲངས་ཏེ།   ཅི་སྲིད་འཚོ་བའི་བར་དུ་ལྷ་ཡུལ་དུ་སྡོད་ཆོག་པར་བགྱིས།   ཁྱོ་ཤུག་རྒན་རྒོན་གཉིས་ད་དུང་ལྷ་ཡུལ་ལ་འཚོ་ཞིང་།   སྐྱེས་མ་དེས་ལྷ་མོ་རྣམས་ལ་རོ་བཅུད་ལྡན་པའི་བག་ལེབ་བསྲེགས་མ་བཟོ་བཞིན་ཡོད་དོ།།

༢༠༡༩/༥/༡གཟའ་ཟླ་བ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*