༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསྩལ་བའི་བཀའ་སློབ།

སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ་  ༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསྩལ་བའི་བཀའ་སློབ། 

༧ སྐྱབས་མགོན་ ༧ གོང་མ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་མ་འོངས་པར་བོད་རིགས་སྤྱི་མཐུན་ཚོགས་པ་ཚོ་ལྟ་བུའི་ལས་ཀ་རྣམས་མི་རབས་གསར་པ་རྣམས་ལ་སྤྲོད་སྐབས་བློ་བདེ་བོ་ཡོང་བ་ཞིག་ལ་ད་ལྟ་ནས་ཤུགས་རྒྱག་དགོས་སྐོར་བཀའ་སློབ་གནང་། འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བྱང་ཨ་རིའི་མི་ནི་སོ་ཏྲར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག  ཕྱི་ཚེས་༦ སྔ་དྲོ་ཚོུད་༡༠ ཐོག བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོའི་ཐོག   དཔལ་ས་སྐྱ་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། འདི་འདྲའི་བླ་མ་རྩ་བ་ཆེན་པོ་ཞིག་ང་ཚོའི་དུས་ཚོད་ལ་མཇལ་རྒྱུ་ཡོད་པ་དེ་བསོད་ནམས་ཆེན་པོ་དང་བསྐལ་བ་བཟང་པོ་ཡིན་དྲན་དགོས་ཀྱི་ཡོད་པ་རེད་ཅེས་གསུངས། 

དེ་ཡང་ ༧ སྐྱབས་མགོན་ ༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་མི་མང་ལ་སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་དང་འབྲེལ་ནས་བླང་དོར་བཀའ་སློབ་ཕེབས་དོན། ང་རང་ཚོ་ཚང་མ་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་རེད། བོད་ཡུལ་གངས་ཅན་གྱི་ལྗོངས་འདི་ལྷག་པར་བརྩེ་བའི་གདུལ་ཞིང་དུ་གཟིགས་ནས། ཐོག་མར་སྤྲེའུ་བྱང་ཆུབ་སེམས་པའི་རྣམ་པར་རོལ་ནས་མིའི་འགྲོ་བ་སྤེལ་བ་དང་། དེ་བཞིན་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རྣམ་པར་རོལ་ནས་དམ་པའི་ཆོས་དབུ་བརྙེས་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་པར་རོལ་ནས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་སྲོལ་གཏོད་པ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རྣམ་པར་རོལ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་བོད་གངས་ཅན་གྱི་ལྗོངས་སུ་དར་ཞིང་རྒྱས་པར་མཛད་པ་ནས་བཟུང་། ད་ལྟའི་བར་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་མས་བོད་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་དཔག་ཏུ་མེད་པ་མཛད་ཡོད་པ་རེད། ལྷག་པར་དུ་ང་རང་ཚོའི་ཚེ་འདི་དང་ཕྱི་མའི་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་སྐུར་བཞེངས་ནས་ང་ཚོ་ཚང་མའི་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་མཛད་དང་མཛད་བཞིན་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་ཚོ་ཚང་མས་བསོད་ནམས་ཁྱད་པར་ཅན་བསགས་པས་མཐུ་ལ་བརྟེན་ནས།  འདི་འདྲའི་བླ་མ་རྩ་བ་ཆེན་པོ་ཞིག་ང་ཚོའི་དུས་ཚོད་ལ་མཇལ་རྒྱུ་ཡོད་པ་དེ་བསོད་ནམས་ཆེན་པོ་དང་བསྐལ་བ་བཟང་པོ་ཡིན་དྲན་དགོས་ཀྱི་ཡོད་རེད། ང་རང་ཚོ་མི་གཅིག་ཡིན་པ་བསམ་ནས་གཅིག་གིས་གཅིག་ལ་གུས་བརྩི་བྱེད་པ་དང་། བྱམས་པ་དང་བརྩེ་བས་བསྐྱངས་དགོས་པ་དེ་ཞེ་དྲག་གི་གལ་ཆེན་རེད། དུས་རྒྱུན་རྒྱལ་བ་རིན་པོ་ཆེས་ཁོང་འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ནང་གི་མི་གཅིག་ཡིན་དགོངས་ཀྱི་ཡོད་བཀའ་གནང་གི་ཡོད་རེད། དེས་ག་རེ་བསྟན་གྱི་རེད་ཞུས་ན། འཛམ་གླིང་འདིའི་ནང་ལ་མི་རིགས་མ་འདྲ་བ། རྒྱལ་ཁབ་མ་འདྲ་བ། རིག་གཞུང་མ་འདྲ་བ་མང་པོ་ཞིག་ཡོད་རེད། ཡིན་ནའང་མ་འདྲ་བ་ཐོག་ལ་བསམ་བློ་མ་གཏང་བར་གཙོ་བོ་ང་ཚོ་ཚང་མ་མི་ཡིན་པ་གཅིག་པ། བདེ་བ་འདོད་པ། སྡུག་བསྔལ་མི་འདོད་པ་གཅིག་པ་དེ་འདྲའི་གཅིག་འགྱུར་གྱི་བསམ་པ་ག་ཚད་ཀྱིས་ཤུགས་ཆེ་རུ་གཏོང་བ་ཡིན་ན། དེ་ག་ཙམ་གྱིས་ང་རང་ཚོ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་མཐུན་སྒྲིལ་དམ་གཙང་ཡོང་ཐུབ་པར་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་དུས། ང་རང་ཚོ་གཅིག་གིས་གཅིག་ལ་མཐུན་སྒྲིལ་བྱེད་དགོས་པ་དང། གཅིག་གིས་གཅིག་ལ་བྱམས་པས་སྐྱོང་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས།

ཡང་ཡ་རབས་སྤྱོད་བཟང་དགོས་པའི་སྐོར་ལ་ལམ་སྟོན་གནང་དོན། སེམས་པ་བཟང་པོ་དང་ཡ་རབས་སྤྱོད་བཟང་བྱས་ན་སྤྱི་ཚོགས་ནང་གྱོང་རག་གིན་རེད་བསམ་བསྡད་པ་ཡིན་ན། དེ་ནོར་འཁྲུལ་རེད། སེམས་པ་བཟང་པོ་དང་སྤྱོད་པ་བཟང་པོའི་ཐོག་ནས་སྤྱི་ཚོགས་ནང་ལ་གྱོང་རག་གི་མ་རེད། དེས་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་ཡོད་རེད། སོ་སོ་ཡང་སྐྱིད་པོ་ཡོང་གི་རེད། མི་གཞན་ལ་ཡང་བདེ་སྐྱིད་སྒྲུབ་ཐུབ་པ་ཞིག་ཡོང་གི་ཡོད་རེད། དེ་ཡིན་དུས་སེམས་བཟང་པོ་དང་སྤྱོད་པ་བཟང་པོ་བྱས་པ་ཡིན་ན་སྤྱི་སྒེར་གང་གི་ཐོག་ལའང་བསམ་བློ་གཏང་བ་ཡིན་ན་གྱོང་རག་གིན་མེད་བསམ་པའི་ཡིད་ཆེས་དང་བསམ་བློ་དེ་སེམས་ནང་འཁོར་དགོས་པ་དེ་གལ་ཆེན་པོ་རེད། ཅེས་དང་། ནང་ཁུལ་ནས་དམ་ཚིག་སྲུང་དགོས་པའི་སྐོར་ཁོང་གིས། ཆོས་ལུགས་གཞན་པ་ཚོས་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་བཀའ་སློབ་ལམ་སྟོན་ཞུ་ནས་ཅི་གསུང་བཀའ་སྒྲུབ་གནང་གིན་ཡོད་རེད། དེ་ཡིན་ཙང་ང་རང་ཚོ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་རྒྱལ་བ་རིན་པོ་ཆེའི་སློབ་མ་ཡིན་དུས་ཅི་གསུང་བཀའ་སྒྲུབ་ངེས་པར་དུ་བྱེད་དགོས་པ་དེ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་རེད། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལ་ང་རང་ཚོ་མཐུན་སྒྲིལ་ཡོང་པ དེ་ཡིིན་པ་རེད། དེ་ཡང་ཆོས་འཇིག་རྟེན་གཉིས་ཀའི་ཆ་ནས་གལ་ཆེན་པོ་རེད། ཅེས་གསུངས། 

ཡང་ཁོང་གིས། ང་རང་ཚོ་བོད་རིགས་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ལ་སླེབས་ནས་འཚོ་བའི་མཐུན་རྐྱེན་བཟང་པོ་ཆགས་བསྡད་ཡོད་རེད། ཡིན་ནའང་ང་རང་ཚོ་མི་ཚེ་འདིའི་ནང་ལ་དགོས་པ་གལ་ཆེ་ཤོས་དེ་སེམས་སྐྱིད་པོ་དང་སེམས་ལ་བདེ་སྐྱིད་དགོས་པ་དེ་རེད། དེ་འཚོ་བའི་མཐུན་རྐྱེན་ཡག་པོ་ཡོད་པ་ཙམ་གྱིས་སེམས་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མ་རེད། སེམས་ལ་བདེ་སྐྱིད་ངོ་མ་དེ་དགོས་ཀྱི་ཡོད་ན་སེམས་བཟང་པོ་དང་ཆོས་བྱེད་དགོས་ཀྱི་ཡོད་རེད། ཆོས་ཞེས་པ་དེ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་གཞིར་བཞག་པའི་ཆོས་ཡིན་དུས་སེམས་བཟང་པོ་ཡོང་བའི་ཐབས་ལམ་ཡང་དག་ཞིག་ཆགས་བསྡད་ཡོད་རེད། 

ད་ལྟའི་དུས་ཚོད་འདིར་གཟབ་གཟབ་བྱེད་དགོས་པ་དེ་སོ་སོ་ངོས་ནས་ཧུར་ཐག་བྱེད་ཀྱི་ཡོད་རེད། དེ་ཞེ་དྲག་གི་ཡག་པོ་རེད། རྗེས་སུ་ཡིད་རངས་དང་སྔགས་བརྗོད་ཞུ་གི་ཡོད། ཡིན་ནའང་སོ་སོས་ཧུར་ཐག་བྱེད་པ་གཅིག་པུ་མ་ཡིན་པ། སོ་སོའི་མི་ཐོག་རྗེས་མ་དེ་ཚོ་ལ་བག་ཆགས་བཟང་པོ་བཞག་པའི་ཐབས་ཤེས་ངེས་པར་དུ་བྱེད་དགོས་འདུག གང་ཡིན་ཟེར་ན་ང་ཚོའི་མི་ཐོག་འདིས་ལོ་གསུམ་བཅུ་བཞི་བཅུའི་རྗེས་ནས་སྤྱི་ཚོགས་ཀྱི་ལས་ཀ་བྱེད་ཐུབ་ཀྱི་མ་རེད། དེའི་རྗེས་ནས་བོད་རིགས་སྤྱི་མཐུན་ཚོགས་པ་ཚོ་ལྟ་བུའི་ལས་ཀ་དེ་ཨ་རིར་སྐྱེས་པའི་མི་ཚོས་བྱེད་དགོས་རེད། ཁོང་ཚོ་ད་ལྟ་ནས་བོད་སྐད་ཡིག་ཡག་པོ་མ་ཤེས་ན། རྗེས་མ་ལོ་གསུམ་བཅུ་བཞི་བཅུའི་རྗེས་ནས་ཁོང་ཚོར་རྩིས་སྤྲོད་གང་འདྲ་བྱེད་དགོས་རེད། 

རྩིས་སྤྲོད་བྱེད་དུས་སོ་སོ་དགའ་བཞིན་སྤྲོ་བཞིན་རྩིས་སྤྲད་ས་ཡོད་པ་ཞིག་བྱུང་ན་ཕན་ཐོགས་ཆེན་པོ་ཡོད་རེད། མ་འོངས་རྩིས་སྤྲོད་བྱེད་པའི་སྐབས་ལ་བོད་ཀྱི་སྐད་དང་ཡི་གེ་མི་ཤེས་མཁན། བོད་ཀྱི་སྤྱི་པའི་དོན་དག་ལ་སེམས་ཤུགས་ཞེ་དྲག་མེད་མཁན །དེ་འདྲ་ལ་རྩིས་སྤྲོད་དགོས་བསམ་ན་ཡང་སེམས་སྐྱིད་པོ་དང་བློ་བདེ་པོ་ཡོང་གི་མ་རེད། དེ་འདྲ་མ་ཡོང་བ་ད་ལྟར་ནས་ཤུགས་རྒྱག་དགོས་རེད། སེམས་ཤུགས་ཡོད་མཁན་གྱི་མི་བཟོ་བར་ལོ་མང་པོ་འགོར་གྱི་ཡོད་རེད། བྱིས་པ་ཆུང་ཆུང་ནས་བག་ཆགས་བཟང་པོ་བཞག་དགོས་ཀྱི་ཡོད་རེད་མ་གཏོགས་ཟླ་བ་གཅིག་གཉིས་ཞིག་ནང་། མི་སེམས་ཤུགས་ཡོད་མཁན་བོད་ཀྱི་སྐད་དང་ཡི་གེ་ཤེས་མཁན་ཞིག་བཟོ་ཐུབ་པ་ཡོད་མ་རེད། དེ་ཡིན་དུས་མ་འོངས་པར་རྩིས་སྤྲོད་ས་མི་དེ་བོད་སྐད་བོད་ཡིག་ཡག་པོ་ཤེས་མཁན་བོད་སྤྱི་པའི་དོན་དག་ལ་བསམ་བློ་ཡོད་མཁན་ཞིག་བཟོ་དགོས་ན་ད་ལྟ་ནས་ཤུགས་རྒྱག་དགོས་རེད། 

མ་འོངས་པར་ང་རང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་འཛིན་མཁན་མི་རབས་གསར་པ་གང་མང་མང་ཞིག་དགོས་ཀྱི་ཡོད་རེད། དེ་ཡིན་དུས་ང་ཚོ་ནང་ཁུལ་ཕྱི་ནང་གང་ལ་འགྲོ་ན་བོད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་གཏོང་དགོས་པ་དེ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་རེད། ཅེས་བཀའ་སློབ་བསྩལ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*