སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །
རྩོམ་པ་པོ། འཛིང་པ་འོད་གསལ་རྡོ་རྗེ།
འདི་ལྟར་ཏེ། རྟོག་བཟོར་གྱི་གྲུ་བཞི་མིན་པའི་གདོང་དམར་གངས་ཅན་ཡུལ་དུ་ངོ་མཚར་ཆེ་བའི་བསང་མཆོད་དགའ་སྟོན་དུས་ཆེན་ཞིག་འབུར་འབུར་བྱུང་བ་ནི་ཡབ་མེས་རྣམ་གྱིས་བཀའ་དྲིན་འོག་ད་བར་ཟམ་མ་ཆད་པ་སྔར་ལས་བདོ་བའི་རྒྱུན་སྲོལ་རྩ་ཆེན་འདི་ལ་«འཛམ་གླིང་སྤྱི་བསང»ཞེས་གྲགས་ཡོད་པས། འདི་ཉིད་དར་ཚུལ་གླིང་སྒྲུང་གི་དཔེ་ཆ་འགའ་ལས་ཅུང་བྱུང་ཡོད་པ་དང་། ལྷག་པར་དུ་སྔོན་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ཀུན་ལ་བསང་མཆོད་བྱེད་པའི་སྲོལ་དར་ཁྱབ་ཆེན་མོ་བྱུང་ནས། ཕྱིས་སུ་ཀརྨ་པ་རང་བྱུང་རྡོ་རྗེས་སོག་གི་ཆུ་ལ་ལྕགས་ཟམ་བཙུགས་པའི་དུས་དང་བསྟུན། འཛམ་གླིང་སྤྱི་བསངས་ཞེས་པའི་ཡིག་ཆ་ཞིག་དམིགས་བསལ་མཛད་དེ། རིམ་བཞིན་སྤྲེལ་ཟླའི་ཚེས་བཅོ་ལྔའི་ཉིན་མདོ་དབུས་ཁམས་གསུམ་དུ་ལྷ་བསོལ་ཀླུ་མཆོད། རི་བསང་ཀླུང་བསང་སོགས་ཀྱི་ལུགས་སྲོལ་བཟང་པོ་འདི་འཁྲུངས་པ་ཡིན་ལ། ཉིན་འདིའི་ནང་སྨོན་ལམ་ཅི་དང་ཅི་འདེབས་ན་མ་འོངས་པར་མྱུར་དུ་མངོན་གསལ་ཡོང་བའི་གནའ་གཏམ་མཆིས། དེའི་ཕྱིར་བདག་གིས་ཡང་དག་ཡིད་སྨོན་བཅུ་ཚན་གཉིས་ཀྱི་ཚིག་གི་ལམ་དུ་འབུལ་ལོ། །
བཅུ་ཚན་དང་པོ༽
གཅིག །ཆོས་ཀྱི་སྙིང་པོ་དྲིན་ལན་ཡིན་པས་བཀའ་དྲིན་ཅན་གྱི་སྟོན་པ། བླ་མ། ཕ་མ། སློབ་གྲོགས། གྲོགས་བཟང་ཡོངས་ལ་ཚེ་འདིར་བདག་གཞན་ཚང་མས་དྲིན་ལན་མཇལ་ཐུབ་པའི་ནུས་ལྡན་ལས་བཟང་ཆེན་པོ་སྨིན་པར་ཤོག །
གཉིས། རང་གཞན་གཉིས་ཀྱི་སེམས་ཁམས་ཉོན་མོངས་ཀྱིས་མ་གོས་པ། བློ་ཆོས་སུ་འགྲོ་བའི་རྣམ་ཀུན་མཆོག་ལྡན་གྱི་ལྟ་བ་ལེགས་པོ་སྐྱེ་བར་ཤོག །
གསུམ། སེམས་ལ་རུམ་པའི་རབ་བྱུང་གི་གྲལ་དུ་འཁོད་ཅིང་སྐལ་ལྡན་ལས་ཅན་རྣམས། སྐུ་ཚེ་རི་རྒྱལ་ལྟར་བརྟན་ཞིང་ཚུལ་ཁྲིམས་ལ་བར་ཆད་འགོལ་ནས་དྲི་བསུང་ཕྱོགས་བཅུར་ཁྱབ་པར་ཤོག །
བཞི །བཀའ་དྲིན་ཅན་གྱི་སྔོན་བྱོན་གོང་མ་རྣམ་གྱི་ཚད་ལྡན་གཞུང་ལུགས་ལ་དད་པ་དང་ཡིད་ཆེས་ཀྱིས་འཚོ་སྟེ། ཟུར་ཟ་དང་དོགས་ཚིག་སོགས་དོར་ནས། དབྱར་ཀྱི་དཔལ་ཡོན་བཞིན་དུ་བསྟོད་སྔགས་ཀྱིས་མཛེས་པར་ཤོག །
ལྔ། ལོ་ཟླ་ཐམས་ཅད་དཀར་ཟས་ཀྱི་ཟླ་བ་འགྱུར་ནས། འགྲོ་བ་མི་ཡིས་དམར་ཟས་གཅིག་ཀྱང་ལ་ལོངས་སྤྱོད་མི་དགོས་པ་ལུས་སེམས་བདེ་ཐང་ངང་དུ་གནས་པར་ཤོག །
དྲུག །བདག་གཞན་ཚང་མའི་སྒོ་གསུམ་གྱི་སྤྱོད་པ་ཆོས་དང་མཐུན་ཞིང་། འཚེ་མེད་ཆོས་ལུགས་ཡར་ངོའི་ཟླ་བ་ལྟར་འཕེལ་ནས་འཛམ་གླིང་དམ་ཆོས་འོད་ཀྱིས་རྒྱན་པར་ཤོག །
བདུན། གཙོ་བོ་འགྲོ་བ་མི་ཡི་ལག་ཏུ་ཁ་པར་དང་རྩེད་ཆས་རྒྱང་རིང་དུ་བྱེ་ནས། ཕྲེང་བ་དང་འཁོར་ལོ་ལ་འཇུག་ཉེ་བའི་དགེ་ལེགས་ཡོང་བར་ཤོག །
བརྒྱད། ཆོས་བརྒྱུད་ཕན་ཚུན་བར་དགག་སྒྲུབ་ཀྱི་ལམ་དུ་མི་རྒྱུ་བ། མཐུན་པ་སྤུན་བཞིའི་རྣམ་ཐར་དང་འབྲེལ། སྙིང་ལ་འབབ་པའི་གཏམ་གླེང་ནས་ཡིད་གཅུགས་འོད་སྟོང་ལྡན་པར་ཤོག །
དགུ། སེམས་ཁམས་ཞེན་འཁྲེས་ཀྱི་དབང་དུ་མི་ཤོར་བ། ཞེན་པ་བཞི་བྲལ་གྱིས་ཁེངས་པར་ཤོག །
བཅུ། འགྲོ་བ་ཀུན་བདེན་པའི་བདེ་སྐྱིད་ཀྱི་ལམ་བུ་ལ་འཇུ་ནས། འཇིག་རྟེན་ལས་འདས་པའི་འགྱུར་མེད་ཀྱི་ཁྱིམ་གཞི་ལ་བསླེབ་པར་ཤོག །
བཅུ་ཚན་གཉིས་པ༽
གཅིག །བོད་ཁུལ་གྱི་སྲོལ་རྒྱུན་རིག་གནས་ལ་བརྩི་སྲུང་དང་། ལྷག་པར་དུ་དགོན་པའི་ཕྱག་ལེན་གང་འདྲ་མངའ་ན་དེ་བཞིན་བསྒྲུབ་ནས་ཞབས་ཏོག་རྒྱ་ཆེར་ཡོང་བར་ཤོག །
གཉིས། རྒྱལ་ཁབ་ཐམས་ཅད་ཞི་བདེའི་དཔལ་ལ་རོལ་ནས། སྡུག་བསྔལ་དང་ལྟོགས་སྐོམ་གྱིས་མནར་བའི་སེམས་ཅན་གཅིག་ཀྱང་མེད་པའི་དགའ་འཛུམ་གནམ་ས་གང་བར་ཤོག །
གསུམ། རྒྱལ་ཁང་ཕྱི་ནང་གི་སློབ་གྲྭ་ཆེ་ཆུང་ཇི་ཙམ་ཡོད་ན་དེ་ཙམ་ནང་དུ་སྲ་འཐས་ཅན་གྱི་བོད་ཡིག་འཛིན་གྲྭ་གཅིག་ཡོད་པའི་བཀྲ་ཤིས་པར་ཤོག །
བཞི། འཛམ་བུ་གླིང་གི་སློབ་མ་ཡོངས་ཀྱིས་ལོ་དང་ལོ་རེར་མཐོ་རྒྱུགས་ཀྱི་དཀའ་ངལ་ཤིན་ཏུ་མཆིས་པས། མཆོག་ཏུ་རྨད་པའི་གྲུབ་འབྲས་རྙེད་པ་དང་། དེའི་ནང་བོད་ཀྱི་སློབ་མ་ཀུན་གྱིས་གཙོ་བོ་རང་རིག་གཞུང་ལ་འབད་བརྩོན་འོག །ཡབ་མེས་ཀྱི་དྲིན་དང་ཕ་སྐད་དག་མ་མི་བརྗེད་པ། ལས་ཀ་བཟང་པོ་ལ་འཇོན་ཐང་ཅན་དུ་འགྱུར་བར་ཤོག །
ལྔ། འགྲོ་བ་ཐམས་ཅད་ཀྱིས་དུག་རྫས་དང་ཉོ་ལུད་བཟའ་བཏུང་ལ་མི་བསྟེན་པ། བཟའ་འཐོར་གཉེན་བྲལ་གྱི་མྱ་ངམ་མི་འབྱུང་བ། སྐྲན་ནད་སོགས་དང་འབྲེལ་བའི་ནད་ངན་གཅིག་ཀྱང་མི་གོས་པ། ལུས་སེམས་བདེ་སྐྱིད་དཔག་མེད་ཀྱིས་སྤྲས་པའི་དབྱར་གྱི་འདབ་ལོ་བཞིན་དུ་མཛེས་པར་ཤོག །
དྲུག་པ། ངོ་མཚར་ཆེ་བའི་འཇིག་རྟེན་ཀྱི་ཁམས་འདི་གཡུང་དྲུང་ལྷ་ཡི་རྫིང་རིང་ལྟ་བུ་འགྱུར་ནས། ས་ཆུ་མེ་རླུང་གི་གནོད་འཚེ་རྡུལ་ཕྲ་མོ་གཅིག་མི་ཡོང་པར་ཤོག །
བདུན་པ། ཐམས་ཅད་ཀྱིས་གོང་མ་རྣམ་ལ་བརྩི་བཀུར། དམན་པ་རྣམས་ལ་རོགས་རམ། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ལ་ཡིད་ཆེས་དྲག་པོ་བྱེད་ནས། འཇིག་རྟེན་ཕྱི་མ་ལ་འགྲོ་ཆས་བཟང་པོ་ཞིག་ཐོན་ཡོད་པར་ཤོག །
བརྒྱད་པ། སུ་དང་སུ་ཡི་བར་སྨད་པ་དང་མི་ཁ་སྣ་གཅིག་མི་བྱེད་པའི་འོག །ཕན་ཚུན་བསྟོད་པ་རྐྱང་རྐྱང་གིས་འཚོ་བ་རོལ་ནས། མཐུན་པའི་ལག་དང་སྦྲེལ། འཛུམ་མདངས་འོད་དཀར་ངོམ། མཚེར་སྣང་མེད་པའི་བདེ་ལེགས་ཉི་མ་འཆར་བར་ཤོག །
དགུ་པ། ཚེ་རབས་མང་པོའི་བསོད་ནམས་ལས་གྲུབ་པའི་ང་ཚོའི་མི་ལུས་འདི། དོན་མེད་ཆུད་ཟོས་མི་བྱེད་པ། རབ་ན་རླབས་ཆེན་གྱི་བྱས་རྗེས་གཟིངས་རྟགས་མི་རབས་ནས་མི་རབས་རྒྱན་ཐུབ་པ། མཐའ་ན་རྗེས་ཤུལ་འཛིན་མཁན་ཚོ་ལ་མིག་དཔེ་བལྟ་ཐུབ་པའི་ལོ་རྒྱུས་གཙང་མ་ཞིག་གནས་པར་ཤོག །
བཅུ། བསྟན་པ་ཉི་འོད་ལྟར་གསལ། བསྟན་འཛིན་སྐར་ཚོགས་བཞིན་འཕེལ། ཕ་མ་སྐུ་ཚེ་རིང་། ཆར་ཆུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། བོད་ཁམས་བདེ་ཞིང་སྐྱིད། ཚང་པ་རྣམས་ཀྱི་ཚང་ལས་དགེ །ཞིང་པ་རྣམས་ཀྱི་ཞིང་ལས་བཟང་། སློབ་མ་རྣམས་ཀྱི་བརྩོན་འགྲུས་རྒྱས། བུ་འདོད་རྣམས་ལ་བུ་བཙལ། ནོར་འདོད་རྣམས་ལ་ནོར་རྙེད། དགའ་སྟོན་ཕུན་ཚོགས་རོལ་བའི་གོང་གི་བཀྲ་ཤིས་གསོལ་འདེབས་སྨོན་འདུན་ཆེན་མོ་འགྲུབ་པའི་ཆེད། དཀར་ཕྱོགས་ཡུལ་ལྷ་གཞི་བདག་རྣམས། བསྟོད་དོ། །མཆོད་དོ། །འཚལ་ལོ། །གསོལ་ལོ། །
ཞེས་པ་འདི་ནི་འཛིང་པ་འོད་གསལ་རྡོ་རྗེས་དར་མདོ་ལྷ་ཡུལ་གྲོང་ཁྱེར་དུ་བྲིས་པའོ། །
ཀློག་གྲངས། 1,733
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།