ཆོས་ལུགས་འཐེན་འཁྱེར་གྱི་བྱ་བྱེད་ལ་ཐུགས་སྐྱོ་བའི་གདུངས་དབྱངས་གསོལ་འདེབས་དང་མ་འོངས་ལུང་བསྟན།
རྩོམ་པ་པོ། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།
ཀྱེ་མ། དེང་སང་སྙིགས་མ་ལྔ་བདོའི་མཐར་ཐུག་འདིར། །
བདག་འདྲ་མུ་ཅོར་སྨྲ་བས་ས་སྟེང་ཁེངས། །
བསྟན་འཛིན་སྐྱེས་ཆེན་འགའ་ནི་དབྱིངས་སུ་གཤེགས། །
ལྷ་མ་ཡིན་རྣམས་ཧ་ཧར་དགོད་པ་དང་། །
དཀར་ཕྱོགས་ལྷ་རྣམས་རིང་དུ་བྲོས་ཤིང་བྱེར། །
སངས་རྒྱས་བསྟན་པ་རི་མོའི་མར་མེ་ལྟར། །
གྱུར་འདིར་ཐུགས་རྗེ་ཆེ་རྣམས་དགོངས་སུ་གསོལ། །
སངས་རྒྱས་བསྟན་ལ་ཅེས་པར་འཛིན་པ་རྣམས། །
ལུང་རྟོགས་བཤད་སྒྲུབ་སྤངས་རྟོགས་བྱ་བར་བརྩོན། །
ཆོས་སྤྱོད་རྣམ་བཅུར་རྟག་ཏུ་མི་གཡེལ་ཞིང་། །
གསོལ་འདེབས་མཆོད་འབུལ་ཚོགས་བསགས་དག་ལ་རེམ། །
དགེ་འདུན་ཐུགས་མཐུན་གྲུབ་མཐའི་ཁ་འཛིན་སྤོངས། །
ཕྱོགས་དང་རིས་སུ་མ་གཅོད་བསྟན་པ་ཀུན། །
ནང་དགལ་མ་གཏོང་ཆོས་ལ་སྐུར་འདེབས་སྤོངས། །
བསྟན་པའི་ཆོས་ཚུལ་རྒྱ་མཚོ་ཇི་སྙིད་པ། །
རང་སེམས་འདུལ་བར་ཤེས་བྱོས་ཉམས་ལེན་མཛོད། །
རྟག་ཏུ་སྒོ་གསུམ་ཞི་དུལ་ལྷོད་ཆགས་པས། །
དྲན་དང་ཤེས་བཞིན་བག་ཡོད་བརྟེན་པར་མཛོད། །
རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་དང་མཐུན་པ། །
འཕགས་ཡུལ་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱིས། །
བསྟན་པ་རྩོད་པ་ཅན་དུ་གྱུར་པ་ལས། །
རིམ་གྱིས་འགྲིབ་ཅིངབྱང་ཕྱོགས་བོད་ཡུལ་དུ། །
ས་དགེ་བཀའ་རྙིང་གྲུབ་མཐའི་གདོན་གྱིས་བཏབ། །
རྩོད་པས་བསྟན་པ་དཀྲུགས་ཤིང་ཟིང་ཟིང་གྱུར། །
འདི་ཕྱི་གཉིས་ཕུང་རང་གཞན་སྡིག་ལ་སྦྱོར། །
དོན་གྱི་སྙིང་པོ་ཅུང་ཟད་མེད་པས་ན། །
ངེས་པར་དོར་ལ་སྟོན་པའི་བསྟན་པ་སྲུངས། །
སངས་རྒྱས་འཇིགས་པ་མེད་པའི་གནས་ཐོབ་པས། །
བསྟན་པ་ཕྱི་ནས་སུས་ཀྱང་བཤིགས་མི་ནུས། །
སེང་གེའི་ཁོག་པ་འབུ་ཡིས་གཡེང་བ་བཞིན། །
ནང་ནས་བཤིག་ཅེས་མདོ་ནས་གསུངས་པ་ལ། །
དྲན་པ་ཉེ་བར་བཞག་ནས་སྤངས་བླངས་མཛོད། །
ཁྱིམ་ན་གནས་རྣམས་དཀོན་མཆོག་མཆོད་པ་དང་། །
ཕན་སེམས་དང་ལྡན་དགེ་བའི་ལས་བརྩོན་ན། །
འདི་ཕྱི་ཚེ་རབས་ཀུན་ཏུ་དགེ་བར་འགྱུར། །
བདག་ནི་འཆི་ལ་ཉེ་བཞིན་རྒས་པས་ཉེན། །
སངས་སྒྱས་བསྟན་ལ་ལྷག་བསམ་བཟང་ཙམ་ལས། །
ཕན་ཐོགས་ནུས་པ་གང་ཡང་མེད་ངེས་ཀྱང་། །
བསྟན་པ་རྒྱས་པའི་སྨོན་ལམ་འདེབས་ལ་བརྩོན། །
༼འདི་མན་ནས་མ་འོང་པར་བསྟན་པ་རྒྱས་པའི་ཚུལ༽
གངས་ཅན་ལྗོངས་ཀྱི་ཕན་བདེའི་འབྱུང་གནས་མཆོག །
བསྟན་འཛིན་རྒྱ་མཚོ་ཞབས་པད་ཡུན་དུ་བརྟན། །
འོད་དཔག་མེད་མགོན་པན་ཆེན་བླ་མ་དང་། །
ཀརྨ་པ་དང་འཇམ་དབྱངས་ས་སྐྱ་པ། །
ལ་སོགས་བསྟན་འཛིན་སྐྱེས་རྣམས་སྐུ་ཚེ་དང་། །
མཛད་པ་འཕྲིན་ལས་ཐམས་ཅད་རབ་རྒྱས་ཤིང་། །
འཕགས་པའི་ཡུལ་གྱི་རྒྱལ་བློན་འབངས་བཅས་རྣམས། །
བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འབྱོར་བ་དང་། །
སླར་ཡང་སངས་རྒྱས་བསྟན་པ་རབ་འཕེལ་ཞིང་། །
སྡེ་སྣོད་གསུམ་གྱི་ཆོས་ཀྱི་རྔ་ཆེན་སྒྲོགས། །
སྲིད་རྩེའི་༼མཐའི༽བར་དུ་ཁྱབ་པའི་དཀྲ་ཤིས་ཤོག། །།
ཅེས་འབྲས་སྤྱི་བློན་ཆེན་གྱི་བཀས་བསྐུལ་བ་བཞིན་མཛད་པ་ལས་སོ།། །།
ལྗགས་བརྩམས་འདི་ཕྱི་ལོ་༡༩༥༧-༥༨་ཙམ་ལ་མཛད་པར་མངོན་ཏེ། བོད་ཤར་ཕྱོགས་ལ་དམངས་གཙོའི་སྤྱོད་འགྱུར་ཚུགས་སྐབས། མཁྱེན་བརྩེ་རིན་པོ་ཆེ་མཆོག་ཁམས་ཕྱོགས་ནས་དབུས་དང་། དེ་ནས་འབྲས་ལྗོངས་སུ་ཕེབས། ས་གནས་དེ་གར་ཕྱི་ལོ་༡༩༥༩་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའོ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།