ཨ་མ་སྒྲོལ་མ་དང་ཁྲེལ་གཞུང་མེད་པའི་ལྷ་དབང་།
དགེ་བཤེས་ལྷུན་གྲུབ་ཀྱིས་ཁ་པར་བཤད་ཞོར་བྲེལ་འཚབ་ངང་རྒས་གསོ་ཁང་ནས་དོན་སོང་། ཁོང་གིས་དཔྲལ་བར་བསྡུས་པའི་གཉེར་མ་ནི་རླུང་གིས་དེད་པའི་རྒྱ་མཚོ་རྦ་རླབས་དང་འདྲ་ལ། གདོང་ལ་འཛག་པའི་རྔུལ་ཆུ་ཐིགས་པ་ནི་བརྒྱད་ཅུ་རྒན་པོའི་ཁ་མཆུ་ཞིག་དང་ཨ་ན་མ་ན་རེད།
༡
རེད། ད་ནང་ཐག་རིང་ནུབ་ཕྱོགས་སུ་ཡོད་པའི་དོན་དགའ་ལགས་ཀྱིས་ཞལ་པར་བརྒྱུད་ནས་དགེ་བཤེས་ལྷུན་གྲུབ་ལགས་ལ། རྒས་གསོ་ཁང་དུ་ཨ་མ་སྒྲོལ་མ་ལ་གཟིགས་མཁན་ཞིག་ཕེབས་དགོས་པའི་རེ་བ་བཏོན། དགེ་བཤེས་ལགས་ཀྱིས་དཔེ་ཁྲིད་དང་འཛིན་གྲྭ་འཚོགས་རྒྱུ་ཆ་ཚང་བློས་བཏང་ནས་ལེ་དབང་བརྒྱ་ཕྲག་གིས་ཆད་པའི་རྒས་གསོ་ཁང་དུ་བཅར། ཁོང་རྒས་གསོ་ཁང་དུ་བཅར་དུས་ཨ་མ་སྒྲོལ་མའི་དབུགས་རྔ་ད་དུང་བསྡུ་རྒྱུ་ལས་འདུག །ཨ་མ་སྒྲོལ་མའི་མིག་ཆུ་ཐིགས་པ་ཁུར་ཚོས་ནས་འབབ་བཞིན་ལྷ་དབང་ཞེས་འདྲི་བྱུང་།
༢
ཨ་མ་སྒྲོལ་མ་ལ་ཁག་ཅི་ཡོད། ཁོང་ལ་བུ་གཅིག་རང་ཡོད་པ་ནི་ལྷ་དབང་རེད། ཨ་མ་སྒྲོལ་མས་ཆང་ས་བརྒྱབས་ནས་ལོ་གཅིག་མ་སོང་གོང་ཁོང་གི་བཟའ་ཟླ་དོན་གྲུབ་སྦག་སྦག་བརྡབ་ནས་རྐྱེན་ལམ་དུ་ཤོར། དོན་གྲུབ་རྐྱེན་ལམ་དུ་ཤོར་བའི་སྡུག་བསྔལ་དང་། ཁོག་པའི་ནང་གི་པུ་གུ་དེ་ཇི་ལྟར་སྐྱེ་ཡོང་སྙམ་པའི་དངངས་སྐྲག་གིས་ཨ་མ་སྒྲོལ་མ་ཤ་སྐམ་རིད་སྐམ་དུ་གྱུར། འོན་ཏེ། སྟབས་ལེགས་པ་ཞིག་ལ་ཟླ་བ་གཅིག་གི་རྗེས་སུ་སྙིང་རྗེ་བའི་སྒྲོལ་མའི་སྡུག་བསྔལ་དཀོན་མཆོག་གིས་གཟིགས་པ་ཨེ་ཡིན། ན་ཚ་སོགས་ཟུག་གཟེར་དྲག་པོ་མེད་པར་ལྷ་དབང་བདེ་བར་བཙས་སོང་། དེ་ནས་བཟུང་ཨ་མ་སྒྲོལ་མས་ཡོད་ཚད་ལྷ་དབང་གི་ཆེད་དུ་བཏང་།
༣
པུ་གུ་ཚོའི་ན་ཚའི་ཟུག་ངུ་དང་། མི་རྒན་ཚོའི་འདས་བྲལ་གྱིས་ངུ་ངག་དབྱངས་སུ་གྱེར་བས་ཁོར་ཡུག་ཆུང་ཆུང་འདི་ཡང་གཤིན་པོའི་ཐང་ཆེན་ལྟ་བུར་གྱུར་འདུག །
རླུང་འཚུབ་ཀྱིས་སྤུར་བའི་གད་སྙིགས་དག་ནི་བྱ་རྗེས་སྙེགས་པར་ལྟར་བར་སྣང་ཁམས་ན་ལྡིར་བཞིན་འདུག །ཨ་མ་སྒྲོལ་མས་ལྷ་དབང་པང་དུ་བཟུང་ནས་སྨན་པ་རྒྱ་མོ་ཞིག་ལ་ཅི་ཞིག་གི་ཞུ་བ་འཐེན་བཞིན་འདུག །མཚམས་ཤིག་ལ་རྒྱ་མོ་དེ་འུ་ཐུག་ཐབས་ཟད་ཀྱིས་ངས་གཤག་བཅོས་བྱེད་ཆོག་དེ། ཁྱོད་རང་གི་ཚེ་སྲོག་ངས་འགན་ལེན་བྱེད་མི་ཐུབ་ལ། པུ་གུ་ལ་ཕན་ཐོགས་ཐུབ་པར་ངས་ཁས་ལེན་མི་ཕོད། ང་ལ་གདིང་ཚད་ཅི་ཡང་མེད་ཅེས་ལབ་སོང་། ཨ་མ་སྒྲོལ་མས་བཀའ་དྲིན་ཆེ། བཀའ་དྲིན་ཆེ། ད་ལྟ་རང་གཤག་བཅོས་བྱེད་རོགས་ཞེས་ཞུ་བ་ཕུལ་སོང་།
༤
ཨ་མ་སྒྲོལ་མ་སྔོན་མ་དང་མི་འདྲ་བ་ཧ་ཅང་ཉོག་ཏོ་དང་། ལས་ཀ་ཡང་གྲིམ་པོར་མེད་པར་ཆགས་འདུག །དེ་ནས་བཟུང་ཨ་མ་སྒྲོལ་མས་རང་ལ་བུ་ཕྲུག་གསོ་བའི་འཇོན་ནུས་མེད་པར་ཤེས་ཏེ། གྲོང་པའི་ནང་གི་མི་རྒན་དག་ལ་སྐད་ཆ་འདྲི་རྩད་བྱ་དུས། རྒྱ་གར་ན་སྨན་པ་ཡག་པོ་དང་སྨན་རིན་ཆུང་ཚུལ་གོ་བྱུང་། ཁོང་གིས་ཁོ་མ་བུ་གཉིས་ལ་ཡོད་པའི་ཅ་དངོས་ཆ་ཚང་བཙོང་ནས་རྒྱ་གར་དུ་ཡོང་། བོད་ནས་བལ་ཡུལ་དུ་ཡོང་བའི་ལམ་བར་ལམ་ཁྲིད་གླ་རྒྱ་སྒོར་༡༥༠༠སྤྲོད་ཀྱང་། ཁོང་མ་བུ་གཉིས་མི་གཞན་ལྟར་ཡག་པོ་འགྲོ་ཐུབ་ཀྱི་མེད་དུས་ལམ་ཁྲིད་ཀྱིས་གཡུགས་ནས་ཉིན་མ་གསུམ་རིང་ལྟོ་ཁ་གང་མ་རག་ནས་ཤིང་ནགས་དང་རྫ་གསེབ་ཏུ་ལུས་པར་མ་ཟད། གངས་ལའི་ནང་མཚན་མོ་གཅིག་རིང་ལྷག་ནས་རྐང་བ་བྱིད། ཕྱི་ཉིན་མིག་ཀྱང་བྱིད་ནས་འགྲོ་འདུག་ཅི་ལ་ཡང་དཀའ་ངལ་ཆེ་བའི་གནས་སུ་གྱར། རེད་དེ། ཨ་མ་སྒྲོལ་མས་དུས་རྒྱུན་དུ་སྒྲོལ་མ་ཁ་འདོན་བྱེད་པས་ཨེ་ཡིན། བསམ་པ་བཟང་བའི་ཕྱི་རྒྱལ་གྱི་གངས་འཛེགས་པ་ཚོགས་པ་གཅིག་དང་ཐུག་ནས་ཁོང་མ་བུ་གཉིས་བལ་ཡུལ་རྒྱལ་སའི་སྨན་ཁང་དུ་བསྐྱལ་བྱུང་།
༥
གསེར་འོད་འཕྲོ་བའི་གཙུག་ལག་ཁང་གི་ཐོག་ཁ་ནས་གཡུ་འབྲུག་ངར་སྐད་ལྟ་བུའི་མཁར་རྔ་རྡུང་བྱུང་ལ། ཕྱོགས་བཞི་ནས་དགེ་འདུན་པ་རྣམས་གྲོག་ཚང་ལས་གྲོག་མ་རྡོལ་བ་ལྟར་གཙུག་ལག་ཁང་དུ་ཕེབས། བྱིང་འདྲེན་ལགས་ཀྱིས་ཤེས་རབ་སྙིང་པོ་དབུ་བསྐུལ་གནང་སོང་ལ། དགེ་བསྐོས་ལགས་ཀྱིས་ཚོགས་བརྡ་ཟིན་པའི་བརྡ་ལ་གྲལ་གཤིབ་གནང་སོང་། དེ་ནས་མི་རིང་བར་སྐྱབས་རྗེ་མཁན་རིན་པོ་ཆེས་སྤོས་སྣ་དྲངས་ནས་༸དོན་གྱི་བདག་པོའི་སྐུ་པར་གདན་ཞུ་གནང་སྐབས། དེ་རིང་གི་སྦྱིན་བདག་ལྷ་དབང་མ་བུ་གཉིས་ཀྱིས་སྤོས་ཆག་རེ་བཟུང་ནས་གདོང་གྲལ་ནས་སླེབས་བྱུང་། ཨ་མ་སྒྲོལ་མའི་གདོང་ལས་ཧ་ཅང་ཡིད་ཚིམ་པའི་རྣམ་འགྱུར་འདིས་ཁོང་གིས་ཅི་ཞིག་དྲན་པ་ང་ཚོས་ཚད་དཔག་བྱ་ལས་ཐུབ།
༦
ཉི་མ་ཚ་དྲགས་ནས་རྔུལ་ནག་ཆུ་རྒྱུགས་རྒྱུགས་རེད། ཉི་མ་དེ་དག་གི་ནང་ལྷ་དབང་་བྲེལ་བྲེལ་འཚུབ་འཚུབ་ངང་རྒས་གསོ་ཁང་དུ་ཉིན་ཤས་རྒྱུགས་སོང་། དེ་རིང་ཁོང་གིས་ཨ་མ་སྒྲོལ་མ་ཁྲིད་ནས་རྒས་གསོ་ཁང་དུ་འགྲོ་སོང་། དུས་ཚོད་རིང་པོར་མ་འགོག་པར་ལྷ་དབང་རྒན་གསོ་ཁང་གི་སྒོ་ལས་དོན་སོང་། ཨ་མ་སྒྲོལ་མས་ལྷ་དབང་གི་རྒྱབ་ནས་མིག་ཅེར་རེར་བལྟས་འདུག །ན་ནིང་ཨ་མ་སྒྲོལ་མའི་རྣམ་འགྱུར་ལས་དེ་རིང་ལྷ་དབང་གདོང་ལས་མངོན་པའི་སྤོབས་པ་དང་ཧ་ཅང་ཡིད་ཚིམ་པའི་རྣམ་འགྱུར་དེ་མངོན་ཚེ་ཆེ་བ་འདུག །
༧
ལྷ་དབང་གིས་དཔེ་ཆར་དེ་ཙམ་ལྟ་ཐུབ་མེད་ཀྱང་། ཁོང་ལས་ཀར་ཧུར་བས་ཁོ་ལ་ངོ་ཤེས་མང་པོ་ཡོད། དེ་རིང་ཡང་བླ་བྲང་ལྟག་ཚང་གི་ཆེད་དུ་གྲྭ་གཞོན་བཅུ་སྐོར་ཞིག་ཁྲིད་ནས་གད་ཕྱིས་གནང་བཞིན་གདའ། ཁོས་ལུང་གཅིག་དྲངས་པ་ནི། རྩ་བའི་བླ་མས་ཆོབ་དང་འབྲེལ་ནས་དྲངས་པའི་ཚིག་སྟེ། མཆོད་ནའང་རྒྱུད་པ་ལྟ་བུ་མཆོད་རོགས། གསུང་ན་ཡང་རྒྱུད་པ་ལྟ་བུ་གསུང་རོགས་ཞེས་པ་དེ་རེད། ཁོང་གིས་ཀྱང་དེ་དེ་བཞིན་གནང་གི་རེད། ཁོང་ལས་ཀ་འཇོན་པོ་རེད་དེ། ཁོ་ཁ་ཡག་ལ་དགྱེས་དྲགས་པས་ཁ་ཡག་བཤད་མཁན་མ་བྱུང་ན་སུ་ཞིག་ལ་རོགས་རམ་བྱ་མི་སྲིད། ཁ་ཡག་དང་བསྟོད་པ་བྱེད་མཁན་སུ་ཞིག་བྱུང་ན་དེ་ནི་གྲོགས་པོ་རྙིང་བར་བརྩི་གི་ཡོད། གཞན་སུ་ཞིག་ལ་ཁོང་གི་ལག་པ་འགུལ་རོགས་བྱེད་ཀྱི་མ་རེད།
༨
ཨ་མ་སྒྲོལ་མ་རྒས་གསོ་ཁང་དུ་བཞུགས་པ་ནས་ཉིན་ལྟར་བརྩིགས་ངོས་སུ་རྟགས་རེ་བསྐྱོན། ད་ནང་ནས་ཨ་མ་སྒྲོལ་མ་ཕྱི་འགྲོ་ནང་འགྲོ་བྱས་ནས་ཉིན་མ་གཅིག་ཏག་ཏག་བསྒུག་སོང་། ཁོང་གིས་ངའི་བུ་ལས་ཀ་མང་པོ་རེད་ཅེས་དུས་རྒྱུན་བཤད་ཀྱི་ཡོད་ཀྱང་། དེ་རིང་ཁོང་རྒས་གསོ་ཁང་དུ་བསྡད་ནས་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོ་དེ་ཡིན་པས་བུ་ཐུག་མཁན་ཞིག་ཡོང་རྒྱུར་རེ་བ་ཆེན་པོར་བརྒྱབས། ལྷ་དབང་ནི་བླ་བྲང་ལྟག་ཚང་གི་ལས་ཀར་མགོ་འཁོར་ནས་དེ་རིང་གི་ཉིན་མ་ཐུང་ཐུང་ཆགས། ཨ་མ་སྒྲོལ་མར་མཚོན་ན་ལོ་གཅིག་ནང་དེ་རིང་གི་ཉི་མ་ལས་རིང་བ་མེད་པའི་ཚད་དུ་ལྷུང་ཡོད་ཀྱང་། ཁོང་གི་ཞགས་པོ་སུམ་བརྒྱ་དང་དྲུག་ཅུ་ནི་དེ་དང་འདྲ་བ་རྐྱང་རེད།
༩
རྒས་གསོ་ཁང་གི་ནད་གཡོག་ཇོ་ལགས་དེ་རྒྱུགས་བྱུང་། ཨ་མ་སྒྲོལ་མ་དྲག་འགུལ་ཅི་ཡང་མེད་པར་རྡོ་བཅལ་ཐོག་ཏུ་རིལ་འདུག །བུའི་ཁ་པར་ཨང་གང་རེད་དྲིས་ཀྱང་། ཨ་མ་སྒྲོལ་མ་ཁ་གྲགས་རྒྱུ་མི་འདུག །ཁོང་གིས་ཨ་མ་སྒྲོལ་མའི་ཁ་པར་དེ་བླངས་ནས་ལྟ་དུས་ཚུར་ཡོང་བའི་ཁ་པར་གྱི་ཨང་ཀི་ཞིག་རྙེད། དེ་ནི་ཕྱི་རྒྱལ་ཡོད་པའི་ཨ་མ་སྒྲོལ་མའི་གཉེན་ཚན་དོན་དགའི་ཁ་པར་ཨང་རེད། དོན་དགས་ཨ་མ་སྒྲོལ་མ་ནད་གཞི་ཛ་དྲག་ཡིན་པར་གོ་བ་དང་དགེ་བཤེས་ལྷུན་གྲུབ་ཨ་མ་སྒྲོལ་མ་ལ་ལྟ་མཁན་མངགས་པ་ཞིག་རེད། དགེ་བཤེས་ལྷུན་གྲུབ་ཨ་མ་སྒྲོལ་མའི་རྩར་སླེབས་ནས་དུས་ཡུན་ཆུ་ཚོད་གཅིག་མ་ཟིན་ཙམ་ལ་ཨ་མ་སྒྲོལ་མ་འཇིག་རྟེན་འདི་ལས་གྱེས་སོང་། ཁོང་སྤོབས་དང་ལྡན་བཞིན་གྱེས་སོང་།
༡༠
གྲྭ་བ་མང་པོ་ཞིག་གིས་ད་ལྷ་དབང་སྨྱོ་ས་རེད། ཁོང་གཅིག་རེད་ཚར་འདུག །ཟེར་ནས་སྒོ་ལས་དོན་སོང་། ལྷ་དབང་ནི་བགྲང་བྱ་བཞི་བཅུར་བུད་པའི་མི་རྒན་ཞིག་རེད་དེ། ཁོས་ཨ་མ། ངས་ཁྱོད་ལ་ཞབས་ཕྱི་བྱེད་ཐུབ་མ་སོང་། ངས་ཁྱོད་ལ་ཅི་གང་བྱེད་ཐུབ་མ་སོང་། ང་ཁྱོད་ཀྱི་རྗེས་སུ་ཡོང་གི་ཡིན་ཞེས་སྐད་འབོད་བྱེད་ཀྱི་འདུག །
རེད། ལྷ་དབང་གི་སེམས་པ་ཇ་བཞིན་འཁོལ་བ་ནི། ཨ་མ་སྒྲོལ་མ་མོ་ལོ་ཉི་ཤུར་སོན་པའི་ལོ་དེར་བཟའ་ཟླ་ཚེ་ལས་འདས། གཡས་གཡོན་གྱི་ཕོ་གཞོན་མང་པོ་ཞིག་གིས་མི་ཚེའི་ཚེ་རོགས་ལ་རེ་བ་བྱས་ཀྱང་། སྒྲོལ་མས་རང་གི་སྙིང་ལས་གཅེས་པའི་བུ་ལ་དཀའ་ངལ་འཕྲད་རྒྱུ་རེད་བསམ་ནས་མོ་ཧྲེང་དུ་བསྡད་ནས་སྡུག་སྣ་དགུ་མྱོང་བར་མ་ཟད། ལྷ་དབང་མཁལ་མ་ན་དུས་ཨ་མ་སྒྲོལ་མས་རང་གི་མཁལ་མ་གཅིག་སྤྲད། ད་དུང་ལྷ་དབང་གི་ཆེད་དུ་ནང་གི་རྒྱུ་ནོར་ཡོད་ཚད་དངུལ་དང་བརྗེ་ནས་རྒྱ་གར་ཡོང་། གངས་ལ་ནས་རྐང་པ་བྱིད་དེ་མཛུབ་མོ་གསུམ་བཅད་དགོས་ཐུག །རྒྱ་གར་དུ་འབྱོར་རྗེས་དངུལ་ཅུང་ཡོད་པ་དེ་ལྷ་དབང་གི་སྨན་རིན་དང་དགེ་བཤེས་གཏོང་སྒོ་ལ་བཏང་། ཐ་མར་ཁོང་གི་ལྷ་དབང་ལ་དཀའ་ངལ་སྤྲོད་རྒྱུ་རེད་བསམ་ནས་རྒས་གསོ་ཁང་དུ་འཛུལ་བ་སོགས་རླབས་ཆེན་བའི་ཨ་མ་ཞིག་གི་ལས་དོན་ཆ་ཚང་བསྒྲུབས་ཡོད། ལྷ་དབང་གིས་དེ་ཚོ་རེ་རེ་ནས་དྲན་བཞིན་ཡིད་གདུང་བས་རབ་ཏུ་མནར། ད་དུང་ལྷ་དབང་ལ་འགྱོད་གདུང་གཞན་ཞིག་ཡོད་པ་ནི། ལྷ་དབང་ཨ་མ་རྒས་གསོ་ཁང་དུ་བཞག་ནས་ཕྱི་ལོག་ཁར། ཨ་མས། བུ། ཁྱོད་རང་ལ་དུས་ཚོད་བྱུང་ན་ཨ་མ་ལ་ལྟ་མཁན་རེ་ཡོང་རོགས་གྱིས་ཨ་ཟེར། དེ་རིང་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོ་རེད། ལོ་འདིའི་ནང་དབང་དགའ་ཨ་མ་ལ་ལྟ་མཁན་ཐེངས་གཅིག་བཅར་ཐུབ་མེད།
༢༠༡༩ /༡༡ /༡༥ ཉིན།
Leave a Reply