ལམ་འབྲས་བླ་མ་ན་བཟའ་བྲག་པ་ཁོང་ནི་རབ་བྱུང་ལྔ་པའི་མེ་གླང་ཕྱི་ལོ་ ༡༢༧༧ ལོར་སྐུ་འཁྲུངས། གཞོན་ནུའི་དུས་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཐུགས་སྲས་བླ་མ་དམ་པ་ཞང་དཀོན་མཆོག་དཔལ་ལས་རབ་ཏུ་བྱུང་། དེ་ཉིད་ལས་བདེ་ཀྱེ་འཇིགས་གསང་སོགས་ཀྱི་དབང་བྱིན་རླབས། རྗེས་གནང་། གསུང་ངག་ལམ་འབྲས་སོགས་ཀྱི་གདམས་ངག རྒྱུད་འགྲེལ། ཕྱག་ལེན་སོགས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཐུགས་སུ་ཆུད། ཡོངས་འཛིན་མཁན་ཆེན་གྲགས་གཞོན་པ་ལས་བསྙེན་པར་རྫོགས་ཤིང་འདུལ་བའི་ཆོས་སྐོར་སོགས་མང་དུ་གསན། གཞན་ཡང་བླ་མ་ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། དགའ་ལྡན་པ་བཀྲ་ཤིས་དཔལ། ཆོས་རྗེ་ཉན་ཆེན་པ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་རྒྱུད་རྒྱ་མཚོར་ཐོས་བསམ་མཛད། ཚོགས་གྲུབ་དབོན་གསུམ་གྱི་གསུང་ངག་ལམ་འབྲས་ཀྱི་གདམས་པའི་བཀའ་བབས་བླ་མ་འདི་ལ་མངའ་བ་ཡིན། ཕྱག་ལེན་ཕྲ་རགས་ཀུན་ལ་བྲག་ཕུག་པའི་དུས་སུ་ཡོད་མེད་ཅེས་དཔང་དུ་བྱེད་པ་ཡིན་གསུངས། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་སོགས་སུ་འཆད་ཉན་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་མཛད། དགུང་ལོ་སོ་བརྒྱད་པར་སྔོན་བླ་མས་ལུང་བསྟན་པ་ལྟར་སྒྲུབ་པའི་གནས་མཆོག་ན་བཟའ་བྲག་ཕུག་ཏུ་ཕྱི་ནང་གི་འདུ་འཛི་དང་། རྣམ་གཡེང་མཐའ་དག་སྤངས་ཏེ་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་བརྟན་པོ་མཛད་ནས། ཐུགས་དམ་གྱི་རིམ་པ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངང་ནས་ཡི་དམ་གྱི་ལྷ་མང་པོའི་སྒོམ་བཟླས་ཆག་མེད་སོགས་མཛད། མདོར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞིས་འགྲོ་བ་དཔག་ཏུ་མེད་པ་ཕན་བདེ་མཆོག་ལ་འགོད་པར་མཛད། སློབ་མ་ཡང་ཆོས་རྗེ་བླ་མ་དམ་པ། རི་ཁྲོད་པ་བློ་གྲོས་བརྟན་པ། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན་སོགས་བྱུང་། མཐར་དགུང་གྲངས་དོན་བཞི་པ། རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༣༥༠ ལོར་བདེ་བ་ཅན་དུ་གཤེགས་སོ། །
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply