༧ སྐྱབས་རྗེ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་སྐུ་བསྟོད།

ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་གསོལ་འདེབས་དྲང་སོང་བདེན་སྨོན་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།།

འཇམ་དཔལ་དཔའ་བོའི་སྤོབས་པའི་གཏེར་ཆེན་ཚོགས།།

དབྱངས་ཅན་དགའ་མས་ཅིག་ཏུ་སྤུངས་པའི་དཔྱིད།།

བསྟན་པའི་སྤྱི་ནོར་སྲིད་མུན་དྲུང་འབྱིན་པའི།།

ཐེག་ཆེན་ཆོས་ཀྱི་ཉི་མ་འཚོ་གཞེས་གསོལ།།

བྱམས་པའི་དཔལ་གོས་བརྩེ་བའི་གེ་སར་ཅན།།

དམིགས་མེད་སྙིང་རྗེ་ཡལ་འདབ་འབོལ་བའི་ཁྲོད།།

ཟབ་དགུའི་མཁྱེན་རྟོགས་འདབ་སྙིང་དགོད་པའི་ཕུལ།།

རྣམ་འདྲེན་བྱེ་བའི་གཙུག་རྒྱན་འཚོ་གཞེས་གསོལ།།

ཆོས་ཅན་ཀུན་བརྟག་སྣང་ཆ་ཇི་སྙེད་ཚོགས།།

གཞན་དབང་གདན་གསུམ་དཀྱིལ་འཁོར་རོལ་མོར་འཆར།།

ཆོས་ཉིད་ཡོངས་གྲུབ་བདེ་ཆེན་ཡེ་ཤེས་ཀྱི།།

དོན་སྟོན་གསུང་གསང་འཛིན་པ་འཚོ་གཞེས་གསོལ།།

ཚོགས་གཉིས་ནོར་འཛིན་མ་མས་བསྐྱེད་བསྲིངས་པའི།།

རྣམ་གསུམ་ཁྲིམས་ཀྱི་ནོར་བུའི་རྐང་འཐུང་མཆོག།

དོན་གཉིས་འབྲས་བུའི་གཡུར་ཟ་ཁུར་ལྡན་སྐུ།།

མི་ཤིགས་རྡོ་རྗེའི་ཆོས་བདུན་གྲུབ་པར་སྨོན།།

རྩེ་གཅིག་གསོལ་བའི་མ་ལ་ཡ་རླུང་གིས།།

རྗེས་བརྩེའི་སྤྲིན་སྔོན་ཕུང་པོ་གཡོ་བ་ལས།།

གྲུབ་གཉིས་བདུད་རྩིའི་ཐིག་ཕྲེང་ཕེབས་པ་དང་།།

སྐུ་བཞིའི་འབྲས་བཟང་མཆོག་གི་སྨོན་པ་སྩོལ།།

  ཞེས་པའང་བསྟོད་ཡུལ་ཉིད་ལ་དད་པའི་སློབ་བུ་རྣམས་ཀྱི་རེ་སྐོང་ཕྱིར།ཤར་པ་མཁན་མཉྫུའི་མིང་ཅན་གྱི་སྨྲས་པ་དོན་ཅན་དུ་གྱུར་ཅིག།སརྦ་མངྒ་ལཾ།།དགེའོ།།པར་འདི་འབྲས་ལྗོངས་ས་ངོར་ཆོས་ཚོགས་སུ་བཞུགས་སོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*