མཱ་ར་ཏ་ཀའི་སྒྲུབ་ཕུག

མཁན་པོ་ཀུན་དགའ་འཕྲིན་ལས། མི་གསོན་པོ།

ཕྱི་ལྟར་ལྷ་ཆེན་ཡབ་ཡུམ་རྩེན་པའི་གནས།།
ནང་ལྟར་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས།།
གསང་བ་འཆི་མེད་ཚེ་ལྷའི་གཞལ་ཡས་ཁང་།།
ཡང་གསང་འོག་མིན་ཆོས་དབྱིངས་ཞིང་ཁམས་ཏེ།།

རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་བཏིབ་པའི་གནས།།
བྱིན་རླབས་ཐུགས་རྗེ་ཆར་ལྟར་འབེབས་པའི་གནས།།
མཆོག་ཐུན་དངོས་གྲུབ་མཚོ་ལྟར་བསྐྱིལ་བའི་གནས།།
གནས་ཆེན་མཱ་ར་ཏི་ཀའི་བྲག་ཕུག་ཅེས།།

གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་མཆོག།
སྐྱེ་འཆི་བགྲེས་རྒུད་དབེན་པའི་ཡེ་ཤེས་སྐུ།།
གཞོམ་ཞིག་བྲལ་བ་ཚེ་ལྷའི་ངོ་བོ་རུ།།
འཆི་མེད་གྲུབ་པའི་གོ་འཕངས་བརྙེས་པའི་གནས།།

མཚན་ཙམ་ཐོས་ན་ནད་གདོན་གེགས་ལས་གྲོལ།།
ཡིད་ལས་དྲན་པས་ཚེ་དཔལ་ལང་ཚོ་རྒྱས།།
གསོལ་བ་བཏབ་ན་དངོས་གྲུབ་རྣམ་གཉིས་ཐོབ།།
གནས་འདི་ཡོན་ཏན་བརྗོད་ཀྱི་མི་ལོང་ངོ་།།

བྱ་བྱིའུ་ཚོགས་ཀྱིས་ཚེ་དང་བྷྲུཾ་ཞེས་བསྙེན།།
བྲག་རྡོའི་ངོས་སུ་ཚེ་ལྷ་རང་བྱོན་གསལ།།
བདུད་རྩི་ཞུན་མའི་ཟེགས་མ་སྐབས་རེ་འཕྱོ།།
ཚེ་བསོད་རྒྱས་པའི་རྟགས་ཀྱིས་གནས་ཡོངས་བརྒྱན།།

བར་ཆད་བགེགས་སེལ་རྡོ་རྗེ་ཕུར་པའི་རྟགས།།
ཤེས་རབ་བློ་འཕེལ་འཇམ་དཔའ་དབྱངས་ཀྱི་རི།།
ཁམས་གསུམ་དབང་བསྡུད་དེ་ཝཱའི་རྟགས་ཀྱིས་སྤྲས།།
མཱ་ར་ཏི་ཀ་གནས་མཆོག་ཡོངས་ཀྱི་རྒྱན།།

ལྷ་སྐུ་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་ཀྱི།།
རང་བྱུང་རི་མོ་མངོན་པར་བཀྲ་བ་དང་།།
ཁྱད་པར་ཨོ་རྒྱན་ཆེན་པོའི་ཞབས་རྗེས་རིས།།
ལྷམ་མེར་གསལ་བ་མིག་གི་དགའ་སྟོན་གྱུར།།

རྣལ་འབྱོར་གང་ཞིག་བསྒྲུབ་ལ་བརྩོན་པ་ཡི།།
བྱང་ཆུབ་གོ་འཕངས་དོན་དུ་གཉེར་བ་དག།།
གནས་འདི་གཞན་ལས་བྱིན་རླབས་ཆེ་བའི་ཚུལ།།
བྱ་བྲལ་སངས་རྒྱས་རྡོ་རྗེས་ལུང་གིས་བསྔགས།།

ཁྱད་པར་རྡོ་རྗེ་ཚེ་ཡི་དངོས་གྲུབ་དང་།།
དུས་མིན་འཆི་བ་ལས་གྲོལ་བར་ཆད་ཞི།།
ནད་གདོན་རྐྱེན་གྱིས་བརྫི་བ་མི་ནུས་སོགས།།
གནས་འདི་དྲན་པ་ཙམ་ནས་འབྱུང་ངོ་གསུངས།།

དེས་ན་རང་རྒྱུད་ཉོན་མོངས་རྐྱལ་པ་ཅན།།
བདག་ལྟར་རིང་འཚོའི་དགོས་དམིགས་མི་ཆེ་ཡང་།།
བསྟན་དང་འགྲོ་ལ་ཕན་བདེའི་བྱེད་པོ་ཅན།།
སྤྱན་རས་གཟིགས་དངོས་བླ་མ་ཐམས་ཅད་མཁྱེན།།

རྫོགས་པའི་སངས་རྒྱས་དཔལ་ལྡན་ཀརྨ་པ།།
རྒྱལ་ཚབ་བྱམས་པའི་རོལ་གར་སི་ཏུ་རྗེ།།
གང་དེའི་རྗེས་བཟུང་མི་འགྱུར་རྡོ་རྗེ་ཞེས།།
ཁྱབ་བདག་འཁོར་ལོ་མགོན་པོ་བཀའ་དྲིན་ཅན།།

མདོར་ན་འགྲོ་ཁམས་སེམས་ཅན་ཕན་པའི་ལས།།
ཇི་བཞིན་བསྒྲུབ་པའི་སྐྱེས་མཆོག་དམ་པ་རྣམས།།
རྡོ་རྗེ་ཚེ་ལྷའི་ངོ་བོར་རབ་བརྟན་ཅིང་།།
བཞེད་དགོངས་གེགས་མེད་འགྲུབ་པར་བདག་གིས་སྨོན།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*