༧ རྗེ་ཙོང་ཁ་པའི་རྗེས་དྲན་དྲུག་བརྒྱའི་དད་པའི་དབྱངས་སྙན།

༧ དྲུག་བརྒྱའི་དད་པའི་དབྱངས་སྙན།  

        དཔལ་ས་སྐྱའི་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས།

༧ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། 

རང་དོན་དོར་ནས་ཁ་བ་གངས་ལྗོངས་སུ།།

འགྲོ་བའི་དོན་དུ་ལྷུར་མཛད་བྱོན་གྱུར་པ།།

རྗེ་བཙུན་འཇམ་པའི་དབྱངས་དང་གཅིག་བསྡུས་པ།།

བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ།།

རྒྱ་བོད་གཞུང་བརྒྱའི་ཟབ་གནད་ཀུན་བརྙེས་པས།།

བསྟན་དོན་དག་ཐེར་སྒྲུབ་པའི་འཕྲིན་ལས་ཅན།།

བློ་གཏེར་མཁྱེན་དཔྱོད་ཟབ་པའི་མདོ་སྔགས་ཀུན།།

མ་ལུས་གཟིགས་པའི་བྱང་ཆུབ་མངའ་བར་བརྙེས།།

ཐུབ་བསྟན་རིན་ཆེན་གསལ་མཛད་དྲི་བསུང་འཐུལ།།

ལེགས་བཤད་གསེར་གྱི་ཕྲེང་བ་མཚར་དུ་མངའ།།

འགྲོ་ལ་ཕན་བདེའི་འོད་ཟེར་རབ་ཏུ་འཕྲོ།།

སྲིད་ཞིའི་སྟོན་མཆོག་སྣང་བར་རབ་ཏུ་རྒྱས།།

སྙིགས་དུས་འགྲོ་ལ་ཕན་པའི་རྒྱལ་བ་ཞེས།།

ཐུབ་བསྟན་རིང་ལུགས་ཟླ་མེད་ཙོང་ཁ་པས།།

དམ་པ་ཆོས་ཀྱི་སྒྲོན་མེ་སྤར་བ་དང་།།

མགོན་མེད་གདུལ་བྱའི་བློ་གྲོས་སྣང་བར་སྦྱིན།།

ཁྱེད་ཀྱི་ལེགས་བཤད་གསེར་སྦྱངས་བཙོ་མས་མཐུས།།

སྐལ་ལྡན་སློབ་མའི་སྒོ་གསུམ་ཡིད་ཚིམ་ནས།།

རྨད་བྱུང་ཟབ་མོའི་ལམ་རིམ་རྗེས་སུ་འབྲང་།།

མདོ་སྔགས་ལེགས་བཤད་ཆར་རྒྱུན་མི་འཆད་སྤེལ།།

འགྲོ་བའི་དོན་དུ་མིའི་གཟུགས་བྱོན་མཛད་ནས།།

མི་ལོ་ཧྲིལ་བོ་དྲུག་བརྒྱའི་དབྱངས་སྙན་ཞིག།།

མཆོད་པའི་རྗེས་དྲན་ཅུང་ཟད་བསྟོད་པ་དང་།།

འཛུམ་པའི་ཞལ་ཚེམས་ལེགས་བཤད་རབ་ཏུ་སྤྲས།

གང་གི་ཡོན་ཏན་རྨད་བྱུང་མཐའ་ཡས་ལས།།

བདག་གིས་ཕྱོགས་ཙམ་རྟོགས་པ་ག་ལ་ནུས།།

འོན་ཀྱང་དད་གུས་སྤྲོ་གསུམ་སྤེལ་པ་དེས།།

ཁྱེད་ཀྱི་བྱིན་རླབས་བདག་ལ་འཇུག་པར་ཤོག། 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*