དཔལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཐོས་བསམ་ལ་བསྐྱོད་པ།

རྩོམ་པ་པོ། འཇིགས་མེད་བློ་གྲོས།

འཇིག་རྟེན་ཡང་རྩེ་སྲིད་པའི་གངས་ཁྲོད་དུ།།
བཅུ་ཕྲག་རིག་པའི་གད་རྒྱངས་དང་པོ་ཡིས།།
གདོད་མའི་འབྲོང་གཡག་གཉིད་ལས་སློང་བ་པོ།།
འཕྲོག་བྱེད་གདོང་ལྔའི་དབང་པོ་ས་པཎ་རྒྱལ།།
བོད་ཡུལ་ཁ་བ་ཅན་གྱི་ལྗོངས་སུ་སྔོན་གྱི་བྱུང་བ་རིང་མོའི་ནང་ཆོས་སྲིད་རིག་གནས་གང་ལ་ཡང་བྱས་པ་དང་བཀྲིན་གྱི་ཕུང་པོ་རགས་ལ་སྦོམ་ཞིང་། དུས་འགྱུར་གྱི་ཆོས་ཉིད་ལས་གངས་ཅན་བསྟན་སྲིད་སྲོག་གི་ཀ་བ་རྨང་ནས་འགྱེལ་ཏེ་རྒྱལ་འབངས་སྤྲང་ལ་འཁྱར་བའི་དུས་སུ་ཡང་། སྤྱི་དོན་དམ་ཚིག་དང་ལར་ཞེན་གྱི་བརྟུལ་ཞུགས་གཅིག་ཏུ་རྣམ་པར་དཀར་ལ། འཇིགས་ཞུམ་དང་འགྱུར་བ་མེད་པར་༸གོང་ས་རྒྱལ་བའི་དབང་པོའི་དབུ་འོག་དཔུང་འདེགས་ཀྱི་ཁུར་ཆེན་སྙིང་སྟོབས་ཀྱི་ཕྲག་གོང་བརྟན་པོ་རུ་འཁྱེར་བའི་ཐེག་པ་ཆེན་པོ་བ་གཅིག་ནི་དཔལ་ས་སྐྱ་པའོ། །
དེ་ལྟ་བུའི་ཆོས་བརྒྱུད་ཆེན་པོ་འདིས་ནི་གང་ལ་བརྟེན་ནས་རྣམ་མཁྱེན་བླ་ན་མེད་པའི་གོ་འཕང་དམ་པར་བགྲོད་པའི་ལམ་བསྟན་པའི་གཞི་མ་སོ་ཐར་གྱི་སྡོམ་རྒྱུན་དང་བསྟན་པའི་གཞུང་ཤིང་མདོ་ཕ་རོལ་ཏུ་ཕྱིན་པའི་ལྟ་བ། བསྟན་པའི་སྙིང་པོ་གསང་སྔགས་ལམ་འབྲས་ཀྱི་ཆོས་སྐོར་སོགས་མདོ་རྒྱུད་གདམས་པའི་ཁུངས་འཕགས་ཡུལ་གྱི་པཎ་གྲུབ་དངོས་མ་ལ་ཐོད་གཏུགས་ཏེ་གཏན་ལ་ཕབ་ཅིང་། ལོ་ངོ་བརྒྱ་ཕྲག་དུ་མའི་བྱུང་རབས་ནང་ཡུལ་གངས་ཅན་གྱི་ཕྱོགས་ཀྱི་མཁས་པ་ཁྲི་སྟོང་མང་པོའི་མདོ་བསྟན་ལུང་རིགས་ཀྱི་རྒོལ་རྡུང་དྲག་པོའི་གྲུབ་མཐའི་གཡུལ་ས་ནས་དཔུང་བརྡར་ཏེ་འཆི་མེད་སྲོག་གི་རྒྱལ་མཚན་གངས་ཅན་གྱི་སྤོ་ལ་འཛུགས་པར་མཛད་ཕྱིར། གཞི་ལམ་འབྲས་བུའི་ཆ་གང་ལ་ཡང་ལུང་རིགས་ཀྱིས་གཞོམ་གཞིག་མི་ནུས་པའི་རྡོ་རྗེའི་གཟེར་རྣོན་ཐེབས་པའི་རིང་ལུགས་འདིར་ཐོས་བསམ་གྱི་གོ་སྐབས་ཅུང་ཞིག་ཐོབ་པའི་དགའ་བ་ནི་སྲིད་པའི་རྙེད་པ་ཅི་ཞིག་ཐོབ་པའི་དགའ་བས་ཀྱང་མཚོན་པར་མི་ནུས།

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས་དང་ཞིང་གཤེགས་དམ་པ་ངེས་དོན་གྱི་མཁས་གྲུབ་ཆེན་པོ་མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་བསྟན་འཛིན་དམ་པ་དུ་མའི་གཞལ་མེད་ཐུགས་བསྐྱེད་དང་བསོད་ནམས་ལས་བསྐྲུན་ཅིང་སྣོད་བཅུད་ཀྱི་བཀོད་པ་བཟང་པོས་ཀུན་ནས་མཛེས་པའི་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ། ངེད་ཅག་རིགས་སློབ་ཀྱི་སློབ་གཉེར་བ་ཁག་ཅིག་སྤྱི་ཟླ་ ༧ ཚེས་ ༤ ལ་ཞབས་གཅར་ཞུས་ཤིང་། དཔལ་ས་སྐྱ་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་འདིའི་མཁན་བླ་འདུས་མང་ཡོངས་ཀྱི་བླ་མེད་གཟིགས་པ་དམ་པའི་ཐུགས་འཁུར་དང་གྱ་ནོམ་ཕུན་སུམ་ཚོགས་པའི་མཐུན་རྐྱེན་འོག་༸གོང་ས་མཆོག་གི་འཁྲུངས་ཚེས་ཀྱི་དུས་བཟང་དགེ་བའི་ཉིན་འཇམ་དབྱངས་ས་པཎ་གྱིས་བརྩམས་པའི་བསྟན་བཅོས་ཐུབ་པའི་དགོངས་གསལ་སོགས་ལ་ཐོས་བསམ་བྱེད་པའི་བྱ་བའི་དབུ་བརྩམས་སོ།།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཏུ། དེས་ན་ཀར་ལུགས་ཀྱི་བཤད་སྲོལ་འདི་དག་གི་ཁུངས་ཕལ་ཆེར་ས་ལུགས་དང་དེ་ལས་རོང་སྟོན་ཆེན་པོའི་བཤད་སྲོལ་ཡིན་ལ། ཕྱིས་ནས་རང་ལུགས་འབུར་དོད་ཀྱི་བཤད་སྲོལ་བཏོད་པ་ཡིན་པའང་ཤེས་པར་བྱའོ། །ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་རྟོགས་བརྗོད་དཔལ་གྱི་འཁྲི་ཤིང་ལས། རེད་འདའ་བ་ཞེས་རྣམ་དཔྱོད་ཨུཏྤ་ལའི། །ཟེ་འབྲུའི་དཔལ་ལས་བློ་བཟང་ཚངས་པའི་གདོང་། །རིག་བྱེད་དང་འགྲོགས་མཐའ་བྲལ་ལྟ་བ་ཡི། །རྔ་དབྱངས་ཟེགས་མ་དཔལ་གྱི་དགའ་ཆར་འབེབས། །ཞེས་དང་། རིས་མེད་བསྟན་པའི་བདག་པོ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས། ཐེག་པ་མཐའ་དག་གི་སྙིང་པོ་མདོ་ཙམ་བརྗོད་པ་ཆོས་ཀྱི་སྒོ་འབྱེད་ལས། བུ་ལུགས་ཇོ་ནང་བོ་དོང་ཞེས་གྲགས་རྣམས། །རྟེན་གཞིའི་རྩ་བ་ས་སྐྱ་པ་ལས་གྱེས། །མདོ་སྔགས་བཞེད་པ་ཅུང་ཟད་འབུར་དོད་ཡོད། །ཞེས་སོགས་གསུངས་པ་ལྟར་དཔལ་ས་སྐྱ་པ་ནི་ཀར་དགེ་བུ་ཇོ་སོགས་གངས་ཅན་གྲུབ་མཐའ་ཕལ་ཆེར་ཞིག་དང་། མང་ཐོས་མཁས་གྲུབ་ཀྱི་སྐྱེ་བོ་གྲངས་ལས་འདས་པའི་གཞུང་བཤད་བསྟན་པ་རྒྱ་མཚོའི་ཁུངས་གཏུགས་ཡུལ་དུ་གྱུར་ཅིང་། དཔལ་ན་ལེནྜའི་པཎ་གྲུབ་དམ་པ་རྣམས་ཀྱིས་བྱས་པའི་བསྟན་པ་སྤྱིའི་གཞུང་འགྲེལ་ཁག་ལ་ངེས་དོན་གྱི་བཀུར་སྟི་ཞབས་ཏོག་སྒྲུབ་པའི་བཀའ་བབ་ཀྱི་ཆོས་བརྒྱུད་ཅིག་ཀྱང་ཡིན་པར་སྙམ། དེ་ཡང་། འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱིས། བཤད་པའི་བཀའ་བབ་ས་སྐྱ་དགེ་ལྡན་གཉིས། །སྒྲུབ་པའི་བཀའ་བབ་བཀའ་རྙིང་ཞེས་གྲགས་ཀྱང་། །ཞེས་གསུངས་པ་ལྟར་སྔོན་གྱི་ས་སྐྱ་དང་ཕྱིས་ཀྱི་དགེ་ལྡན་པ་གཉིས་ལ་གཞན་གྱིས་འགྲན་པར་མི་ནུས་པའི་བཤད་པའི་བསྟན་པ་བླར་འདེགས་ཀྱི་མཐུ་སྟོབས་གྲུབ་པའི་ཉེར་ལེན་ནི་འཇམ་དབྱངས་ཡི་དམ་དུ་བསྙེན་པ་ལས་ཡིན་པ་འཇམ་མགོན་མི་ཕམ་པས་གསུངས་པ་ཤིན་ཏུ་མད།

ཁོར་ཡུག་གི་གནས་སྟངས་ལས་སྔོན་དུས་སྟག་ཚང་ལོ་ཙཱ་བ་དང་གོ་རམས་པ་ཟེར་བའི་མཚན་ཐོས་པའི་ཚེ་ན་དགེ་ལྡན་པའི་མཁས་པ་དང་གྲུབ་མཐའི་འཁོན་རྩོད་གྱི་བསམ་པ་ཤུགས་དྲག་མངའ་བའི་རྟོག་གེ་བ་དེ་འདྲ་ཞིག་ཨེ་ཡིན་ནམ་སྙམ་པ་ཡུན་དུ་དྲན་མྱོང་། དེ་ཡང་ཀུན་མཁྱེན་བསོད་ནམས་སེངྒེའི་མཚན་གྱི་དང་པོ་དགེ་ཆོས་ཀྱི་གསེར་ཐང་ལས་མཇལ་ཞིང་། དེ་ཡང་དགེ་ཆོས་ར་ཧུལ་པཎྜི་ཏ་དང་མཉམ་ངོར་ཨེ་ཝྃ་ཆོས་ལྡན་དུ་ཕེབས་སྐབས་ཀྱི་ཚོར་སྣང་ཞིག་ལ་དགོན་པ་དེར་གོ་རམས་པའི་ཁ་ཤུགས་ད་དུང་ཡང་གསོན་པ་ལྟ་བུར་ལྷག་འདུག་གསུངས་པ་མཇལ་སྐབས། གོ་རམས་པ་ཟེར་དུས་ཐུགས་རྒྱུད་གཏུམ་པོ་ཡིན་པའི་མཁས་པ་ཞིག་མིན་ནམ་བསམ་པའི་ཐེ་ཚོམ་ཡང་འཆང་དགོས་པར་གྱུར་མོད། ད་དུས་སྔོན་གྱི་མཁས་པ་ཀློ་བོ་མཁན་ཆེན་དང་ཨའུ་གཞོན་ནུ་བཟང་པོ། ཀོང་སྟོན་དབང་ཕྱུག་གྲུབ་པའི་དཔལ་སོགས་ཀྱིས་བྱས་པའི་ཀུན་མཁྱེན་གྱི་རྣམ་ཐར་གསེར་གྱི་ཕྲེང་བ་ལྟ་བུ་དང་། ཀུན་མཁྱེན་དེ་ཉིད་ཀྱི་གསུང་གི་བདུད་རྩིའི་གཟེགས་མ་ཙམ་ཞིག་མཇལ་བའི་སྐལ་ཆུང་དུ་གྱུར་པ་ཙམ་གྱིས་ཀྱང་། མུས་ཆེན་སེམས་དཔའ་ཆེན་པོས་ས་སྐྱ་པའི་མི་གཅིག་པུར་བསྔགས་པའི་མཁས་གྲུབ་གང་དེ་མ་བཅོས་དད་འདུན་ངང་གིས་སྐྱེ་བའི་ཡུལ་དམ་པར་གྱུར་ཅིང་། གཟན་ཤམ་དམར་པོ་གྱོན་པའི་བདག་རྐྱེན་ལས་ཡོན་སྐལ་སྒོར་རྡོག་རེ་འགས་མ་བཏང་ཙམ་གྱི་འཁོས་ཆུང་གི་བརྟུལ་ཞུགས་ལ་གནས་མོད། ཀུན་མཁྱེན་བསོད་ནམས་སེངྒེའི་གསུང་འབུམ་ཡོངས་རྫོགས་མེད་ན་འགྲིག་ཐབས་མེད་པའི་ངེས་པ་བརྟན་པོ་ཞིག་གིས་བླུ་ཡོན་ཞུ་བའི་སྤོབས་པ་བསྐྱེད།

ལྷག་ཏུ་དྲོད་རླངས་མ་ཡལ་བའི་ཀུན་མཁྱེན་བསོད་ནམས་སེངྒེའི་ཞལ་རྒྱུན་དང་གདམས་པ་གསོས་པ་ཐུགས་ཀྱི་གཅེས་ནོར་དུ་རུམ་ཞིང་། ངོར་ཨེ་ཝྃ་ཆོས་ལྡན་སོགས་དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ་དག་གི་ཐོས་བསམ་ཕྱག་སྲོལ་གྱི་རྒྱུན་བཟང་ཉམས་མེད་དུ་སྐྱོང་བཞིན་པའི་ས་ལུགས་ཀྱི་འདུས་སྡེ་དངོས་མའི་ནང་ཆོས་དང་ཟང་ཟིང་གི་མཐུན་རྐྱེན་ལ་མཉམ་གཅིག་ཏུ་སྤྱད་དེ་མྱོང་བ་རང་རྒྱུད་ཀྱི་ཚོར་བ་དྭངས་མར་བསྟེན་པའི་གོ་སྐབས་ཐོབ་པའི་ཚེ། རྗེ་བཙུན་ཙོང་ཁ་པས། ཉིན་མཚན་དུས་ནི་ཐམས་ཅད་དུ། །བསྟན་པ་འབའ་ཞིག་དགོངས་པ་ཁྱོད། །སྙིགས་དུས་འགྲོ་བ་སྐྱབས་མེད་ལ། །རྒྱལ་བ་བས་ཀྱང་ཐུགས་རྗེ་ཆེ། །ཞེས་འཇམ་དབྱངས་ས་པཎ་ལ་བསྔགས་པའི་བསྟོད་ཚིག་འདིའི་ཡུལ་དུ། ༸གོང་ས་ལྔ་པས། ཤེས་བྱར་སྲིད་ཀུན་མང་ཐོས་གསེར་སྒོང་དུ། །རྣམ་དཔྱོད་དྲོད་ཀྱིས་སྨིན་པ་ཚངས་པའི་སྤུན། །འཇིག་རྟེན་མིག་གཅིག་སྟག་ཚང་ལོ་ཙཱ་བ། །ངེས་པ་དོན་ལྡན་མཧཱ་པཎྜི་ཏ། །ཞེས་མཧཱ་པཎྜི་ཏའི་མཚན་སྙན་གསོལ་བའི་གཙང་གི་སྟག་ལོ་ཤེས་རབ་རིན་ཆེན་དང་། རྫོགས་ཆེན་གཞན་དགའ་རིན་པོ་ཆེས། རབ་འབྱམས་གཞུང་ལུགས་སྟོང་གི་གངས་རིའི་སྤོར། །སྒྲ་ཚད་དངོས་སྟོབས་རིགས་པའི་མཆེ་ཟུང་དང་། །དཔྱད་གསུམ་དག་པའི་རྩལ་རྫོགས་གདོང་ལྔ་པ། །ཕས་རྒོལ་གླང་ཆེན་མགོ་བོ་འགེམས་པར་བྱས། །སྔོན་དུས་སྤྲུལ་པའི་ལོ་པཎ་གཤེགས་པའི་ཤུལ། །འཇམ་མགོན་ཆོས་རྗེ་བླ་མའི་དགོངས་པའི་མཐིལ། །དཔལ་ལྡན་ས་སྐྱ་པ་ཡི་གྲུབ་པའི་མཐའ། །ཁྱེད་གཅིག་ཁོ་ནས་འཛིན་གྱི་གཞན་གྱིས་མིན། །ཞེས་དཔལ་ས་སྐྱའི་བསྟན་འཛིན་གྱི་དམ་པ་གཅིག་པུར་བསྔགས་པའི་ཁམས་ཀྱི་གོ་རམས་བསོད་ནམས་སེངྒེ་སོགས་ས་ཕྱོགས་ཀྱི་ཕྱིས་བྱུང་མཁས་གྲུབ་ཆེན་པོ་དེ་དག་ཀྱང་གཟི་བྱིན་ཁྲ་ལེར་བཞུགས་སུ་རུང་བའི་དད་སེམས་མ་བཅོས་པ་ཐོབ།

ཁོ་བོ་རྨོངས་པའི་སེམས་ཀྱི་འཆར་སྣང་ལ། གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཆར་གྱི་མཐར་ཐུག་གི་དགོངས་པའི་གཏད་སོ་ཀུན་གྱི་མགྲིན་དབྱངས་གཅིག་པ་ཡིན་པའི་མཐུན་སྣང་གི་ཆོས་ཅན་གཅིག་ཐོག་ཏུ་འབབ་རྒྱུ་ཤིན་ཏུ་དཀའ་ཞིང་། དེ་ལྟར་འབབ་ཀྱང་མི་དགོས་མོད། འོན་ཀྱང་ཤིང་རྟ་བརྒྱད་ཆར་གྱི་ལུགས་འཛིན་མཁས་གྲུབ་ཀྱི་དམ་པ་རྗེས་འབྲངས་དང་བཅས་པར་དད་པ་དང་འདུན་པའི་འཁྱེར་སོར་རིང་ཐུང་མ་གྱུར་པ་ཅིག་ནི་འོང་དུ་བཏུབ་ལ་འོང་དགོས་པ་ཞིག་ཀྱང་སྣང་། དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། སྲོལ་འབྱེད་གསུམ་པོ་དེ་དག་ནི་ཕན་ཚུན་དུ་དགོངས་པ་མཐུན་མི་མཐུན་ཅི་རིགས་པར་བྱུང་ཞིང་། རྩ་བའི་གཞུང་ཐད་སོར་འཇོག་མི་འཇོག་དང་འཕགས་ཡུལ་གྱི་འགྲེལ་པ་ཚད་ལྡན་དུ་གྲགས་པ་དག་ལ་དགག་བཞག་སྣ་ཚོགས་པར་མཛད་མོད། གསུམ་པོ་དེ་དག་བོད་ཀྱི་འགྲེལ་མཛད་ཚད་ལྡན་དུ་བྱེད་དགོས་ཏེ། ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱུག བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་ཐུགས་སུ་ཆུད། དངོས་བརྒྱུད་ཀྱི་སྒོ་ནས་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྲོལ་འཛིན་རྗེས་འབྲངས་མཁས་གྲུབ་དམ་པ་རྣམས་ནི་མཐར་ཐུག་གི་ལྟ་བ་རང་སྟོང་དང་གཞན་སྟོང་། མེད་དགག་དང་མ་ཡིན་དགག ཁས་ལེན་ཡོད་མེད་སོགས་རིང་ཐུང་དང་ཉེ་འགྱངས་སྣ་ཚོགས་སུ་གྱུར་འདུག་པ་དངོས་དོན་དེ་ལྟ་ནའང་། ཐུགས་དམ་གྱི་མཐིལ་ཉིད་དུ་འཆང་རྒྱུའི་དོན་པོ་ཅིག་ཡོད་པ་ནི་སེམས་ཅན་གྱི་བདེ་སྐྱིད་དང་སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་ཏུ་སྣང་བས། དགོངས་པའི་ཆུ་བོ་བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བའི་ངེས་དོན་གྱི་རྒྱ་མཚོ་ཆེན་པོར་ཕྱམ་གཅིག་ཏུ་གཞོལ་བར་མི་མཚུངས་པ་མེད་པ་དེ་ལྟ་ན། སྣ་ཚོགས་སུ་སྣང་བའི་ལྟ་བའི་ཡོ་ལང་ནི་ཇི་ལྟར་ཆེ་ཞིང་འཇགས་པར་དཀའ་ཡང་། དཔལ་ལྡན་ཟླ་བས། དེ་ཕྱིར་མཁས་པ་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །ཞེས་གསུངས་པའི་དཔེ་ཡིས་མཚོན་པར་བྱ་བའི་དོན་གཅིག་པུ་ཉིད་དུ་གྱུར་པ་ལགས་ན། ཀུན་ལ་དད་པའི་བསམ་པ་གཡག་རྭ་གཡས་གཡོན་ལྟར་རིང་ཐུང་མེད་པའི་ཚད་མཉམ་ཅིག་བསྐྱེད་དུ་བཏུབ་པའི་གནད་མཐོང་ངོ་།།

ད་ནས་བརྩིས་པའི་ལོ་ངོ་གཅིག་དང་ཉིན་ཞག་བཅུ་གསུམ་ཙམ་གྱི་ཡར་སྔོན་ཏེ། སྤྱི་ལོ་ ༢༠༡༢ ལོའི་སྤྱི་ཟླ་ ༨ ཚེས་ ༣ ཉིན། ཁོ་བོས་མཚུངས་མེད་དྭགས་པོ་བཀའ་བརྒྱུད་པའི་གདན་ས་ཆེན་པོ་དཔལ་སྤུངས་ཤེས་རབ་གླིང་ནས་རང་གི་མ་བཅོས་པའི་སེམས་ཚོར་ཡི་གེར་ཕབ་སྟེ། དེང་གི་སློབ་གཉེར་བ་སྒེར་པ་དང་ཆོས་སྡེ་ཁག་གིས་རང་ལུགས་ཀྱི་ལྕགས་རི་སྲ་མཁྲེགས་དེའི་ནང་རོལ་འབའ་ཞིག་ཏུ་གུ་དོག་གི་བརྟུལ་ཞུགས་ལ་གནས་པ་ཙམ་མིན་པར་ལུགས་གཞན་དང་གཞན་གྱི་ཆོས་སྡེ་ཁག་ཏུ། བྱུང་ན་ལྟ་བའི་འགངས་སྟོན་པའི་བསྟན་བཅོས་ཁག་ལ་ཐོས་བསམ་སློབ་གཉེར་བྱེད་པའི་ལམ་སྲོལ་ཞིག་དང་། མ་བྱུང་ཡང་ཆོས་བརྒྱུད་དེ་དང་དེའི་དམ་པ་གོང་མ་དག་གིས་བསྟན་པ་སྤྱི་སྒོས་ལ་བསྐྱངས་པའི་མཛད་པ་དང་རྣམ་ཐར་གྱི་རིགས་དག་མཁྱེན་རྟོགས་ཀྱི་ཕྱིར། ཉིན་ཞག་དང་ལོ་ཟླའི་དུས་བཅད་ཀྱིས་ཆོས་ཀྱི་རྙེད་པ་སྒྲུབ་ཕྱིར་ཕེབས་ཐུབ་ན། རང་གཞན་ཀུན་ཕན་གྱི་གོ་སྐབས་བཟང་པོ་ཞིག་ངེས་པར་འདུག་པས་དེ་ལུགས་རྣམ་དཔྱོད་དང་ཕུགས་རྒྱང་གི་བསམ་པ་མངའ་བའི་སྤྱི་སྒེར་དག་གིས་དགོངས་པར་མཛོད་ཅེས་སེམས་གཏམ་རླུང་ལ་བསྐུར་མྱོང་བ་དེ་རིང་ཡང་དྲན་གསོ་ཞུ་བཞིན་ཡོད།

ཁོ་བོ་ཐོས་པ་ཆུང་བས་བློ་ཡུལ་དུ་མ་གྱུར་པས་ཡིན་སྲིད། ད་ལྟ་བར་མཐོང་ཤིང་ཐོས་པའི་མཁས་གྲུབ་ཀྱི་གྲས་ནས་རིས་མེད་པའི་བསྟན་པར་དག་སྣང་སྣང་བ་དཀར་པོས་གཅིག་ཏུ་ཞུགས་སྟེ་རང་དོན་མཁས་བཙུན་བཟང་པོའི་རིས་མེད་པའི་རྟོགས་པའི་ཡོན་ཏན་གྱིས་ཕྱུག་ཅིང་། གཞན་དོན་འཆད་རྩོད་རྩོམ་པའི་རིས་མེད་པའི་ལུང་ཆོས་ལ་གསན་གཟིགས་ཀྱི་མཁྱེན་པ་རྒྱས་པའི་མཁས་གྲུབ་ཅིག་ལ་དཔལ་ས་སྐྱ་པའི་ཆོས་བརྒྱུད་ནང་བྱུང་བ་འདྲ་བ་ཅིག་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོ་གང་གི་ལུགས་ལ་ཡང་མ་བྱུང་བར་སྣང་། ས་ལུགས་ཀྱི་རིས་མེད་པའི་མཁས་པ་རྣམས་ནི་རང་ཉིད་རིས་མེད་ཀྱི་ཉམས་ལེན་ཐུགས་དམ་གྱི་མཐིལ་ཉིད་དུ་མཛད་པ་ཙམ་མིན་པར། བུ་སློབ་ཡང་སློབ་དང་བཅས་པ་ཡང་སྲོལ་བཟང་དེ་ཉིད་ལ་འགོད་པའི་མཛད་པ་དང་གདམས་པ་ནན་ཏན་གྱིས་འདོམས་བཞིན་ཡོད་པར་སྣང་སྟེ། མཁྱེན་བརྩེ་ཆོས་བློས་ས་སྐྱ་མཁན་ཆེན་རིན་ཆེན་བཟང་པོར། ཆོས་ཡང་ཟབ་རྫོགས་པ་ཆེན་པོ་ཡི། །གནད་ཟབ་མོ་བླ་མའི་དྲིན་རྙེད་དང་། །དཔལ་བིར་ཝ་པ་ཡི་སྙན་རྒྱུད་ཀྱི། །ཆོས་གསུང་ངག་ཡིད་བཞིན་ནོར་བུ་གཉིས། །ཁྲིད་ཚུལ་དེ་རིམ་དང་ཅིག་ཆར་གྱི། །ཁྱད་ཙམ་ལས་དོན་གནད་གཅིག་ཏུ་བབས། །ལར་གྲུབ་མཐའ་ཀུན་ལ་ཕྱོགས་རིས་སྤང། །ཞེས་གདམས་ཤིང་། ཡང་མཁན་ཆེན་དེ་ཉིད་ཀྱིས་བླ་མ་དེ་ཉིད་ལ་ཐུགས་དམ་བརྟག་ཞུ་ཕུལ་བའི་ལྗགས་ལན་ཞིག་ཏུ། ཕྱག་རྫོགས་དབུ་གསུམ་གཅིག་སྒྲིལ་གྱིས་ཉམས་སུ་ལེན་དགོས་པའི་བཀའ་ཕེབས་པ་ལྟ་བུ་ཡིན།

གྲུབ་བརྒྱའི་སྤྱི་མེས་རྗེ་བཙུན་བཞད་པའི་རྡོ་རྗེས། ཕྱག་རྒྱ་ཆེན་པོས་མདུན་ནས་བཙིར། །རྫོགས་པ་ཆེན་པོས་རྒྱབ་ནས་བཙིར། །ཁ་ནས་གདམས་ངག་ཁྲག་ཏུ་བསྐྱུག །གསུངས་པ་ལྟར། ཉམས་ལེན་པ་གཅིག་གིས་ཕྱག་རྫོགས་ཀྱི་གདམས་པ་འགལ་མེད་ཟུང་སྦྲེལ་དུ་སྟན་ཐོག་གཅིག་ལ་གྲུ་བཞི་ལམ་འཁྱེར་མཛད་པའི་བརྟུལ་ཞུགས་མཐོན་པོའི་ཉམས་ལེན་ནི་རྟོགས་པ་མཆོག་གི་གོ་འཕང་ལ་གནས་པའི་དམ་པའི་སྐྱེས་བུ་འབའ་ཞིག་གི་སྤྱོད་ཡུལ་ཡིན་གྱི། མི་དགེ་བཅུ་སྤོང་གི་ཉམས་ལེན་ཙམ་ཡང་ཚུལ་མཐུན་དུ་སྤྱོད་དུ་མི་ནུས་པའི་རང་ཅག་འདྲ་བའི་གོ་སྐལ་དུ་ག་ལ་རུང་སྟེ་མི་རུང་ཞིང་། ཀཿཐོག་དབུ་འོད་ཡེ་ཤེས་འབུམ་གྱིས་འཇམ་དབྱངས་ས་པཎ་ལ། བགེགས་སྐྲོད་པ་དེ་ངེད་རྙིང་མ་བས་བྱེད། ཡེ་ཤེས་པ་ཞུགས་པ་ལ་ཁྱེད་གསར་མ་བས་མཛོད། ཅེས་ཞུས་པ་ལྟར། ཆོ་ག་ཕྱག་ལེན་གྱི་ཆོས་སྤྱོད་བྱེད་པའི་ཚེ་ནའང་གང་ལ་བསྔགས་པ་དེ་ཉིད་ལེན་པ་ལྟ་བུའི་གསར་རྙིང་ལེགས་ཆ་བསྡུ་ལེན་གྱི་རྣམ་ཐར་དེ་དག་ཀྱང་རང་ཅག་གིས་མི་འཁྱོངས་མོད། འོན་ཀྱང་བྱང་སེམས་ཆེན་པོ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ཞབས་ཀྱིས་ཉིད་ལ་གསུངས་པའི་གསོལ་འདེབས་ནང། ཐུབ་བསྟན་དྲི་མ་མེད་པ་བདུད་རྩིའི་དཔལ། །ལེགས་པར་གཏམས་པ་དམ་པ་དུ་མའི་ཞབས། །སྒོ་གསུམ་གུས་པས་གཙུག་གི་རྒྱན་དུ་བསྟེན། །བསྟན་འཛིན་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་ཞལ་གསུང་མ་ལས། མདོར་ན་ཡོངས་འཛིན་བརྒྱད་ཅུ་ལྷག །བསྟེན་ནས་དམ་ཆོས་རྒྱ་ཆེར་ཐོབ། །བོད་ཡུལ་ཤིང་རྟ་ཆེ་བརྒྱད་པོ། །ཀུན་ལ་དག་སྣང་ཆེར་བསྐྱེད་ཅིང་། །ལོག་རྟོག་སྒྲིབ་པས་མ་གོས་ཤིང་། །གཤེ་སྐུར་གྲུབ་མཐའི་ཕྱོགས་འཛིན་སྤངས། །དབང་ཁྲིད་མན་ངག་རྒྱུད་ལུང་རྣམས། །རྒྱུན་བཞུགས་ཐམས་ཅད་འབད་པ་ཆེས། །ཉན་དང་མཉན་པར་འགྱུར་བར་སྨོན། །གསུངས་པ་ལྟར་ཕྱོགས་དང་མཚམས་སུ་བཞུགས་པའི་དམ་པའི་སྐྱེས་བུ་རིས་སུ་མ་ཆད་པར་སྒོ་གསུམ་གུས་པས་བསྟེན་ཏེ་ལུགས་སོ་སོའི་བརྒྱུད་པ་གོང་མ་ལས་བྱུང་བའི་གཞུང་བཤད་ཀྱི་འཆད་ཉན་ལ་བརྩོན་པའི་བརྟུལ་ཞུགས་བཟུང་ནས་རིས་མེད་འབྲིང་གི་རྣམ་ཐར་གྱི་ཆ་ཤས་ཙམ་སྐྱོང་བའི་གོ་སྐབས་ནི་རང་ཅག་རྣམས་ལ་ཡང་འབྱུང་དུ་རུང་ཞིང་། བསྒྲུབ་ནུས་པ་ཞིག་ཀྱང་ཡིན་པས། སྙིགས་མ་ལྔའི་ནམ་ལངས་ཤིང་བསྟན་པའི་ཉི་རྒས་རྒྱང་དུ་བཞུད་པའི་དུས་མཐའ་འདི་འདྲར་བརྟུལ་ཞུགས་འདི་ལྟ་བུ་བདག་གིར་བྱེད་པའི་གོ་སྐབས་ཀྱང་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་གཙིགས་ཆེ་བར་འཛིན་དགོས་པར་མཐོང་ངོ་།།

དེ་ལྟ་མིན་པར་ཇོ་ནང་ཀུན་མཁྱེན་སྒྲོལ་མགོན་ཞབས་ཀྱི་རང་རྣམ་དུ། རང་ཉིད་ལྟ་བ་མཆོག་ཏུ་འཛིན། སངས་རྒྱས་པའི་གྲུབ་མཐའ་གཞན་རྣམས་ལ་དགྲར་ལྟ། མུ་སྟེགས་ལ་སོགས་པའི་མིང་ཡང་ཐོས་སུ་མི་རུང་བ་སྐད་བྱེད་དེ། བློ་ཆུང་ཤེས་རབ་ཅན་དུ་རེ་བ་ཡ་རེ་ཆ། གསུངས་པ་ལྟ་བུ་ཞིག་ཆགས་ན་ནི་རང་ཉིད་གནས་སའི་ཁྲོན་ཆུང་གི་ནང་དུ་ནི་མཛེས་པ་ཙམ་འོང་སྲིད་ཀྱི། བསྟན་པ་སྤྱིའི་མཛེས་རྒྱན་དུ་འགྱུར་བའི་གོ་སྐབས་ནི་གཏན་ནས་མེད་པ་གསལ་བར་མཐོང་ངོ་། །དེ་བས་རང་ཅག་སློབ་གཉེར་བ་གཞོན་ནུ་རྣམས་ཀྱིས་ཆོས་བརྒྱུད་གཞན་དང་གཞན་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་གི་བདུད་རྩིའི་ཐིགས་ཕྲན་ཙམ་ཞིག་ཀྱང་མ་མྱངས་ཤིང་། མཛད་སྤྱོད་རྣམ་ཐར་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་ཀྱང་མ་མཐོང་བའི་སྔོན་ནས། མཁས་གྲུབ་དེ་དག་གིས་རང་ཅག་གང་གི་རྗེས་སུ་ཞུགས་སའི་མཁས་པ་དེ་དག་དང་ལྟ་གྲུབ་ཀྱི་རྩོད་པ་མཛད་ཅིང་རྩོད་ཚིག་མི་མཛེས་པ་ཅུང་ཟད་རེ་འཕེན་རེས་མཛད་པའི་གཏམ་ཙམ་ཐོས་པ་རྐྱེན་དུ་སོང་ནས། རང་གི་གྲུབ་མཐའི་ཕྱོགས་སྔར་སོང་བའི་མཁས་པ་དེ་དག་ལ་གཤེ་བ་དང་སྐུར་བར་བྱེད་ཅིང་། མཁས་གྲུབ་དེ་དག་ལ་རང་བཞིན་དུ་ཐོབ་པའི་མཚན་གྱི་དབུའི་ཀུན་མཁྱེན་དང་རྗེ་བཙུན། མཁས་དབང་། པཎ་ཆེན་ཞེས་པ་ལྟ་བུའི་ཆེ་བརྗོད་ཙམ་ཞིག་ཀྱང་ཁ་ནས་བརྗོད་མི་ཕོད་པ་ལྟ་བུས། རྟ་ནག་གོ་བོ། བློ་བཟང་གྲགས་པ། ཟི་ལུང་ཤཱཀ་མཆོག ལྕང་ར་དགེ་ལེགས་པ་ཞེས་པ་ལྟ་བུར་འབོད་པར་བྱེད་པ་ནི། དོན་དམ་དུ་མཁས་པ་དེ་དག་གི་བྱས་པའི་མཚོ་འགྲམ་གྱི་གད་པ་ལྟར་རྔམས་མཐོ་བའི་བསྟན་བཅོས་ཁག་མཐོང་བ་ལྟ་ཅི་རྣ་ཐོས་ཙམ་ཡང་མེད་པའི་རང་རྟགས་གསལ་བར་བསྟན་པ་ཡིན་པས། རང་ཅག་སློབ་གཉེར་བ་རྣམས་ཀྱིས་དམ་པ་ཐུགས་ཁྲེལ་བའི་ལས་འདི་རིགས་རིང་དུ་སྤངས་ཏེ། རིས་མེད་པའི་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་རབ་རྣམས་ལ་ཁོམ་པ་ནམ་བྱུང་གི་དུས་སུ་ཕྱོགས་རིས་ཀྱི་བསམ་པ་སྤངས་ཏེ་མཇལ་རྟོག་ཞུ་བའི་སྨོན་ལམ་ཞུའོ།།

གཞུང་ཆེན་མོར་སློབ་གཉེར་མཛད་པའི་དཔྱོད་ལྡན་རྣམས་ཀྱིས་ལམ་སྲོལ་འདི་འདྲ་བར་ཞུགས་དགོས་པ་༸གོང་ས་རྒྱལ་བའི་དབང་པོའི་ཐུགས་ཀྱི་དགོངས་པ་ཡང་ཡིན་ཏེ། ༸གོང་ས་མཆོག་ནས་ ༢༠༠༣ ལོར་ལ་དྭགས་ཞི་བའི་ཚལ་དུ་བཀའ་གནང་བར། “རྒྱ་གར་ལ་འདས་པའི་ལོ་བཞི་བཅུ་ཞེ་གྲངས་ཤིག་གི་རིང་ལ་རིས་མེད་གནང་མཁན་ངས་ངོ་ཤེས་པ་ཁོང་༼ས་སྐྱ་མཁན་ཆེན་རིན་ཆེན་བཟང་པོ།༽གཅིག་པུ་ཡིན། བཀའ་བརྒྱུད་ཀྱི་ཕྱོགས་ལ་དེ་ཙམ་གསན་རྒྱ་ཆེ་བ་མི་འདུག་མ་གཏོགས། ས་སྐྱ་དང་རྙིང་མ། དགེ་ལུགས་གསུམ་གྱི་ལམ་སྲོལ་ལམ་སོ་སོའི་སྙིང་པོ་དེ་ཐུགས་རྒྱུས་དཔྱིས་ཕྱིན་པ་ཡོད་པ་ཧ་ལས་པ་ཡོད། ང་རང་ཚོའི་མཁས་པའི་ནང་ནས་ཁོང་ལྟ་བུ་ཞིག་ཐོན་ཐུབ་ན་བསམས་ནས་ངས་རྟག་པར་དྲན་གྱི་ཡོད། དེ་འདྲ་ཞིག་བྱུང་ན་དངོས་གནས་བསྟན་པ་ལ་ཕན་པ་ཡིན། དེས་དེང་སང་ཕྱི་རྒྱལ་དང་། བོད་ནང་ཁུལ་ལ་ཡང་ཏན་ཏན་ཕན་ཐོགས་ཆེན་པོ་འོང་བར་འདུག ལྷག་པར་མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་སུ་ཏན་ཏན་ཕན་ཐོགས་ཆེན་པོ་ཡིན།” ཞེས་དང་། ཡང་སྤྱི་ལོ་ ༢༠༠༧ ལོར་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ། “སྔ་མོ་ཡིན་ན་ལྟ་མཁན་པོ་རིན་ཆེན་གྱི་བཟོ་འདྲ་པོ་ཅིག་དངོས་གནས་ངོ་མཚར་སྐྱེ་ཡག་རེད། རིས་སུ་མ་ཆད་པ་གསུང་ཡ་ཡོད་རེད། ད་དེའི་བཟོ་འདྲ་པོ་ཞེ་དྲག་དཀོན་པོ་རེད། ཞེ་དྲག་དཀོན་པོ་རེད།” ཅེས་གསུངས།

འདི་ལྟར་རིས་མེད་ཀྱི་གཞུང་ལུགས་ལ་ཐོས་བསམ་གྱི་རྩལ་ལག་རྫོགས་པའི་མཁས་པ་མང་དག་ཅིག་བྱུང་ན་དགོངས་པའི་༸གོང་ས་རྒྱལ་བའི་དབང་པོའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་ཅིག་དང་། གཙུག་ལག་གཞུང་ལུགས་རྒྱ་མཚོ་གུས་རྟག་བརྩོན་པས་བརྒལ་བའི་ཐོས་བསམ་ལ་བྱ་བྲལ་མི་མཛད་པའི་སློབ་གཉེར་བ་གཞོན་ནུ་ཁྲི་སྟོང་མང་པོས་ས་ཆེན་པོའི་སྟེང་གི་བཤད་སྒྲུབ་ཀྱི་ཆོས་སྡེ་ཁེངས་པར་གྱུར་ཅིག་པའི་སྨོན་ལམ་བཅས། དཔལ་ས་སྐྱ་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནས། འཇིགས་མེད་བློ་གྲོས་ཀྱིས།
བོད་རྒྱལ་ལོ་ ༢༡༤༠ ཆུ་སྦྲུལ། གྲོ་བཞིན་ཟླ་བའི་ཚེས་ ༡༠། སྤྱི་ལོ་ ༢༠༡༣ ཟླ་བ་ ༨ ཚེས་ ༡༦ ཉིན་བྲིས་པ་དགེ་བར་གྱུར་ཅིག

སྔོན་ཚེ་ཤེས་བྱ་ཀུན་མཁྱེན་མཁས་གྲུབ་ཀྱི་གདོང་ལྔ།།
ཐུབ་བསྟན་གངས་རི་སྐྱོང་བའི་མཛེས་རྒྱན་དུ་བཞུགས་ཀྱང་།།
ད་ལྟ་དུས་མཐའ་འགྲིམས་པའི་ཤུལ་འཛིན་གྱི་བུ་སློབ།།
གཉིས་མེད་སེངྒེར་འགྱུར་བའི་ངང་ཚུལ་འདི་སྐྱོ་བ།།
རིས་སུ་མ་ཆད་མདོ་རྒྱུད་བཤད་སྒྲུབ་ཀྱི་ནོར་བུ།།
སྲིད་པའི་མཐོངས་སུ་འདེགས་པའི་ཐེག་ཆེན་གྱི་དཔུང་ལྡན།།
ཞི་གྲོལ་ནགས་ཀློང་མྱུལ་བའི་གླང་པོ་ཡི་ཁྱུ་ཚོགས།།
ཐུབ་བསྟན་སྐྱེས་ཚལ་འགྲིམས་པ་སྔོན་རབས་ཀྱི་བྱུང་བ།།
ཐོས་པའི་ལང་འཚོ་ཡོལ་བའི་ངེས་དོན་གྱི་ཁྱུ་མཆོག །
ཕལ་ཆེར་ནགས་མའི་ཀློང་དུ་སྒོམ་པ་ལ་ཕྱིན་ཀྱང་།།
གསུང་རབ་ཞི་བསིལ་བདུད་རྩིའི་ཆུ་མོ་ལ་རྩེ་བའི།།
རི་དྭགས་ང་ཚོ་ཨེན་ཙམ་མཚོ་མཐའ་ལ་འདུག་གོ །
གསུང་རབ་པོད་ཆེན་བརྩིགས་པའི་གད་པ་ཡི་ངོགས་སུ།།
རྣམ་དཔྱོད་ར་རྩེ་བརྡར་བའི་བྲེ་སེར་གྱི་འབྲོང་ཆུང་།།
མདོ་ཕྱོགས་དགུན་རིའི་ལོགས་ནས་བདུད་རྩི་ཞིག་བཏུངས་ཏེ།།
སྔགས་ཕྱོགས་དབྱར་རིའི་ལོགས་ནས་སྨན་རྩ་ཞིག་བཟས་ཆོག །
འཇགས་མེད་མཁའ་ལ་འཕྱུར་བའི་རྣམ་རྟོག་གི་ཚང་ཚིང་།།
ཤེས་རབ་རལ་གྲི་རྣོན་པོས་དུམ་བུ་རུ་བཏུབས་ཏེ།།
སྐྱེ་འགག་བློ་ལས་འདས་པའི་བརྗོད་བྲལ་གྱི་ཐང་ལ།།
གཏན་དུ་ལྡང་བ་མེད་པའི་ངལ་གསོ་ཞིག་བྱུང་ན།།
སྲིད་གསུམ་ཧྲུལ་པོར་གཏོང་བའི་རྟེན་འབྱུང་གི་སྒྲ་དབྱངས།།
སྨྲ་མཁས་དམ་པ་དག་གི་ལྗགས་རྩེ་ལས་ཉན་པའི།།
རྫོགས་ལྡན་ས་འཕོས་པའི་སྐལ་བཟང་གི་དགའ་སྟོན།།
ཅིས་ཀྱང་ཟད་པ་མེད་པའི་དུས་མཐའ་ལ་ཐུག་ཤོག །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*