རྩོམ་པ་པོ། གླིང་ཚང་མདའ་སྨྱུག་གམ་འཁྱམས་པོ
མུན་པའི་འགག་འཕྲང་གཏོར་བའི་འཛམ་གླིང་གི་སྒྲོན་མེ།།
གནའ་དེང་ཤེས་བྱ་མཁྱེན་པའི་རིག་ལམ་གྱི་དཔའ་བོ། །
ས་སྒང་གོ་ལའི་མཛེས་རྒྱན་མཐོ་སྒང་གི་རྒྱལ་སྲས།།
ས་དཀར་སྡེ་བའི་ས་སྐྱ་པཎ་ཆེན་ལགས་རྗེས་དྲན།།
མི་རིགས་འདས་དོན་སེམས་པའི་གངས་ལྗོངས་ཀྱི་ལོ་པཎ།།
ཆོས་སྲིད་བསྟན་པ་སྤེལ་བའི་ལུགས་གཉིས་སློབ་དཔོན།།
མུ་སྟེགས་མ་རུངས་བཏུལ་བའི་ཚད་མ་ཡི་སྐྱེས་བུ།།
ཁ་བ་གངས་ཅན་ལྗོངས་ཀྱི་པཎྜི་ཏ་ཐོག་མ།།
འཆད་པའི་ཤེས་རབ་གོ་ལའི་དབུ་རྩེ་ནས་འབར་ཞིང་།།
འཇམ་དབྱངས་རིག་པའི་རལ་གྲི་ཐུགས་རྒྱུད་ན་མངའ་བའི།།
སྐལ་ལྡན་བུ་སློབ་བསྐྱངས་པའི་ས་སྟེང་གི་སེམས་དཔའ།།
ཆོས་རྗེ་ས་པཎ་ཁྱེད་ཉིད་སྐུ་དྲིན་ལས་མ་འདས།།
རྩོད་པའི་ངག་སྒོ་རིག་ལམ་གནམ་ལྕགས་ཀྱི་མེ་ལྕེས།།
ཕ་རོལ་དགྲ་བོའི་ལོག་སྨྲ་རྩ་བ་ནས་བསྲེགས་པའི།།
བཅུ་ཕྲག་རིག་པའི་གནས་ཀྱི་ཡབ་ཆེན་ལགས་དམ་པ།།
སྲིད་གསུམ་གཡུལ་ལས་རྒྱལ་བའི་ས་ཆེན་གྱི་མེས་པོ།།
རྩོམ་པའི་མེ་ཏོག་འཇིག་རྟེན་ཕྱི་ནང་ན་བཞད་པའི།།
རྣམ་དཔྱོད་གསེར་གྱི་ཅོད་པན་ཉི་ཟླ་ལ་བཏགས་པའི།།
ཤེས་བྱ་འོ་མའི་ཆུ་གཏེར་ཐུགས་རྒྱུད་ནས་བརྡོལ་བའི།།
བཀའ་དྲིན་མཚུངས་མེད་ཤཱཀྱའི་རྒྱལ་སྲས་རང་མཁྱེན་ནོ།།
རྨོངས་མུན་དགུ་འཐིབ་འཇོམས་པའི་སྣང་བྱེད་ཀྱི་ཉི་མ།།
འཇིག་རྟེན་མུན་པའི་གྲོང་དུ་ཅི་འདྲ་ཞིག་མཛེས་པ།།
བཅུ་ཕྲག་རིག་པའི་མེ་ཏོག་ས་ཆེན་ན་བཞད་དེ།།
མཁས་གྲུབ་སྐྱེས་ཆེན་དུ་མའི་མཆོད་རྫས་སུ་གྱུར་བ།།
གྲུབ་སྨྱོན་འབྲུག་པ་ཀུན་ལེགས་དང་།།
ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས།།
འཇམ་མགོན་བླ་མ་ས་པཎ་ལ།།
བསྟོད་ཚིག་ངག་གིས་མེ་ཏོག་འཐོར།།
མི་བསྐྱོད་རྡོ་རྗེ་ཀརྨ་པ།།
གུང་ཐང་བསྟན་པའི་སྒྲོན་མེ་ཡིས།།
པཎ་ཆེན་ཀུན་དགའི་མཚན་ཅན་ལ།།
བསྔགས་བརྗོད་དབྱངས་ཀྱིས་མཆོད་པ་ཕུལ།།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཚང་།།
མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས།།
གངས་ཅན་མཛེས་པའི་གཙུག་རྒྱན་ལ།།
དད་འདུན་སོར་མོའི་རྩེ་ནས་བཞེངས།།
རྗེ་བཙུན་བློ་བཟང་གྲགས་པ་དང་།།
རིས་མེད་མཁས་གྲུབ་དུ་མ་ཡིས།།
བོད་ཀྱི་ལོ་པཎ་ཐོག་མ་ལ།།
བསྟོད་ཚིག་གངས་རིའི་མགུལ་དུ་བྲིས།།
སྟོན་པའི་ལུང་དང་རྗེ་བཙུན་འཇམ་དཔའ་དབྱངས་གཉིས་ཀྱིས།།
ཀུན་དགའི་མཚན་ཅན་བསིལ་ལྗོངས་ས་ཡི་ཞིང་ཁམས་སུ།།
འཆད་རྩོད་རྩོམ་ལ་ཐོགས་པ་མེད་པའི་པཎྜི་ཏ།།
སྐྱེ་བ་ཉེར་ལྔར་འཇམ་དབྱངས་རྣམ་སྤྲུལ་ཡིན་པར་གསུངས།།
ཁ་ཆེ་པཎ་ཆེན་རྒྱ་ནག་ཧོར་ཡུལ་ཕེབས་གྲབས་སུ།།
སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མས་ལུང་བསྟན་དུ།།
ཁྱེད་ཀྱི་གདུལ་བྱ་སློབ་མའི་ནང་གི་སློབ་མ་ཞིག།
བོད་ཀྱི་ཡུལ་དུ་འཇམ་དབྱངས་སྤྲུལ་པ་ཡོད་ཅེས་གསུངས།།
སློབ་དཔོན་པད་མ་དཔལ་ལྡན་ཨ་ཏི་ཤ་གཉིས་ཀྱིས།།
ས་སྐྱའི་ལོ་ཙཱ་ཀུན་དགའི་མིང་ཅན་བོད་ཡུལ་བྱོན།།
རིགས་གསུམ་མགོན་པོའི་རྣམ་པ་སྤྲུལ་པའི་སྐྱེས་བུ་འགའ།།
རི་མཐོ་ས་གཙང་ཆོས་ལྡན་ཞིང་དུ་འཁྲུངས་པར་གསུངས།།
བླ་ཆེན་འཕགས་པ་ཡར་ཀླུང་གྲགས་པ་རྒྱལ་མཚན་དང་།།
བོ་དོང་བརྩོན་འགྲུས་ལ་སོགས་དངོས་སློབ་སྐལ་ལྡན་འགས།།
གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་ཡ་གྱལ་ཏེ།།
ཁོང་ཉིད་འཇམ་པའི་དབྱངས་དངོས་མཇལ་བའི་ལོ་རྒྱུས་ཡོད།།
ཤེས་པ་ཕྲ་ཞིང་ཡོན་ཏན་ཆུང་ནའང་།།
ཐོས་པ་དམན་ཞིང་བློ་གྲོས་ཞན་ནའང་།།
འཇམ་མགོན་བླ་མའི་དགོངས་རྫོཊ་ཉིན་མོ་འདིར།།
ཚོགས་བསགས་སྒྲུབ་པ་སྦྱོང་ཕྱིར་རྩོམ་འདི་བྲིས།།
རྩོམ་འབྲི་བ་གླིང་ཚང་མདའ་སྨྱུག་གམ་འཁྱམས་པོ་རྩམ་སྲས།
Leave a Reply