སྤར་བྱང་སྨོན་ཚིག

གསེར་གྱི་མདོག་ཅན་མཚན་དཔའི་དཔལ་འབར་སྐུ།།

 རབ་སྙན་ཚངས་དབྱངས་ཐེེག་གསུམ་ལམ་སྟོན་གསུངས།།

མཁྱེན་གཉིས་ཡེ་ཤེས་ཐུགས་མངའ་བཅོམ་ལྡན་འདས།།

ཐུབ་དབང་སྲས་བཅས་སྒོ་གསུམ་ཕྱག་གི་ཡུལ།།

ཐུབ་པའི་རྒྱལ་ཚབ་རྗེ་བཙུན་གོང་མ་ལྔ།།

ངོར་ཆེན་ཡབ་སྲས་ཚར་ཆེན་ཆོས་ཀྱི་རྗེ།།

རིགས་གསུམ་རྣམ་སྤྲུལ་འཁོན་སྟོན་རིམ་བྱོན་སོགས།།

བརྒྱུད་པར་བཅས་ལ་དད་གསུམ་བློ་ཡི་འདུད།།

འགྲོ་བའི་སྡུག་ཀུན་ནད་སེལ་སྨན་གྱི་མཆོག།།

མངོན་མཐོ་ངེས་ལེགས་བདེ་སྟེར་ཐུབ་དབང་གསུངས།།

དམ་ཆོས་བདུད་རྩིའི་འཆད་ཉན་རྒྱུན་འཕེལ་ཞིང་།།

ཡུན་དུ་གནས་ཕྱིར་འཕྲུལ་གྱི་སྤར་དུ་བསྐྲུན།།

འདི་ཡིི་དགེ་བས་ཡོངས་རྫོགས་རྒྱལ་བསྟན་དང་།།

བྱེ་བྲག་ཐུབ་དབང་གཉིས་ས་སྐྱ་པའི།།

རྣམ་དག་བཀའ་སྲོལ་མདོ་རྒྱུད་སྙིང་པོའི་བསྟན།།

སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག།།

བསྟན་འཛིན་སྐྱེས་ཆེན་ཐམས་ཅད་ཞབས་བརྟན་ཅིང་།།

མཛད་ཕྲིན་རབ་རྒྱས་འཕགས་ཚོགས་འདུས་སྡེ་ཀུན།།

དམ་པའི་ཚུལ་དགུ་ཆོས་སྤྱོད་རྣམ་བཅུ་འཕེལ།།

དོན་གཉིས་ལེགས་ཚོགས་ལྷུན་གྱིས་འགྲུབ་གྱུར་ཅིག།།

དེའི་མཐུས་མི་མཇེད་འཇིག་རྟེན་ཁམས་ཀུན་ཏུ།།

སྣོད་བཅུད་དུས་ཀྱིས་རྒུད་ཚོགས་རིང་བཅིལ་ཏེ།།

རྫོགས་ལྡན་གསར་པའི་ཕུན་ཚོགས་དཔལ་འབྱོར་རྒྱས།།

སྐྱེ་རྒུ་ཞི་མཐུན་བདེ་དགར་སྤྱོད་གྱུར་ཅིག།།

རླབས་ཆེན་རྣམ་དཀར་དགེ་འདིར་འབྲེལ་ཐོགས་ཀྱི།།

དད་ལྡན་རྒྱུ་སྦྱོར་ཡོན་གྱི་བདག་པོའི་གཙོས།།

མ་གྱུར་མཁའ་མཉམ་སེམས་ཅན་ཇི་སྙེད་པ།།

མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག།།

ཅེས་སྤར་བྱང་སྨོན་ཚིག་འདི་ཉིད་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྗོ་རྗེ་འཆང་མཆོག་འཁོན་རིགས་བསྟན་པའི་གསལ་བྱེད་ཝགིནྡྲས་ས་གཞིས་སྒྲོལ་ཕོ་བྲང་གི་རང་གནས་འཆེ་མེད་རྡོ་རྗེའི་ལྡིང་ཁང་དུ་ལེགས་པར་སྦྱར་བའི་དགེ་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*