བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་འབུལ་གནང་སོང་།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེར་རྗེས་དྲན་བརྟན་བཞུགས་འབུལ་གནང་སོང་།

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༠༢ ཚེས་ ༢༤ ཉིན་དབུ་འཛུགས་ཏེ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་གནང་ནས་ཚེ་ལྷ་རྣམ་གསུམ་གྱི་ནང་ཚན་ལྷག་པའི་ལྷ་མཆོག་ལྷ་མོ་རྣམ་རྒྱལ་མའི་སྟོང་མཆོད་ཀྱི་སྒོ་ནས་ཉིན་ལྔའི་སྒྲུབ་ཞགས་སྔོན་དུ་སོང་ནས་དེ་རིང་ཕྱི་ཚེས་ ༢༨ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་གནང་སོང་།

དེ་རིང་དངོས་གཞི་བརྟན་བཞུགས་ཉིན་སྔ་དྲོའི་ཕྱག་ཚོད་དགུ་པའི་ཐོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྒྲོལ་མ་ཕོ་བྲང་ནས་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་འཇམ་མགོན་སྐུའི་གདུང་སྲས་རྣམ་པ་དང། ངོར་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་། བཅོ་བརྒྱད་ཁྲི་པ་རིན་པོ་ཆེ་དེ་བཞིན་མཁན་བླ་སྤྲུལ་རྣམ་དང་། སེར་སྐྱ་མི་མང་སྟོང་ཚོ་ལྷག་གིས་མཆོད་པའི་ཚོགས་བསམ་གྱི་མི་ཁྱབ་པའི་མདུན་བསུས་སྟེ་དཔལ་ས་སྐྱའི་ཆོས་སྒར་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་གི་འདུ་ཁང་ནང་གདན་ཞུ་གནང་བ་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་མཆོག་གིས་མཎྜལ་ལྗགས་བཤད་གནང་གྲུབ་མཚམས་༸སྐྱབས་མགོན་༸གོང་མ་སྐུ་གཞོན་རིན་པོ་ཆེ་དང་། ཐར་རྩེ་མཁན་རིན་པོ་ཆེ། བཅོ་བརྒྱད་ཁྲི་པ་རིན་པོ་ཆེ་སོགས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ཀྱི་རྟེན་དང་། བཀྲ་ཤིས་པའི་རྫས་བརྒྱད། རྒྱལ་སྲས་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་བཅས་རིམ་བཞིན་འབུལ་གྲུབ་མཚམས་གྲྭ་ཟུར་རྣམ་པས་འབུལ་ཚོན་གྱི་རིམ་པ་ཁག་འདེགས་འབུལ་གནང་སོང་།

དེ་ཡང་བརྟན་བཞུགས་འདི་ཉིད་བྱེས་ཀྱི་དཔལ་ས་སྐྱའི་གདན་ས་ཆོས་སྒར་དུ་རྗེས་དྲན་བརྟན་བཞུགས་གོ་སྒྲིག་ཚོགས་པས་ཆོས་སྒར་འདི་ཉིད་ཀྱི་སྒྲིག་ཁོངས་སུ་བཞུགས་མྱོང་མཁན་ཚང་མའི་ཚབ་ཞུས་ཏེ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགོང་ལོ་དོན་ལྔ་བཞེས་པའི་དགའ་སྟོན་དང་བཀའ་དྲིན་རྗེས་དྲན་སུ་དམིགས་ནས་བརྟན་བཞུགས་འདི་ཉིད་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང།

དེ་ཡང་ཕྱི་ལོ་ ༡༩༦༤ ལོར་ཐོག་མ་དཔལ་ས་སྐྱའི་ཆོས་སྒར་འདི་ཉིད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེས་ཕྱག་བཏབས་ཤིང་། སྐབས་དེར་ཕྱི་ནང་གི་ཆ་རྐྱེན་ཧ་ཅང་ཞེན་ན་ཡང་རིན་པོ་ཆེ་མཆོག་གིས་སྐུ་ངལ་མང་དག་ཅིག་ལ་གདོང་ལེན་གནང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་བསྒོས་དཔལ་བརྩེ་བ་ཆེན་པོའི་བསྟན་པ་འདི་ཉིད་ཀྱི་ཆེད་དུ་དགེ་འདུན་པ་རྣམས་ཀྱི་སླབ་པ་སློབ་གཉེར་གནང་སའི་ལྟེ་གནས་ཤིག་དགོས་གལ་གཟིགས་ནས་ཕྱག་བཏབས་པ་ཞིག་ཆགས་ཡོད།

བརྟན་བཞུགས་སྐབས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་ཞལ་བཞེས་བཀའ་དྲིན་བསྐྱངས་བ་དང་འབྲེལ་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་དྲན་དགོས་པ་མ་ཚད། ས་ཕྱོགས་གང་དུ་གནས་ནའང་ཡ་རབས་སྤྱོད་བཟང་ངང་གནས་དགོས་པ་དང་། གྲྭ་ཟུར་རྣམས་ཀྱང་རང་ཉིད་གནས་སྟངས་ཅི་འདྲ་ཞིག་ཏུ་འགྱུར་རུང་བླ་མ་དང་དགོན་པ་མ་བརྗེད་པར་ཕྱོགས་ཡོངས་ནས་ལྷག་བསམ་རྣམ་བདག་གིས་དགོན་པ་དང་གྲྭ་ཚང་ལ་སྲིད་ཞུ་སྒྲུབ་པ་སོགས་གནང་བ་ཡིན་ན་རང་གཞན་གཉིས་ཕན་ཡིན་པས་དེ་དོན་ཡིད་ལ་འཇགས་དགོས་པའི་ལམ་སྟོན་དང་བཅས་བརྟན་བཞུགས་ཟབ་རྗེས་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བའི་བཀའ་སློབ་གནང་སོང་།

དེ་རིང་གི་བརྟན་བཞུགས་ཀྱི་ཆེད་དུ་རྒྱལ་ཁབ་མང་པོ་ནས་དེ་སྔོན་ཆོས་སྒར་འདི་ཉིད་ཀྱི་སྒྲིག་ཁོངས་སུ་བཞུགས་མྱོང་མཁན་གྲྭ་ཟུར་དྲུག་ཅུ་རེ་གྲངས་ཤིག་ཕེབས་ཡོད་པ་དང་དེ་དག་ལ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དང་༸སྐྱབས་མགོན་༸གོང་མ་སྐུ་གཞོན་རིན་པོ་ཆེ་དེ་བཞིན་༸རྒྱལ་ཡུམ་ཆེན་མོ་སོགས་ཀྱིས་དམིགས་གསལ་མཇལ་ཁ་གནང་ནས་བཀའ་སློབ་གནང་བ་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་སྦྱོར་གནང་བ་སོགས་བཀའ་དྲིན་ཆེན་པོས་སྣེ་ལེན་ཟབ་རྒྱས་གནང་སོང།

སྔ་ཕྱི་བསྡོམས་པའི་ད་བར་ཆོས་སྒར་འདི་ཉིད་ཀྱི་སྒྲིག་ཁོངས་སུ་དགེ་འདུན་པ་སྟོང་ཕྲག་མང་པོས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་། ཆོ་ག་ཕྱག་ལེན་སོགས་ཡོད་ཚད་རྗེ་བཙུན་༸གོང་མ་རྣམས་ཀྱི་ཕྱག་བཞེས་བཞིན་གསན་བསམ་གནང་ནས་བོད་ཕྱི་ནང་གི་ཆོས་སྡེ་མང་པོའི་ནང་རང་ལུགས་དྲི་མ་མེད་པ་ཞིག་སྤེལ་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*