གསུམ་པ་དེ་ལྟར་བཀྲལ་བའི་བསྟན་བཅོས་དངོས་ལ། སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་བསྟན་བཅོས་ཀྱི་དབྱེ་བ་ལ། སློབ་དཔོན་ཆེན་པོ་བ་སུ་བནྡྷུས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་ལ་ལྷུར་ལེན་དང༌། །ངན་གཡོ་རྩེ་བྲལ་སྡུག་བསྔལ་སྤོང༌། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་བསྟན་བཅོས་ཀྱི་རྣམ་གྲངས་དགུར་དབྱེ་བ་ལས། སྔ་མ་གཉིས་གཉིས་དམན་པ་དང༌། །ཕྱི་མ་རེ་རེ་བཀར་བ་ནི་མཆོག་སྟེ། དེའང་དོན་དང་ལྡན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས།སྡུག་བསྔལ་སྤོང་བའི་བསྟན་བཅོས་ཏེ་གསུམ་དུ་འདོད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། རྒྱུ་མཚན་ཉིད་ཀྱི་ཐེག་པའི་དགོངས་འགྲེལ་གྱི་བསྟན་བཅོས་དང༌། འབྲས་བུ་སྔགས་ཀྱི་ཐེག་པའི་དགོངས་འགྲེལ་གྱི་བསྟན་བཅོས་སོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། རྩོམ་པ་པོ་རྣམ་པར་གཡེང་བ་མེད་པའི་ཡིད་ཅན་གྱིས་དེ་བཞིན་གཤེགས་པའི་བཀའི་དོན་རྣམ་པར་བཤད་པའི་ངག་གང་ཞིག ཐར་པ་སྟེ་གནས་སྐབས་ཀྱི་ཐར་པ་ནི་ངན་འགྲོ་དང་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཉན་རང་གི་བྱང་ཆུབ་ཙམ་དང༌། མཐར་ཐུག་གི་ཐར་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་དག་ཐོབ་པར་བྱེད་པའི་ལམ་དང་རྗེས་སུ་མཐུན་པ་ཉིད་དེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་བཤད་དོ། །གཉིས་པ་ནི། བསྟན་བཅོས་ཀྱི་སྐད་དོད་ལ་ཤཱསྟྲ་སྟེ་ཤཱ་ས་ན་དང་ཏྲ་ཡི་ཞེས་པའི་སྒྲ་ལས་དྲངས་ན། རྒྱུ་ཉོན་མོངས་པ་དུག་གསུམ་བསླབ་པ་སུམ་ལྡན་དུ་འཆོས་པ་དང༌། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པས་ན་བསྟན་བཅོས་ཏེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །གསུམ་པ་ལ་གསུམ་ལས། དང་པོ་བྱེད་ལས་ཀྱི་སྒོ་ནས་ནི།བཀའ་དོན་རྒྱ་ཆེན་པོ་རྣམས་སྡུད་པ་དང༌། ཚིག་དོན་བརླིང་ཞིང་ཟབ་མོ་རྣམས་རྣམ་པར་འབྱེད་པ་དང༌། འཁྲུགས་པའི་ཚུལ་དུ་བཞུགས་པ་རྣམས་གོ་རིམ་དུ་བསྡེབས་པའི་བསྟན་བཅོས་ཏེ་གསུམ་དུ་འབྱེད་དོ། །དེའི་དང་པོ་ནི་མདོ་སྡེ་རྒྱན་དང་མདོ་རྩ་བ་ལྟ་བུའོ། །གཉིས་པ་ནི་མངོན་པར་རྟོགས་པའི་རྒྱན་ལྟ་བུའོ། །གསུམ་པ་ནི་བསླབ་པ་ཀུན་ལས་བཏུས་པ་དང་སྐྱེས་པའི་རབས་ལྟ་བུའོ། །གཉིས་པ་བཤད་བྱ་བཀའི་སྒོ་ནས་ནི། བཀའ་སྤྱི་དང་སོ་སོའི་དགོངས་འགྲེལ་གཉིས་སུ་འབྱེད་དོ། །དང་པོ་བཀའ་སྤྱིའི་དགོངས་འགྲེལ་ནི། རིག་པའི་གནས་ལྔའི་བསྟན་བཅོས་ཏེ། ལོག་རྟོག་ཚར་གཅོད་པ་སྒྲ་དང་ཚད་མའི་བསྟན་བཅོས་གཉིས་ལས། དང་པོ་ནི། རྗོད་བྱེད་གཏན་ལ་འབེབས་པར་བྱེད་པ་སྒྲའི་བསྟན་བཅོས་ནི། རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ་བརྗོད་བྱར་བྱས་ནས་སྟོན་པའི་གཞུང་ཀ་ལཱ་པ་དང་ཙནྡྲ་པ་ལ་སོགས་པ་དང༌། དེའི་ཡན་ལག་ལྕི་ཡང་དང་པྲསྟཱ་ར་འགོད་ཚུལ་སྟོན་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལྟ་བུ་དང༌། མིང་གི་རྣམ་གྲངས་དང༌། རྟགས་གསུམ་གྱི་དབྱེ་བ་དང༌། སྒྲ་གཅིག་དོན་མང་པོ་ལ་འཇུག་ཚུལ་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལྟ་བུ་དང༌། ཤར་ལྷོའི་ལམ་གྱི་འདོད་ཚུལ་དང༌། རྒྱན་གསུམ་གཏན་ལ་ཕབ་ནས་སྟོན་པ་སྙན་ངག་གི་བསྟན་བཅོས་མེ་ལོང་ལྟ་བུ་དང༌། དེ་དག་སྐད་རིགས་དང་སྦྱར་ནས་སྟོན་པ་ཟློས་གར་གྱི་བསྟན་བཅོས་གླུ་ཀུན་ཏུ་དགའ་བ་དང༌། འཇིག་རྟེན་ཀུན་ཏུ་དགའ་བ་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི། བརྗོད་བྱ་གཏན་ལ་འབེབས་པར་བྱེད་པ་གཏན་ཚིགས་རིག་པའི་བསྟན་བཅོས་ཚད་མའི་མདོ་དང༌། དེའི་དགོངས་འགྲེལ་སྡེ་བདུན་ལྟ་བུ་སྟེ། དེའང་རྣམ་འགྲེལ། རྣམ་ངེས། རིགས་ཐིག་སྟེ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིག་པ། འབྲེལ་པ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིག་པ་སྟེ་ཡན་ལག་བཞི་རྣམས་སོ། །གཞན་རྗེས་སུ་འཛིན་པ་བཟོ་དང་གསོ་བའི་བསྟན་བཅོས་གཉིས་ལས། དང་པོ་ནི། གསེར་འགྱུར་དང་སྤོས་སྦྱོར་སྟོན་པ་ལྟ་བུ་ཕལ་པ་དང༌། སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད་སྟོན་པ་ལྟ་བུ་ཁྱད་པར་བའོ། །གཉིས་པ་ནི། སྨན་གྱི་གཞུང་ཡན་ལག་བརྒྱད་པ་ལྟ་བུ་སྟེ། དེའང་ཇི་སྐད་དུ། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ནི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་བརྗོད་བྱ་དོན་ཚན་བརྒྱད་དུ་བཏུས་ནས་སྟོན་པའོ། །གཉིས་པ་བཀའ་སོ་སོའི་དགོངས་འགྲེལ་ལ། ཀུན་ཤེས་པར་བྱེད་པ་ནང་དོན་རིག་པ་སྟེ། དེ་ལ་བཀའ་དང་པོའི་དགོངས་འགྲེལ་དང༌། བར་པའི་དགོངས་འགྲེལ་དང༌། ཐ་མའི་དགོངས་འགྲེལ་གསུམ། དང་པོའི་ལྟ་བའི་ཆ་གཙོ་བོར་སྟོན་པའི་བསྟན་བཅོས་ལ། མངོན་པ་སྡེ་བདུན་གྱི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་མཛོད་ཆེན་པོ་དང༌། དེའི་དོན་བསྡུས་པ་མངོན་པ་མཛོད་ལྟ་བུ་དང༌། སྤྱོད་པའི་ཆ་སྟོན་པ་ལུང་སྡེ་བཞི་ཆར་གྱི་དགོངས་པ་འགྲེལ་པའི་བསྟན་བཅོས་འདུལ་བ་མདོ་རྩ་ལ་སོགས་པ་ལྟ་བུའོ། །བཀའ་བར་པའི་དགོངས་པ་འགྲེལ་པ་ལ། ལྟ་བའི་ཆ་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་ལྔ་ལྟ་བུ་སྟེ། ལྔ་ནི་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག རྩོད་པ་བཟློག་པ་དང་ལྔའོ། །སྤྱོད་པའི་ཆ་གཙོ་བོར་སྟོན་པ་མདོ་ཀུན་ལས་བཏུས་པ་དང༌། བསླབ་པ་ཀུན་ལས་བཏུས་པ། ལྟ་སྤྱོད་ཟུང་འཇུག་ཏུ་སྟོན་པ་རིན་ཆེན་ཕྲེང་བ་དང༌། སྤྱོད་འཇུག་དང༌། སྒོ་རིམ་གསུམ་ལ་སོགས་པ་ལྟ་བུའོ། །མངོན་རྟོགས་ཀྱི་རིམ་པ་སྟོན་པ། སྦས་དོན་ཡུལ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་སྟེ་བརྒྱད་དུ་བསྡུས་ནས་སྟོན་པ་མངོན་པར་རྟོགས་པའི་རྒྱན་རྗེས་འབྲངས་དང་བཅས་པའོ། །བཀའ་ཐ་མའི་དགོངས་པ་འགྲེལ་པ་ལ། ལྟ་བའི་ཆ་སྟོན་པར་བྱེད་པ་ནི། བྱམས་པ་དང་འབྲེལ་པའི་ཆོས་སྡེ་ཉི་ཤུ་སྟེ། རྩ་བ་བྱམས་པས་མཛད་པ་ནི། རྒྱན་གཉིས། འབྱེད་གཉིས། རྒྱུད་བླ་མ་སྟེ་ལྔ་ལས་མངོན་རྟོགས་རྒྱན་མ་གཏོགས་པའི་ཕྱི་མ་བཞིའོ། །འགྲེལ་པ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་པ་གཉིས་ཏེ་བདུན་ནོ། །ས་སྡེ་ལྔ་ནི། སའི་དངོས་གཞི་དང༌། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་དང་ལྔའོ། །སྡོམ་གཉིས་ནི། ཐེག་ཆེན་ཐུན་མོང་མིན་པའི་སྡོམ་ཐེག་བསྡུས། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་གཉིས་སོ། །དབྱིག་གཉེན་གྱིས་མཛད་པའི་རབ་ཏུ་བྱེད་པ་སྡེ་བརྒྱད་དེ། བརྒྱད་ནི་ཉི་ཤུ་པའི་རབ་བྱེད། སུམ་ཅུ་པའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད། རྣམ་བཤད་རིགས་པ། ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔའོ། །གཞན་འགྲེལ་དུ་བརྩམས་པ་མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའི་འགྲེལ་པ། རྟེན་འབྲེལ་གྱི་མདོའི་འགྲེལ་པ་དང་གསུམ་མོ། །སྤྱོད་པའི་ཆ་སྟོན་པ་ནི། བྱང་སའི་ཚུལ་ཁྲིམས་ཀྱི་ལེའུ་དང༌།སྡོམ་པ་ཉི་ཤུ་པ་ལྟ་བུའོ། །གསུམ་པ་བརྗོད་བྱ་དོན་གྱི་སྒོ་ནས་ནི། ཇི་སྙེད་པ་སྟོན་པའི་བསྟན་བཅོས་དང༌། ཇི་ལྟ་བ་སྟོན་པའི་བསྟན་བཅོས་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་བསྟན་བཅོས་དང་གསུམ་དུ་འབྱེད་དོ། །དང་པོ་ལའང་ཕལ་པ་དང༌། ཁྱད་པར་ཅན་གཉིས་ལས། དང་པོ་ནི། ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ་དང༌། སྐྱེ་བོ་གསོ་ཐིག་དང༌། འདུལ་བ་ལུང་གཞི་ལས་འབྱུང་བའི་བརྟག་པ་བརྒྱད་དང༌། བརྟག་པ་བཅོ་བརྒྱད་ལ་སོགས་པ་ལྟ་བུ་སྟེ། དེ་དག་ཀྱང་མངོན་མཐོའི་རྒྱུ་ཡིན་ལ། ཐར་པའི་རྟེན་དུའང་འགྲོ་སྲིད་དེ།ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་སོ། །གཉིས་པ་ནི། རིག་པའི་གནས་ལྔའི་བསྟན་བཅོས་ལས། ནང་རིག་པའི་བསྟན་བཅོས་མ་གཏོགས་པའི་སྔ་མ་བཞི་ཡན་ལག་དང་བཅས་པ་ནི་གོང་དུ་སྨོས་པ་རྣམས་སོ། །གཉིས་པ་ནི།རིགས་ཚོགས་བརྒྱད་དང་རྒྱན་སྣང་བདེན་གསུམ་ཆོས་དབྱིངས་བསྟོད་པ་ལ་སོགས་པ་ཆོས་དབྱིངས་ཟབ་མོའི་དོན་བྱེ་བྲག་ཏུ་སྟོན་པ་རྣམས་སོ། །གསུམ་པ་ནི། རིན་ཆེན་ཕྲེང་བ་དང༌།གཤེས་སྤྲིང་དང༌། བཞི་བརྒྱ་པ་ལ་སོགས་པ་སྐྱེས་བུ་གསུམ་གྱི་ལམ་སྟོན་པ་རྣམས་སོ། །གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གཉིས། རྒྱུད་འགྲེལ་ཚུལ་གྱི་གདམས་ངག་བསྟན་པ། དེ་ལྟར་བཀྲལ་བའི་རྒྱུད་འགྲེལ་གྱི་བསྟན་བཅོས་སོ། །དང་པོ་ལ་སྤྱིར་རྒྱུད་སྡེ་རིན་པོ་ཆེ་འགྲེལ་པའམ། བཤད་པའི་ཚུལ་མང་དུ་ཡོད་ནའང་ཕལ་ཆེར་གདམས་ངག་དྲུག་དང༌། རྒྱུད་གསུམ་དང༌། བདག་ཉིད་ཅན་གསུམ་དང༌། གནས་པ་བཞི་དང༌། དག་པ་གསུམ་དང༌། གསང་བ་བདུན་ཏེ་དྲུག་པོ་དེར་འདུ་བར་དྲན་པའི་དབང་པོ་རྣམས་བཞེད་དོ། །དེའི་དང་པོ་ནི། འགྲེལ་པ་པོས་འགྲེལ་བར་སླ་བ་དང༌། དཔྱོད་ལྡན་རྣམས་ཀྱིས་རྟོགས་པར་སླ་བའི་ཕྱིར་གདམས་ངག་དྲུག་གི་སྒོ་ནས་བཤད་དེ། དྲུག་ནི་སྤྱིའི་དོན་དུ་བཤད་པ། སྦས་པའི་དོན་དུ་བཤད་པ། མཐར་ཐུག་པའི་དོན་དུ་བཤད་པ་སྟེ་གསུམ་དང༌། དེ་རྗོད་པར་བྱེད་པའི་སྒྲ་ནི་ཡན་ལག་གི་དོན་གྱིས་བཤད་པ། ཡི་གེའི་དོན་གྱིས་བཤད་པ།མན་ངག་གི་དོན་གྱིས་བཤད་པ་དང་གསུམ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པར། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རོ། །དང་པོ་སྤྱིའི་དོན་ལ་ཕ་རོལ་ཏུ་ཕྱིན་པ་དང་སྤྱིའི་དོན་དུ་བཤད་པ་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་སོགས་པ་དེ་དག་མཐུན་པར་བྱ་བ་དང༌། བསྐྱེད་པའི་རིམ་པ་སྤྱི་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་བསྒྲུབ་པ་ལ་དགོས་པའི་ཕྱིར་རོ། །སྦས་པ་ལ་རང་བྱིན་རླབས་ཀྱི་སྦས་པ་དང༌།དཀྱིལ་འཁོར་འཁོར་ལོའི་སྦས་པ་གཉིས་སོ། །མཐར་ཐུག་པ་ནི་སངས་རྒྱས་ཀྱི་ས་སྟེ། དེ་ལའང་གཉིས། སྤྱིའི་དོན་གྱི་མཐར་ཐུག་པ་ནི་ཐེག་པ་ཐུན་མོང་བ་ལ་གྲགས་པ་ས་བཅུ་གཅིག་དང༌། སྦས་དོན་གྱི་མཐར་ཐུག་པ་ནི་གསང་སྔགས་པ་ལ་གྲགས་པའི་ས་བཅུ་གཉིས་པ་དང་བཅུ་གསུམ་པའོ། །དེས་ན་བརྗོད་བྱའི་དོན་གསུམ་ལ་ཕྱེ་ན་དྲུག་ཏུ་འགྱུར་རོ། །དེ་རེ་རེ་ལའང་རྗོད་པར་བྱེད་པའི་སྒྲ་ནི་གསུམ་སྟེ་ཡན་ལག་གི་དོན་གྱིས་བཤད་པ། ཡི་གེའི་དོན་གྱིས་བཤད་པ། མན་ངག་གི་དོན་གྱིས་བཤད་པ་སྟེ་ཚུལ་དེ་དག་གིས་རྒྱུད་དོན་བཤད་པས་མཐའ་དྲུག་ཏུ་འགྱུར་བ་ཡིན་ཏེ། རྗེ་བཙུན་ངོར་ཆེན་ཐམས་ཅད་མཁྱེན་པས། སྤྱི་སྦས་མཐར་ཐུག་རིམ་བཞིན་ཡན་ལག་གི །དོན་གྱིས་བཤད་པ་ཇི་བཞིན་སྒྲ་དང་ནི། །ངེས་པའི་དོན་དང་དགོངས་མིན་བཤད་པ་སྟེ། །དེ་གསུམ་ཡི་གེ་མན་ངག་གིས་བཤད་ན། །རིམ་བཞིན་ཇི་བཞིན་སྒྲ་མིན་དྲང་དོན་དང༌། །དགོངས་པའི་བཤད་བྱ་ཞེས་བྱ་མཐའ་དྲུག་དང༌། །ཞེས་པ་ལྟར་ཏེ། དེའང་བརྗོད་བྱ་སྤྱིའི་དོན་གཉིས་སུ་ཡན་ལག་གི་དོན་གྱི་ཚིག་ཇི་ལྟར་བྱུང་བ་ལྟར་བཤད་པ་ནི་སྒྲ་ཇི་བཞིན་པའི་བཤད་པ་ཞེས་བྱའོ། །བརྗོད་བྱ་སྤྱིའི་དོན་གཉིས་སུ་ཡི་གེ་དང་མན་ངག་གི་དོན་གྱིས་བཤད་པ་ནི་ཇི་བཞིན་མ་ཡིན་པའི་བཤད་པ་ཞེས་བྱའོ། །བརྗོད་བྱ་སྦས་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པ་ནི་ངེས་པའི་དོན་གྱི་བཤད་པ་ཞེས་བྱའོ། །བརྗོད་བྱ་སྦས་དོན་དུ་ཡི་གེ་དང་མན་ངག་གི་དོན་གྱིས་བཤད་པ་ནི་དྲང་བའི་དོན་གྱི་བཤད་པ་ཞེས་བྱའོ། །བརྗོད་བྱ་མཐར་ཐུག་ཏུ་ཡན་ལག་གི་དོན་གྱིས་བཤད་པ་ནི་དགོངས་མིན་གྱི་བཤད་པ་ཞེས་བྱའོ། །མཐར་ཐུག་ཏུ་ཡི་གེ་དང་མན་ངག་གི་དོན་གྱིས་བཤད་པ་ནི་དགོངས་པ་ཅན་གྱི་བཤད་པ་ཞེས་བྱ་སྟེ། འདི་དག་ནི་འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ་ཡབ་སྲས་ཀྱི་བཞེད་པ་གཞན་དང་ཐུན་མོང་མ་ཡིན་པའི་གདམས་ངག་ཡིན་ནོ། །གཉིས་པ་ནི། སེམས་ཀྱི་རྒྱུད་རྒྱུན་ཆགས་པ་གང་ཞིག་གཏན་ལ་དབབ་པ་ལ་དགོངས་ནས་གཞི་དང་ལམ་དང་འབྲས་བུའི་རྒྱུད་གསུམ་གྱི་སྒོ་ནས་བཤད་དེ། གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ལུས་དང་ངག་དང་སེམས་དང་རླུང་སྟེ་རྒྱུ་བཞི་ཡོད་པ་དང༌། །དབང་བཞི་དང་ལམ་བཞི་དང་འབྲས་བུ་བཞི་དང་སྐུ་བཞི་ཡོད་པས་རིམ་པ་ལྟར་དབྱིབས་ཀྱི་བདག་ཉིད། སྔགས་ཀྱི་བདག་ཉིད། དབང་ཆོས་ཀྱི་བདག་ཉིད། མཐར་ཐུག་ཆོས་ཀྱི་བདག་ཉིད་དེ་བཞིར་གནས་པ་ལ་དབང་ཆོས་དང་མཐར་ཐུག་ཆོས་གཉིས་གཅིག་ཏུ་བྱས་པའི་བདག་ཉིད་ཅན་གསུམ་གྱི་སྒོ་ནས་བཤད་དེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང༌། །རྒྱུད་ཀྱི་དོན་ལ་འཇུག་པར་བྱ། །ཞེས་གསུངས་སོ། །བཞི་པ་ནི། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་གོང་བུར་གནས་པ། ཆོས་ཀྱི་སྐུ་ཆུར་གནས་པ། སྤྲུལ་པའི་སྐུ་གཟུགས་སུ་གནས་པ། ངོ་བོ་ཉིད་ཀྱི་སྐུ་གཟུགས་ལས་འདས་པར་གནས་པ་ལྟར་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཆོས་རྣམས་ཀྱང་གནས་པ་བཞི་བཞི་ཡིན་པའི་ཕྱིར་དེ་དག་གི་སྒོ་ནས་བཤད་པ་སྟེ། དཔལ་ནམ་མཁའ་དང་མཉམ་པ་ལས། གོང་བུ་ཆུ་དང་གཟུགས་སུ་གནས། །དེ་བཞིན་གཟུགས་ལས་འདས་པ་སྟེ། །གནས་པ་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པར་ཁོ་ན་ཡིན། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ནི། རྒྱུའི་རྒྱུད་ངོ་བོ་ཉིད་ཀྱི་དག་པ་གསུམ། ཐབས་ཀྱི་རྒྱུད་སྦྱོང་བྱེད་ཀྱི་དག་པ་གསུམ། འབྲས་བུའི་རྒྱུད་དྲི་བྲལ་གྱི་དག་པ་གསུམ་སྟེ་རྒྱུད་གསུམ་སོ་སོའི་ཐད་སོར་དག་པ་གསུམ་ལྡན་གྱི་སྒོ་ནས་བཤད་པ་སྟེ། དགྱེས་པའི་རྡོ་རྗེ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་པ་ལྟར་རོ། །དྲུག་པ་ནི། སྣོད་མིན་ལ་གབ་ཅིང་སྦ་བའི་དོན་དུ་གསང་བ་བདུན་གྱི་སྒོ་ནས་བཤད་པ་སྟེ། དཔལ་ཁ་སྦྱོར་ལས། གསང་བ་ནི་མི་གསལ་བའོ། །གསང་བ་ནི་དེ་ཁོ་ན་ཉིད་མདོར་བསྟན་པའོ། །གསང་བ་ནི་ས་བོན་ལྔའོ། །གསང་བ་ནི་དམ་པའི་དངོས་པོ་སྦས་པའོ། །གསང་བ་ནི་གསང་བའི་ཆུ་སྐྱེས་སོ། །གསང་བ་ནི་ལྟེ་བའི་དགའ་བའོ། །གསང་བ་ནི་ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །གསང་བ་ནི་བདེ་བ་མཐའ་ཡས་པ་སྟེ་རྒྱུད་ཀྱི་གཞུང་གི་བཤད་པའོ་ཞེས་གསང་བའི་སྒྲ་ནི་བདུན་པ་སྟེ། བརྒྱད་པ་ནི་བརྗོད་དུ་མེད་པའི་མཚན་ཉིད་དོ་ཞེས་གསུངས་པས་མཐའི་གསང་བ་གཉིས་རྟོགས་བྱ་དང་རྟོགས་པའི་གནས་ལུགས་ཀྱི་ངོ་བོར་དབྱེར་མེད་པའི་ཕྱིར་བདུན་དུ་ངེས་པ་ཉིད་དོ། །གཞན་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གླེང་བསླང་བ་ལྔ། རིགས་པ་བཞི། མཐའ་དྲུག ཚུལ་བཞི། བཤད་པ་གཉིས། སློབ་མ་བརྟག་པ། བདེན་པ་གཉིས་ཏེ་རྒྱན་བདུན་ཞེས་བྱ་བའི་བཤད་པའི་ཚུལ་དེ་རྣམས་ཀྱང་འདི་དག་གི་ནང་དུ་མ་འདུས་པ་མེད་པར་གསུངས་ཏེ། དེ་དག་གིས་ནི་འབྲས་བུ་སྔགས་ཀྱི་ཐེག་པ་འགྲེལ་ཚུལ་སྤྱིའི་རྣམ་པར་གཞག་པ་མདོ་ཙམ་བསྟན་ནས། བྱེ་བྲག་ཏུ་ནི་རྒྱུད་སྡེ་རིན་པོ་ཆེ་སོ་སོའི་རྗེས་སུ་འབྲངས་པའི་རྣམ་པར་འགྲེལ་བའི་ཚུལ་མི་འདྲ་བ་ཅི་རིགས་པར་འབྱུང་བ་རྣམས་ནི་རྒྱུད་འགྲེལ་སོ་སོའི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་བཀྲལ་བའི་རྒྱུད་འགྲེལ་གྱི་བསྟན་བཅོས་དངོས་ལ་གཉིས་ཏེ། རྒྱུད་སྡེ་སོ་སོར་འགྲེལ་བའི་བསྟན་བཅོས་དང༌། རྒྱུད་སྡེ་སྤྱིར་འགྲེལ་བའི་བསྟན་བཅོས་སོ། །དང་པོ་ལ་བཞི་ལས། དང་པོ་བྱ་རྒྱུད་ཕྱོགས་ཀྱི་རྒྱུད་འགྲེལ་གྱི་བསྟན་བཅོས་ནི། བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ་སངས་རྒྱས་གསང་བས་མཛད་པ། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་ཚིག་དོན་བཤད་པ་ལ་སོགས་པ་མང་དུ་བཞུགས་པ་རྣམས་སོ། །གཉིས་པ་སྤྱོད་རྒྱུད་ཕྱོགས་ཀྱི་རྒྱུད་འགྲེལ་བསྟན་བཅོས་ནི། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་འགྲེལ་བཤད་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལ་སོགས་པ་རྣམས་སོ། །གསུམ་པ་རྣལ་འབྱོར་རྒྱུད་ཕྱོགས་ཀྱི་རྒྱུད་འགྲེལ་བསྟན་བཅོས་ནི། རྩ་བའི་རྒྱུད་དེ་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དང༌། དེ་ཁོ་ན་ཉིད་སྣང་བར་བྱེད་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ལ་སོགས་པ་རྣམས་སོ། །བཞི་པ་རྣལ་འབྱོར་བླ་མེད་རྒྱུད་ཕྱོགས་ཀྱི་རྒྱུད་འགྲེལ་བསྟན་བཅོས་ནི། གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བྱང་ཆུབ་སེམས་དཔའི་རྡོ་རྗེ་སྙིང་པོས་མཛད་པ་དང༌། དཀའ་འགྲེལ་པདྨ་ཅན་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་དང༌། ཀཽ་མཱུ་དཱི་སྦྱངས་དཀའ་ཟླ་བས་མཛད་པ་ལ་སོགས་པ་རྣམས་དང༌། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་དཀའ་འགྲེལ་ཨིནྟྲ་བྷཱུ་ཏིས་མཛད་པ་དང༌། ཁ་སྦྱོར་རྒྱུད་ཀྱི་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལ་སོགས་པ་རྣམས་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པ་ལ་སོགས་པ་རྣམས་སོ། །ཤེས་རབ་ཀྱི་རྒྱུད་དམ་རྣལ་འབྱོར་གསང་མཐའི་རྒྱུད་ཕྱོགས་ཀྱི་རྒྱུད་འགྲེལ་ལ་མངོན་བརྗོད་འབུམ་པ་ལས་འབྱུང་བ་ཉུང་ངུའི་རྒྱུད་ཀྱི་དོན་རྣམ་པར་བཤད་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་འགྲེལ་པ་གྲུ་གཟིངས་སློབ་དཔོན་པདྨ་རྡོ་རྗེས་མཛད་པ་ལ་སོགས་པ་རྣམས་སོ། །རྣལ་འབྱོར་ཆེན་པོ་ཐབས་རྒྱུད་ཕྱོགས་ཀྱི་རྒྱུད་འགྲེལ་ལ་གསང་བ་འདུས་པ་འཕགས་པའི་ལུགས་ལ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་དང༌། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་སོགས་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་པའི་ལུགས་ལ། རྒྱུད་འགྲེལ་སློབ་མ་ལ་ཕན་པ་ཞེས་བྱ་བ་ལ་རབ་ཏུ་ཞི་བའི་ཡེ་ཤེས་དང་བི་ཤྭ་ན་མི་ཏྲས་མཛད་པ་ལ་སོགས་པ་རྣམས་སོ། །གཉིས་པ་ནི། རྒྱུད་སྡེ་གོང་འོག་དེ་དག་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལྷག་པའི་ལྷ་མང་དུ་བསྟན་པ་རྣམས་ཀྱི་སྒྲུབ་པའི་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་དང༌། སྨིན་བྱེད་དབང་དང༌། གྲོལ་བྱེད་ལམ་གྱི་རིམ་པ་ཡན་ལག་ཏུ་བཅས་པ་ཟབ་ཅིང་རྒྱ་ཆེ་བའི་ཚོགས་དཔག་ཏུ་མ་མཆིས་པ་བཞུགས་པ་རྣམས་སོ། །འདིར་སྨྲས་པ། ཉི་མའི་རྒྱུད་འཁྲུངས་རྒྱལ་བའི་འཛུམ་སྒྲོས་དང༌། །གསང་གསུམ་བྱིན་རླབས་རྗེས་སུ་གནང་ལས་སྐྱེས། །ལེགས་གསུངས་མཇལ་བའི་རབ་དགའ་རྒྱས་པའི་གཟུགས། །ཤོང་བ་སྟོང་གསུམ་སྣོད་འདི་ཨེ་མ་ཡངས། །སྦྲང་རྩིའི་རྒྱལ་མཚན་འཛུམ་བརྒྱ་མི་བསྩུ་ཞིང༌། །ལྷས་རྩེན་གོ་ལའི་ཁྱིམ་དུ་མི་རྒྱུ་བར། །མདོ་སྔགས་རྒྱལ་བསྟན་ཉིན་མོར་བྱེད་པ་ཡིས། །ཡིད་སྲུབས་གནས་སུ་བརྣག་དཀའི་མུན་པས་གཏིབས། །དེ་མཐུས་ཆོས་མིན་སྨྲ་བའི་སྔོ་བསངས་མ། །ཕ་མཐར་བགྱིད་པ་ཁོ་ནས་རྟ་བདུན་པའི། །རྗེས་སུ་འགྲོ་མིན་མངོན་མཐོ་ངེས་ལེགས་ཀྱི། །ལམ་ཀུན་མ་བསྒྲིབས་སྟོན་པ་འདིས་ཀྱང་ངོ༌། །ལྟ་བྱེད་དབང་པོ་ཡ་བྲལ་སྐྱེས་བུ་ཡིས། །དཔྱད་བྱའི་གཟུགས་དོན་ཕྲ་ཞིབ་དཔྱོད་ནུས་མིན། །དེ་བཞིན་དགོངས་འགྲེལ་མེད་པའི་བཀའ་གཅིག་པུས། །ཐུབ་པའི་དགོངས་དོན་ཇི་བཞིན་རྟོགས་པ་ཉུང༌། །ལེགས་པར་ཕྱེའོ་ཨ་ཤོ་ཀའི་འདབ་མ། །གོང་བུར་ཡུར་བ་མཚར་སྡུག་རྐང་པའི་རྩེས། །མཐའ་དྲུག་ཚུལ་བཞིའི་ལྐོག་གྱུར་རྒྱལ་བའི་བཀའ། །དགོངས་འགྲེལ་མཁས་པའི་བསྟན་བཅོས་ཕྲེང་བས་སོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། འཇུག་ཡུལ་ཤེས་པའི་ཆེད་དུ་བསྟན་པའི་རྣམ་པར་གཞག་པའི་སརྒ་སྟེ་དང་པོའོ།། །།སྤྱི་དོན་གཉིས་པ་འཇུག་སྒོ་ཤེས་པའི་ཆེད་དུ་ཐོས་བསམ་ལ་རིམ་གྱིས་སློབ་པའི་ཚུལ་ལ་གསུམ་སྟེ། ཐོས་བསམ་གྱི་དགོས་པ་བསྟན་པ། བརྒྱུད་ལྡན་གྱི་སློབ་དཔོན་བསྟེན་ཚུལ། ཐོས་བསམ་ལ་རིམ་པར་སློབ་ཚུལ་ལོ། །དང་པོ་ནི། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་བཤེས་པའི་སྤྲིང་ཡིག་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གནས་སྐབས་ཚེ་འདི་དང་ཕྱི་མའི་བདེ་དོན་ཙམ་བསྒྲུབ་པའི་ཞར་བྱུང་གི་ཚུལ་གྱིས་མ་ཡིན་པར་འཇིག་རྟེན་འདིའི་བདེ་འབྱོར་སྙིང་པོ་མེད་པ་ཐམས་ཅད་བློས་བོར་ནས། བསྒྲུབ་པར་བྱ་བའི་སྙིང་པོའམ་གཙོ་བོ་ནི་གཞན་དོན་དུ་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་བྱ་དགོས་ཏེ། དེ་སྒྲུབ་པའི་ཐབས་ནི་བསླབ་པ་གསུམ་གྱི་ལམ་ལ་མ་བརྟེན་པར་མི་འགྲུབ་པའི་ཕྱིར་རོ། །དེ་ལའང་ཐོག་མར་ཐོས་བསམ་བསྒོམ་གསུམ་གཅིག་ལ་གཅིག་ལྟོས་ཀྱི་ཚུལ་དུ་གོ་རིམ་མ་ལོག་པར་ཉམས་སུ་བསྟར་དགོས་ཏེ། མགོན་པོ་བྱམས་པས། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ན་སོ་སོར་རང་གིར་མེད་ན་ཇི་ལྟར་ངེས། །ཞེས་དང་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཤེས་རབ་རྒྱས་པར་བྱེད་པ་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་ནི་ཡོད་གྱུར་ན། །དེ་ལས་བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེས་ནི་དངོས་གྲུབ་བླ་ན་མེད་པར་འགྱུར། །ཞེས་སོ། །དེའང་ཡང་དག་པའི་ཡེ་ཤེས་བསྒོམ་བྱུང་གི་ཡོན་ཏན་རྣམས་རྒྱུད་ལ་བསྐྱེད་པ་ལ། ཐོས་པའི་དོན་ལ་རྣམ་པར་དཔྱོད་པའི་བསམ་བྱུང་གི་ཤེས་རབ་སྔོན་དུ་འགྲོ་དགོས་སོ། །དེའི་སྔོན་དུའང་སྔོན་ཆད་ཐོས་པར་མ་གྱུར་པའི་ཕྱི་དང་ནང་གི་ཤེས་བྱའི་གཞུང་ལུགས་གོང་དུ་སྨོས་པ་མཐའ་དག་གམ། བྱེ་བྲག་ཏུ་གང་ལ་གང་དགོས་པའི་ཆོས་རྣམས་ལེགས་པར་ཐོས་དགོས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང༌། སྐྱེས་རབས་ལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ནི་ཉོ་བར་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། རྒྱལ་སྲས་རྣམས་ལ་མི་སློབ་པའི། །དངོས་དེ་འགའ་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་གསུངས་པས་སོ། །ལྷག་པར་རྒྱལ་བའི་གདུང་འཚོབ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གནས་སྐབས་འཁོར་བའི་སྡུག་བསྔལ་གྱིས་ཉེན་པ་རྣམས་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་པ་སྟོན་པའི་སྒོ་ནས་སྨིན་པར་བྱ་བའི་ཕྱིར་དང༌། མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པ་རྣམ་པ་ཐམས་ཅད་མཁྱེན་པའི་གནས་བསྒྲུབ་པའི་ཕྱིར། ཤེས་བྱའི་ཡུལ་མཐའ་དག་ལ་མི་བསླབ་པ་འགའ་ཡང་མེད་དེ། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་པའི་མཆོག་སྟེ་ཐམས་ཅད་མཁྱེན་ཉིད་ག་ལ་ཐོབ། །དེ་ལྟར་གཞན་དག་ཚར་གཅད་པ་དང་རྗེས་གཟུང་ཕྱིར། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང༌། འཇམ་མགོན་ས་སྐྱ་པཎྜི་ཏས་ཀྱང༌། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང༌། །དེ་ལྟར་དགོངས་ནས་རྒྱལ་དང་དེ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །ཞེས་སོ། །དེས་ན་རྒྱལ་བའི་མྱུ་གུ་བློ་དང་ལྡན་པ་རྣམས་ནི་ཤེས་བྱ་རིག་པའི་གནས་ཡན་ལག་དང་བཅས་པ་མཐའ་དག་ལ་ཐོས་བསམ་གྱི་བསླབ་སྦྱང་བྱ་དགོས་པར་གསུངས་སོ། །ཁ་ཅིག་ན་རེ་དེ་ནི་རྒྱལ་བའི་སྲས་བློ་མཆོག་དང་ལྡན་པ་རྣམས་ཀྱི་ངོར་གསུངས་ཀྱི་དེང་དུས་རང་ཅག་ལྟ་བུའི་བློ་གྲོས་རྟུལ་ཞིང་བརྩོན་འགྲུས་ཤིན་ཏུ་དམན་པའི་མཐར་ཐུག་པ་དག་ལ་ནི་མ་ཡིན་ཏེ། རང་ཉིད་ཀྱིས་ཉམས་སུ་ལེན་པ་དང་གཞན་ལ་འཆད་པ་ལ་སོགས་པ་བསྒྲུབ་པའི་ནུས་པ་ཕྲ་བའི་ཕྱིར་ཞེ་ན། རང་ཉིད་ཀྱིས་ཉམས་སུ་ལེན་པ་དང་གཞན་ལ་ཕན་གདགས་པར་འདོད་པའི་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པ་ལ་ནི་བསླབ་སྦྱང་མི་འོས་པ་འགའ་ཡང་མེད་ཅིང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་དགོས་པ་ཤིན་ཏུ་ཆེ་མོད། དེ་སྐད་སྨྲ་བ་པོ་དེས་རང་མཚང་གཞན་ལ་ངོམ་པར་ཟད་དོ། །ཅིའི་ཕྱིར་སྙམ་ན། དེས་ནི་དགེ་སྦྱོར་སྣ་རེ་བསྒྲུབས་ཀྱང་ཐམས་ཅད་མཁྱེན་པའི་ལམ་དུ་འགྱུར་བ་ལྟ་ཞོག ཕན་པ་ཤིན་ཏུ་ཆུང་བའི་གྱི་ན་ཉིད་དུ་མངོན་ཏེ། ངེས་འབྱུང་གི་བསམ་པས་གཏན་ནས་མ་ཟིན་པའི་ཕྱིར་རོ། །དེར་གནོད་བྱེད་གཞན་ཡང་བླུན་པོ་དང་ཟོག་པོ་ཕལ་ཆེར་བསླབ་སྦྱོང་དགོས་པ་ལ་ངོ་ཚ་བར་བྱེད་ཅིང༌། མཁས་པ་རྣམས་ནི་བསླབ་སྦྱངས་མ་བྱས་པ་ལ་ངོ་ཚ་བར་འཛིན་པས་ཀྱང་ནང་རྟགས་ཕྱི་རོལ་དུ་ངོམ་པ་མངོན་ཏེ། འཇམ་དབྱངས་ས་སྐྱ་པཎྜི་ཏས། བླུན་པོ་སློབ་པར་ངོ་ཚ་འཛིན། །མཁས་རྣམས་མ་བསླབས་ངོ་ཚར་འཛིན། །དེས་ན་མཁས་རྣམས་རྒས་གྱུར་ཀྱང༌། །ཕྱི་མའི་དོན་དུ་རིག་པ་བསླབ། །ཅེས་དང༌། སྐྱེ་བ་སྔ་མར་མ་བསླབས་པ། །ཚེ་འདིར་བླུན་པར་མཐོང་ནས་ནི། །ཕྱི་མར་བླུན་པོར་སྐྱེས་དོགས་ནས། །ཚེ་འདིར་དཀའ་ཡང་འབད་དེ་མཉན། །སྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་ངུར་སྨྲ། །ཐོས་པ་མེད་པའི་བསྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ལེགས་པར་བཤད་པ་ནི་བྱིས་པའི་ངག་ལ་འདུག་ཀྱང་གུས་པས་མཉན་པ་དགོས་ཆེད་ཁྱད་པར་ཅན་དུ་ཤེས་པར་བྱའོ། །གཉིས་པ་བརྒྱུད་ལྡན་གྱི་སློབ་དཔོན་བསྟེན་ཚུལ་ལ་གསུམ། སློབ་དཔོན་བསྟེན་པའི་དགོས་པ། བསྟན་བྱའི་སློབ་དཔོན། དེ་བསྟེན་པའི་ཚུལ་ལོ། །དང་པོ་ལ་གཉིས། བྱིས་པ་བློ་ལྡན་དུ་གཞུག་པའི་སློབ་དཔོན་དང༌། བློ་ལྡན་བསྟན་པ་ལ་གཞུག་པའི་སློབ་དཔོན་ནོ། །དང་པོ་ནི། བྱིས་པ་ལས་དང་པོ་པ་བློ་དང་ལྡན་པའི་གོ་སར་བཀྲི་བར་བྱེད་པའི་ཐབས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཡི་གེའི་ཀློག་ལ་ཤིན་ཏུ་བྱང་ཆུབ་པར་བྱེད་དགོས་ནའང༌། དེ་ནི་སློབ་དཔོན་གྱི་ངག་ལ་མ་ལྟོས་པར་རང་སྟོབས་ཀྱིས་མཁས་པར་མི་འགྱུར་ཏེ། འཇམ་དབྱངས་ས་སྐྱ་པཎྜི་ཏས། བྱིས་པ་འཇུག་སྒོའི་འགྲེལ་པར། བྱིས་པ་བློ་གསལ་བ་དག་གིས་སློབ་དཔོན་གྱི་ཐད་དུ་ཕྱིན་ལ་མེ་ཏོག་ཕུལ་ཏེ་ཚིག་འདི་སྐད་ཀྱིས་གསོལ་བ་གདབ་བོ། །མཁན་པོ་གསོན་ཅིག ཡོན་ཏན་ཀུན་གྱི་གཞིར་གྱུར་ཅིང༌། །གསལ་ཞིང་རྫོགས་པར་རབ་ཕྱེ་ལ། །ཚུལ་བཞིན་བརྗོད་ན་དོན་འགྱུར་བའི། །ཀློག་གི་ཆོ་ག་བདག་ཞུའོ། །ཞེས་བརྗོད། དེས་ཀྱང་འདི་སྐད་དུ། བུ་གང་ཞིག་ཤེས་ན་དོན་འགྱུར་ཞིང༌། །མཁས་པར་གྱུར་ན་ངོ་མཚར་ཆེ། །ང་ཡིས་ཇི་ལྟར་བསྟན་པ་བཞིན། །བསྒྲུབ་པར་འདོད་ན་རྗེས་སུ་གཟུང༌། །ཞེས་གསལ་ཞིང་ཟུར་ཕྱིན་པར་ཚིག་སྨྲའོ། །དེས་ཀྱང་དེ་བཞིན་བགྱིའོ་ཞེས་བརྗོད་དོ། །མཁན་པོས་ཀྱང་དེ་ལྟར་ལེགས་སོ་ཞེས་སྨྲས་ནས་རྗེས་སུ་གཟུང་བའི་ཚུལ་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་དགོས་པའང་རྗེ་བཙུན་བསོད་ནམས་རྩེ་མོས། གང་གིས་ཡི་གེའི་བྱེ་བྲག་དང༌། །དབྱེ་བསྡུ་འབྱུང་གནས་མི་ཤེས་པར། །སྒྲ་ཀློག་བརྗོད་པར་མཁས་མ་ཡིན། །དོན་ཡང་རྣམ་པར་འཁྲུལ་པར་འགྱུར། །ཞེས་ཡི་གེའི་བྱེ་བྲག་དང༌། དབྱེ་བསྡུ་དང༌།སྒྲའི་འབྱིན་ཐབས་རྣམས་མ་འཁྲུལ་ཞིང་ཟུར་ཕྱིན་པ་ལེགས་པར་ཤེས་དགོས་སོ་ཞེས་གསུངས་མོད་ཀྱི། དེ་དག་སློབ་དཔོན་མཁས་པ་ཞིག་མེད་པར་རང་དགར་ཞུགས་པས་ཤེས་པར་མི་འགྱུར་ཞིང་ངལ་བ་སྙིང་པོས་དབེན་པའི་ཕྱིར་རོ། །དེས་ན་དེ་ལ་མཁས་པར་བྱ་བ་ལ་བདུན་ཏེ། ངོ་བོ་གཟུང་དང་བྱེད་ལས་དང༌། །ངེས་ཚིག་དབྱེ་བསྡུ་རྒྱུ་ཀློག་ཚུལ། །ཞེས་པ་ལྟར་ལས།དང་པོ་ནི། ཡི་གེའི་ངོ་བོ་སྐད་ཀྱི་གདངས་འབའ་ཞིག་སྟེ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་སོ། །གཉིས་པ་ཡི་གེའི་གཟུགས་ནི། དེའི་རྣམ་པར་དབྱེ་བ་མདོ་རྒྱ་ཆེར་རོལ་པ་ལས། ཚངས་པའི་ཡི་གེ ཁ་རོཥྚཱའི་ཡི་གེ པདྨའི་སྙིང་པོའི་ཡི་གེ ཨངྒའི་ཡི་གེ བངྒའི་ཡི་གེ མ་ག་དྷའི་ཡི་གེ བཀྲ་ཤིས་པའི་ཡི་གེ སོར་གདུབ་ཀྱི་ཡི་གེ ས་ཀཱ་ནཱིའི་ཡི་གེ སཱ་དྷ་ནཱིའི་ཡི་གེ ཨཱ་ཧུའི་ཡི་གེ རྩུབ་མོའི་ཡི་གེ འགྲོ་ལྡིང་བའི་ཡི་གེ མོན་ཡུལ་གྱི་ཡི་གེ ལྷོ་ཕྱོགས་པའི་ཡི་གེ དྲག་པོའི་ཡི་གེ གྲངས་ཀྱི་ཡི་གེ སྤྱིའུ་ཚུགས་ཀྱི་ཡི་གེརྗེས་སུ་མཐུན་པའི་ཡི་གེ དྷ་ར་དའི་ཡི་གེ ཁྱཱ་སྱའི་ཡི་གེ རྒྱ་ནག་གི་ཡི་གེ ཧཱུ་ནའི་ཡི་གེ དབུས་ཀྱི་ཡི་གེ རྒྱལ་གྱི་ཡི་གེ ལྷའི་ཡི་གེ ཀླུའི་ཡི་གེ གནོད་སྦྱིན་གྱི་ཡི་གེ དྲི་ཟའི་ཡི་གེ མིའམ་ཅིའི་ཡི་གེ ལྟོ་འཕྱེ་ཆེན་པོའི་ཡི་གེ ལྷ་མ་ཡིན་གྱི་ཡི་གེ ནམ་མཁའ་ལྡིང་གི་ཡི་གེ རི་དྭགས་འཁོར་ལོའི་ཡི་གེ བྱ་རོག་སྐད་ཀྱི་ཡི་གེ ས་ལྷའི་ཡི་གེ བར་སྣང་གི་ལྷའི་ཡི་གེ ནུབ་བ་ལང་སྤྱོད་ཀྱི་ཡི་གེ བྱང་སྒྲ་མི་སྙན་གྱི་ཡི་གེ ཤར་ལུས་འཕགས་པོའི་ཡི་གེ འདེགས་པའི་ཡི་གེ གཞག་པའི་ཡི་གེ རབ་ཏུ་གཞག་པའི་ཡི་གེ རྒྱ་མཚོའི་ཡི་གེ རྡོ་རྗེའི་ཡི་གེ འཕྲིན་ཡིག་རབ་ཏུ་སྤྲིང་བའི་ཡི་གེ རྣམ་པར་གཞག་པའི་ཡི་གེ ཆུང་ངུ་མ་ཡིན་པའི་ཡི་གེ བསྟན་བཅོས་བསྐོར་བའི་ཡི་གེ རྩིས་བསྐོར་བའི་ཡི་གེ འདེགས་པ་བསྐོར་བའི་ཡི་གེ རྐང་པས་བྲིས་པའི་ཡི་གེ ཚིག་ཕྱི་མ་གཉིས་གྲུབ་པའི་ཡི་གེ ཇི་སྲིད་ཚིག་ཕྱི་མ་བཅུ་གྲུབ་པའི་ཡི་གེ བར་མ་སྒྲུབ་པའི་ཡི་གེ སྒྲ་ཐམས་ཅད་ཀུན་དུ་སྡུད་པའི་ཡི་གེ རིག་པ་དང་རྗེས་སུ་མཐུན་པའི་ཡི་གེ རྣམ་པར་བསྲེས་པའི་ཡི་གེ དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པའི་ཡི་གེ གསལ་བའི་ཡི་གེ ས་རབ་ཏུ་ལྟ་བའི་ཡི་གེ སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ སྙིང་པོ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་སྟེ་ཡི་གེ་དྲུག་ཅུ་རྩ་བཞིར་གསུངས་པ་དེ་དག་ཚང་བ་བོད་དུ་མ་བྱུང་ཡང་ད་ལྟར་དར་སྲོལ་ཡོད་པ་ཚངས་པའི་ཡི་གེ་ལཱཉྩ་ན་དང༌། དེ་དང་ཆ་མཐུན་པ་དྷ་རི་ཀའི་ཡི་གེ དེའི་མགོ་གྱེན་དུ་བཟེད་པ་ན་ག་རའི་ཡི་གེ་མི་འདྲ་བ་རྣམས་དང༌། དེའི་མགོ་ཐུར་དུ་བཀུག་པ་ཀླུའི་ཡི་གེ་ཝརྟུ་ལ་དང༌། འདྲ་མིན་ཤེས་ཆེ་བ་ཀསྨི་རའི་ཡིག་རིགས་མི་འདྲ་བ་གསུམ་ཙམ་དང༌། གཞན་ཡང་གཽ་ཌའི་ཡི་གེ་དང༌། གྷ་ཧུ་རའི་ཡི་གེ་དང༌། སིནྡྷཱུའི་ཡི་གེ་དང༌། གོ་ལའི་ཡི་གེ་དང༌། མ་ག་དྷའི་ཡི་གེ་དང༌། ཀ་མ་ཏ་དང༌། པུཀྐཾ་དང༌། རྒྱ་མཚོ་མཐའི་ཡི་གེ་དང༌། སིནྡྷ་ཀ་ར་སྲིན་པོའི་ཡི་གེ་རྣམས་འདྲི་ཀློག་གི་སྲོལ་མཆིས་པ་སྟེ། དེ་རྣམས་ལ་དབྱངས་ཡིག་བཅུ་དྲུག གསལ་བྱེད་ལ་ཀ་ལ་སོགས་པའི་སྡེ་པ་ལྔ། མཐར་གནས་བཞི་དང་དྲོ་བ་བཞི་དང་ཀྵ་ཡིག་སྟེ་སུམ་ཅུ་རྩ་བཞིའོ། །གཞན་ཡང་རྒྱ་དང་ཧོར་གྱི་ཡི་གེ་དང༌། བོད་ཀྱི་ཡི་གེ་ལ་སློབ་དཔོན་ཐུ་མི་སམྦྷོ་ཊས་མཛད་པའི་གཞུང་སུམ་ཅུ་པ་ལས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་དང༌། ས་པཎ་གྱིས་ཡི་གེའི་སྦྱོར་བ་ལས་ཀྱང་དེ་དང་མཐུན་པར་གསུངས་པས་དབྱངས་ཡིག་ལ་ཨི་ཨུ་ཨེ་ཨོ་བཞི་དང༌། གསལ་བྱེད་ལ་ཀ་ལ་སོགས་པ་སུམ་ཅུར་བཞེད་ལ།སློབ་དཔོན་བསོད་ནམས་རྩེ་མོས་ཀ་ནས་ཧའི་བར་གྱི་ཉེར་དགུ་ནི་ཕའི་ཡི་གེ་དང༌། ཨ་ཡིག་ནི་མའི་ཡི་གེ་སྟེ་ཕ་མ་སུམ་ཅུ་ཞེས་བཞེད་དོ། །གསུམ་པ་བྱེད་པ་ནི། ཐུ་མི་སམྦྷོ་ཊས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་ཀུན་གྱི་གཞིའང་ཡི་གེ་ལ་རག་ལས་པ་དང༌། ངེས་བརྗོད་ལ་སོགས་པའི་རིག་བྱེད་རྣམས་དང༌། སྒྲ་དང་ཚད་མ་ལ་སོགས་པ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་སྨྲ་བའི་རྒྱུ་ཡང་ཡི་གེ་ཡིན་པ་དང༌། མིང་དང་ཚིག་ཏུ་བརྗོད་པ་ཀུན་གྱི་གཞི་ཡང་ཡི་གེ་ཡིན་པས་ཡི་གེའི་བྱེད་ལས་ཞེས་བྱ་བའོ། །བཞི་པ་ནི། ཡི་གེའི་སྐད་དོད་ལ་ཨ་ཀྵ་ར་ཞེས་པ་མི་འགྱུར་བའི་དོན་ཏོ། །ཡུལ་ཐ་དད་པའི་སྐད་ལ་འགྱུར་བ་ཡོད་ཀྱང་དབྱངས་དང་གསལ་བྱེད་མི་འགྱུར་བའི་ཕྱིར། བྱཉྫ་ན་ཞེས་པ་གསལ་བྱེད་དེ་མིང་ཚིག་བརྗོད་པ་གསལ་བར་བྱེད་པའི་ཕྱིར། ཝརྞཎ་ཞེས་པ་ནུས་པ་དང་ལྡན་པ་སྟེ། རྗོད་པར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར། དེའང་ཇི་སྐད་དུ། མི་འགྱུར་བ་དང་གསལ་བྱེད་དང༌། །རྗོད་པར་བྱེད་པའི་ནུས་ལྡན་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པས་སོ། །ལྔ་པ་དབྱེ་བསྡུ་ལ། ཀ་ལཱ་པ་ལས་བཅུ་བཞི་རྣམས་དབྱངས་སོ་ཞེས་དང༌། ཀ་ལ་སོགས་པ་རྣམས་གསལ་བྱེད་དོ་ཞེས་དབྱངས་རྣམས་བཅུ་བཞི་དང་གསལ་བྱེད་སུམ་ཅུ་རྩ་བདུན་རྣམས་ཡིན་ནོ། །དབྱངས་ཡིག་ཀྱང་བསྡུ་ན། མཚུངས་པ་དང་མཚུངས་པ་མ་ཡིན་པ་དང༌། ནཱ་མིན་དང་ནཱ་མིན་མ་ཡིན་པ་གཉིས་སམ། མཚམས་སྦྱོར་གྱི་ཡི་གེ་དང་མཚམས་སྦྱོར་གྱི་ཡི་གེ་མ་ཡིན་པ་གཉིས་རྣམས་སུ་འདུའོ། །གསལ་བྱེད་ལའང་སྡེ་པ་ཡིན་མིན་གཉིས། སྒྲ་ལྡན་སྒྲ་མེད་གཉིས་སུ་འདུའོ། །ཙནྡྲ་པ་ལས་ཀྱང༌། ཨ་ཨི་ཨུཎ། རྀ་ལྀཀ྄ ཨེ་ཨོ། ཨཻ་ཨཽཙ྄། ཧ་ཡ་ཝ་ར་ལ་ཎ། ཉ་མ་ད་ཎ་ནམ྄། ཛྙ་བྷ་ཉ྄། གྷ་ཌྷ་དྷ་ཥ྄། ཛ་བ་ག་ཌ་ད་ཤ྄ ཁ་བ་ཚ་ཋ་ཐ་ཙ་ཊ་ཏབ྄། ཀ་པ་ཡ྄། ཤ་ཥ་སར྄། ཧལ྄། ཞེས་པའོ། །དེ་དག་གི་ངོས་འཛིན་ནི། དྷརྨྨ་དཱ་པས། གཅིག་ལས་གྱུར་པ་ཎ་ང་ཉ་བ་རྣམས། །གཉིས་ལས་ཎ་ཥ་བཞི་ལས་ཀ་ཙ་དག །ལྔ་ལས་ར་ཤ་མ་ཡ་རྣམས་ཤེས་བྱ། །དྲུག་ལས་ལ་ནི་བསྒྲུབ་པར་བྱ་བ་ཡིན། །ཞེས་གསུངས་པའི་བར་གྱི་ཡི་གེ་རྣམས་གོ་བར་བྱ་བའི་ཆེད་དུའོ། །དེའི་དབྱེ་བ་ལ་ཨ་ཨ་ཨུ་རྀ་བཞི་ལ་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་སྟེ་གསུམ་གསུམ། དེ་དག་རེ་རེ་ལའང་ཙནྡྲ་གོ་མིས་ཡི་གེའི་མདོ་ལས། མཐོན་པོ་རྣམས་ཀྱིས་ཨུ་དཱཏྟ། །དམའ་བས་ཨ་ནུ་དཱཏྟའོ། །དེ་དག་བར་མ་སྭ་རི་ཏའོ། །ཞེས་སྐད་གདངས་མཐོ་དམའ་བར་མ་གསུམ་གསུམ་སྟེ་སུམ་ཅུ་སོ་དྲུག དེ་རྣམས་ལ་སྣ་ལྡན་དང་སྣ་མེད་སོ་དྲུག་རེ་སྟེ་བསྡོམས་པས་བདུན་ཅུ་རྩ་གཉིས། མཚམས་སྦྱོར་ཡི་གེ་བཞི་ལ་ཐུང་བ་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་གཉིས། ལྀ་ལ་རིང་པོ་མེད་པས་ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས། དེ་དག་ལྔ་པོ་རེ་རེ་ལའང་སྐད་གདངས་མཐོ་དམན་བར་མ་གསུམ་གསུམ་དུ་ཕྱེ་བས་སུམ་ཅུ། དེ་རྣམས་ལ་སྣ་ལྡན་དང་སྣ་མེད་སུམ་ཅུ་རེ་བསྡོམས་པས་དྲུག་ཅུ་སྟེ། གོང་གི་དེ་དག་བསྡོམས་པས་དབྱངས་ལ་བརྒྱ་སོ་གཉིས། གསལ་བྱེད་ལ་སུམ་ཅུ་སོ་གསུམ་ཡོད་པ་ལས། ཀ་གཅིག་པུ་ལ་ཡང་དབྱངས་བརྒྱ་སུམ་ཅུ་སོ་གཉིས་བཞུགས་ཏེ། བསྡོམས་པ་གསལ་བྱེད་བཞི་སྟོང་སུམ་བརྒྱ་ང་དྲུག་ཡོད་དོ། །བོད་ཀྱི་ཡི་གེའི་དབྱེ་བསྡུ་ལ། ས་སྐྱ་པཎྜི་ཏས། དབྱངས་དང་གསལ་བྱེད་གཉིས་ཀའི་རྩ་བ་ཨའོ། །དེ་ལས་དབྱངས་རྣམས་འབྱུང་བ་ན་ཨི་ཨུ་གཉིས་འབྱུང༌། དེ་དག་སྦྱར་བ་ལས་ཨེ་ཨོ་རྀ་ལྀ་བཞི་འབྱུང་བས་བདུན་ནོ། །ཡང་དེ་ལས་གསལ་བྱེད་རྣམས་འབྱུང་བ་ན། ཨ་ལས་ཀ་ཙ་ཊ་ཏ་པ་ཧ་སྟེ་དྲུག་འབྱུང་བས་རྩ་བའི་ཕྱི་མོ་བཅུ་གསུམ་མོ། །རྩ་བ་དེ་དག་ལས་དབྱངས་བཅུ་དྲུག་དང་གསལ་བྱེད་ཀྱི་གཙོ་བོ་བཅོ་བརྒྱད་འབྱུང་བའི་ཚུལ་ནི་དབྱངས་ཐུང་ངུ་བདུན་ལས་རིང་པོ་བདུན་འབྱུང་བས་བཅུ་བཞི། སྣ་ལྡན་ནམ་ང་རོ་དང་རྣམ་པར་གཅད་པ་གཉིས་འགྲུབ་པས་བཅུ་དྲུག་གོ །གསལ་བྱེད་དྲུག་པོའི་སྟེང་དུ་ཨི་ལས་ཡ་དང༌། ཨུ་ལས་ཝ། རྀ་ལྀ་ལས་ར་དང་ལ། ཨཿཚེག་དྲག་ཅན་ལས་ཤ་ཥ་ས། ཨཾ་ང་རོ་ཅན་དང་མཐུན་པ་ང་ཉ་ཎ་ན་མ་ལྔའོ། །དེ་དག་ལས་གསལ་བྱེད་ཀྱི་ཉིང་ལག་སུམ་ཅུ་རྩ་གསུམ་འབྱུང་བའི་ཚུལ་ནི། ཁ་ལ་སོགས་པ་གཉིས་པ་རྣམས་ནི་ཀ་ལ་སོགས་པ་དང་པོ་རྣམས་དང་ཁོང་ནས་འབྱུང་བའི་སྒྲ་སྦྱར་བའམ། ག་ལ་སོགས་པ་གསུམ་པ་རྣམས་ནི་ཀ་ལ་སོགས་པ་དང་པོ་རྣམས་དང་ཨའི་སྒྲ་སྦྱར་བའོ། །གྷ་ལ་སོགས་པ་བཞི་པ་རྣམས་ནི་ག་ལ་སོགས་པ་གསུམ་པ་རྣམས་དང་ཧའི་སྒྲ་སྦྱར་བའོ། །དེ་དག་ཕན་ཚུན་སྦྱར་བ་ལས་ལོ་འདབ་དང་འདྲ་བའི་ཡི་གེ་དུ་མར་འགྱུར་བ་ཡིན་ནོ། །སློབ་དཔོན་བསོད་ནམས་རྩེ་མོས། བོད་ཀྱི་ཡི་གེ་སུམ་ཅུ་བདུན། །སྒྲ་ཡི་ཕ་མ་སུམ་ཅུར་འདུས། །སྲོག་རྐྱེན་ཡན་ལག་ཡི་གེ་བདུན། །དེ་དག་ཨ་ཡི་ཁོངས་སུ་འདུ། །ཞེས་ཡི་གེ་སུམ་ཅུ་པོ་དེ་ཡང་བསྡུ་ན་དབྱངས་ཨ་དང་གསལ་བྱེད་ཉེར་དགུ་པོ་སྒྲའི་ཕ་མ་གཉིས་སུ་འདུ་ཞིང༌། ཡོངས་སུ་གྲགས་པའི་ཨ་ནི་རང་ཉིད་ཀྱིས་བརྗོད་བྱ་རྗོད་བྱེད་དུ་རུང་བས་གཞན་གྱི་གྲོགས་མི་དགོས་པའི་ཕྱིར་སེང་གེ་ལྟ་བུའི་ཨ་ཞེས་བྱའོ། །དེའི་དབྱེ་བ་ཚིག་དང་ཀྱོག་དང་ཤད་དང་ཡན་ལག་ཨི་ཨུ་ཨེ་ཨོ་བཞི་སྟེ། བདུན་པོ་ཇི་ལྟར་བསྡུ་ཞེ་ན། ཨའི་དབྱེ་བ་བརྒྱད་ལས། དང་པོ་ཚེག་ཉིད་སྲོག་གི་ཨ་དེའི་ངོ་བོ་ཡིན་ནོ། །དེ་རྒྱ་གར་ལ་དོན་གྱིས་སྟོན་པས་མི་དགོས་ཀྱང་བོད་ཀྱི་ཡི་གེའི་བར་དུ་གསལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ཉིད་བརྗོད་པར་མི་ནུས་ཏེ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཡི་གེ་ཀུན་ལ་འཇུག་པའི་ཕྱིར། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །དེ་ཉིད་བོད་ཀྱིས་གསལ་བར་བྱེད། །ཅེས་གསུངས་པས་ངག་ཏུ་བརྗོད་པ་མེད་ཀྱང་བར་གྱི་ས་མཚམས་གསལ་བར་བྱེད་པ་ལ་དེ་ཉིད་རག་ལས་པའི་ཕྱིར། དེ་བཞིན་དུ་དང་པོར་འཇུག་པའི་དང་ཀྱོག་དང་ཐ་མར་འཇུག་པའི་ཤད་གཉིས་ནི་རྐྱེན་གྱི་ཡི་གེ་སྟེ། དེའང་དང་པོ་ནི་གླང་པོའི་སྣ་ལྟ་བུའི་ཨ་དང༌། ཕྱི་མ་ནི་རྣམ་པར་གཅོད་པའི་ཨ་ཞེས་བྱའོ། །ཨི་ཨུ་ཨེ་ཨོ་བཞི་ནི་ཀ་ལ་སོགས་པའི་ལུས་རྣམས་ཀྱི་ཡན་ལག་ཏུ་འགྱུར་བའི་ཕྱིར་ཡན་ལག་གི་ཡི་གེ་ཞེས་ཐ་སྙད་དུ་བྱས་པའོ། །དྲུག་པ་རྒྱུ་བརྗོད་པ་ལ། སློབ་དཔོན་ཙནྡྲ་གོ་མིས། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ་ཞེས་དང༌། སློབ་དཔོན་བསོད་ནམས་རྩེ་མོས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །སོ་སོའམ་ནི་འདུས་པ་ལས། །སྒྲ་རྣམས་ཐམས་ཅད་འབྱུང་བར་བཤད། །ཅེས་གསུངས་པས། ཨ་ཀུ་ཧ་ྈཀ་མགྲིན་པ་ལས། །ཨི་ཙུ་ཡ་ཤ་རྐན་ལས་བྱུང༌། །ཨིཏ་ཨེཏ་ཨོཏ་རྣམས་མགྲིན་རྐན་ལས། །རྀ་ཊུ་ར་ཥ་སྤྱི་བོ་ལས། །ལྀ་ཏུ་ལ་ས་སོ་ལས་འབྱུང༌། །ཨུ་པུ་ཉྤ་རྣམས་མཆུ་དག་ལས། །ཨུཏ་ཨོཏ་ཨཽཏ་རྣམས་མཆུ་མགྲིན་ལས། །ཝ་ཡིག་མཆུ་དང་སོ་ལས་བྱུང༌། །རྗེས་སུ་ང་རོ་སྣ་ལས་ཏེ། །སྣ་དང་རང་གི་གནས་ལས་ཀྱང༌། །སྡེ་པའི་ལྔ་པ་རྣམས་འབྱུང་ངོ༌། །ཞེས་པ་ལྟར་རོ། །བྱེད་པ་ནི།བྱེད་པ་ལྕེ་ཡི་རྩ་བ་ནི། །ལྕེ་རྩ་ཅན་གྱི་ཡིན་པར་བཤད། །སོགས་སོ། །བདུན་པ་ཀློག་ཚུལ་ནི། ཐུང་ངུ་ཕྱི་མོ་གཅིག་པ་སྟེ། །རིང་པོ་ཕྱི་མོ་གཉིས་པའོ། །པླུ་ཏ་ཕྱི་མོ་གསུམ་པ་ཡིན། །ཞེས་གཅིག་གི་ཡུན་དང་གཉིས་དང་གསུམ་གྱི་ཡུན་ཀློག་པ་སོགས་རྒྱ་བོད་ཀྱི་ཡིག་ཀློག་རྣམས་ཞིབ་པར་སློབ་དཔོན་མཁས་པའི་ངག་དང་སྔོན་གྱི་མཁས་པ་རྣམས་ཀྱིས་གསལ་བར་བཤད་པ་ལྟར་ཤེས་པར་བྱ་བ་ལས་འདིར་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཉིས་པ་ནི། བློ་དང་ལྡན་པ་བསྟན་པ་ལ་འཇུག་པ་ལ་དགེ་བའི་བཤེས་གཉེན་ནམ་སློབ་དཔོན་བསྟེན་པ་ལ་རག་ལས་ཏེ། སློབ་དཔོན་སོགས་ལ་མ་བསྟེན་པར་རང་ཉིད་ཀྱིས་དཔེ་ཙམ་ལ་བརྟེན་ནས་ཆོས་ཀྱི་ཚིག་དོན་ཟབ་མོ་ཁོང་དུ་ཆུད་པར་མི་འགྱུར་ཞིང༌། བརྒྱ་ལམ་དཔེ་ལ་བལྟས་པས་དོན་གོ་བ་ཙམ་བྱུང་ཡང་བརྒྱུད་པ་མེད་པར་རང་རྡོལ་དུ་བྱུང་བའི་ཆོས་ཀྱིས་ཕན་འདོགས་མི་འབྱུང་བར་མ་ཟད་མཁས་པའི་མདུན་སར་རང་ཉིད་ངོ་ཚ་བའི་རྒྱུ་སྟེ། དེ་ཉིད་ལས། གཡར་བའི་རྒྱན་དང་བརྐུས་པའི་ནོར། །སློབ་དཔོན་མེད་པའི་རིག་པ་རྣམས། །ཡོད་ཀྱང་གཞན་གྱིས་བརྩི་བ་མེད། །ཅེས་དང༌། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply