དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ལེགས་པར་འདོད་པའི་བློ་གྲོས་ཅན་རྣམས་ཀྱིས་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་བླ་མ་དགེ་བའི་བཤེས་གཉེན་བསྟེན་པ་ནི་ལེགས་པའི་ཡོན་ཏན་ཐམས་ཅད་རིམ་གྱིས་འཕེལ་བའི་གཞི་ཡིན་པར་ཤེས་པའི་ཆེད་དུ། བཤེས་སྤྲིང་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་དང༌། ཤེས་ཕྱིན་སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དགེ་བའི་བཤེས་སམ་བླ་མའམ་སློབ་དཔོན་ཞེས་བྱ་བ་སྟེ་དེའི་མཚན་ཉིད་དང༌། སྒྲ་དོན་གཉིས་ལས།དང་པོ་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་རང་བཞིན་གྱིས་རྒྱུད་འཇམ་པས་ཞི་བ། བསླབ་པ་གསུམ་གྱིས་རྒྱུད་ལེགས་པར་སྦྱངས་པས་ཉེ་བར་ཞི་བ། མང་དུ་ཐོས་པའི་ལུང་གི་ཡོན་ཏན་དང༌། དེ་ཁོ་ན་ཉིད་རྟོགས་པའི་ཡོན་ཏན་དང་ལྡན་པ། དམ་པའི་ཆོས་དང་སེམས་ཅན་གྱི་དོན་སྒྲུབ་པ་ལ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ། ལུང་དོན་རིགས་པས་འབྱེད་པར་ནུས་པའི་རྣམ་པར་དཔྱོད་པ་དང་ལྡན་པ། བཤད་བྱའི་ཆོས་ཀྱི་ཚུལ་དེ་གདུལ་བྱའི་བློ་དང་འཚམ་པར་གོ་བདེ་ཞིང་རྣ་བར་སྙན་པར་སྨྲ་མཁས་པ། རྙེད་བཀུར་སོགས་ལ་མ་ལྟོས་པར་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སྒོ་ནས་ཚུལ་བཞིན་དུ་སྨྲ་བའི་བདག་ཉིད་ཅན་དེ་ལྟ་བུའི་བླ་མ་དམ་པ་དེ་ཉིད་སྐྱོ་བ་མེད་པས་བསྟེན་པར་བྱ་སྟེ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །གཉིས་པ་ནི་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་འབྱིན་པར་བྱེད་པ་ལ་མཁན་པོ་ཞེས་བྱ་སྟེ། དེའང་ཉེར་བསྒྱུར་ཨུ་པ་དང་ཨ་དྷི་སྔོན་མའི་ཨིང་ཀློག་པའི་དབྱིངས་ལ་གྷ་ཉའི་རྐྱེན་བྱིན་པས་ཨུ་པ་དྷྱ་ཡ་ཞེས་པ་མཁན་པོ་སྟེ། བསླབ་པ་རྣམས་ཉེ་བར་ཀློག་པའམ་ཉེ་བར་ལུང་འབོགས་པས་སམ་ཀློག་ཏུ་འཇུག་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཡང་ན་ཀ་ལྱཱ་ཎ་མི་ཏྲ་ཞེས་པ་དགེ་བའི་བཤེས་གཉེན་ཏེ་དགེ་བ་ལ་སྤྱོད་པའི་གྲོགས་སྐྱེས་བུ་དམ་པ་ཡིན་པའི་ཕྱིར།ཡང་ན་ཉེར་བསྒྱུར་ཨཱང་སྔོན་མའི་ཙར་འགྲོ་བའི་དབྱིངས་ལ་གྷྱཎ་རྐྱེན་བྱིན་པས། ཨཱ་ཙཱརྻཱཿཞེས་པ་སློབ་དཔོན་ཏེ། སློབ་མ་ལ་ཀུན་དུ་སྤྱོད་པ་རྣམས་སྟོན་པའི་ཕྱིར། ཡང་ན་གུ་རུ་ཞེས་པ་གོང་མ་དང་བླ་མ་དང་ལྕི་བ་དང་མཆོག་རྣམས་ལ་འཇུག་སྟེ་རང་གི་གོང་མའམ་བླ་མའི་མཆོག་ཏུ་བཀུར་བར་འོས་པའི་ཡུལ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། བསམ་པའི་སྒོ་ནས་བསྟེན་པ་དང༌། སྦྱོར་བའི་སྒོ་ནས་བསྟེན་པའི་ཚུལ་ལོ། །དང་པོ་ནི། ཐོས་བསམ་དོན་དུ་གཉེར་བའི་སློབ་མ་ནི་དད་པ་དང་ལྡན་པ་ཞིག་སྟེ། དེ་མེད་ན་སེང་གེའི་འོ་མ་སྣོད་ཕལ་པར་མི་ཆགས་པ་ལྟར་ཆོས་ཀྱི་སྣོད་མིན་ཏེ། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་གསུངས་པས་སོ། །དད་པ་དེའང་ཇི་ལྟ་བུ་ཞིག་ལ་བྱ་སྙམ་པ། ཆོས་མངོན་པ་ལས། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་འདོད་པ་དང་སེམས་དང་བའོ་ཞེས་གསུངས་པ་ལྟར་རོ། །དེས་ན་ཆོས་མཉན་པ་ལ་དད་པ་ཉིད་གཙོ་ཆེ་སྟེ། དཀོན་མཆོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་འབྱུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པར་བྱེད། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་སོ། །དེའང་ཆོས་སྨྲ་བ་ལ་གུས་པ་བྱ་བའི་ཚུལ་ཡང༌། འདུལ་བ་ལས། ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་མཁན་པོ་དང་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་ཤིང༌། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལས། བླ་མ་ལ་སངས་རྒྱས་ལྟ་བུར་བལྟ་བར་གསུངས་ཏེ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་ཇི་ལྟར་གུས་པར་བྱ་བ་དེ་བཞིན་དུ། དགེ་བའི་བཤེས་གཉེན་རྣམས་ལའང་བསྟེན་པར་བྱའོ་ཞེས་གསུངས་ཀྱི། དེར་སངས་རྒྱས་དངོས་སུ་བལྟ་བར་གསུངས་པ་མེད་ལ། གསང་སྔགས་པས་དབང་བསྐུར་ཐོབ་ཕྱིན་ཆད་ནས། བླ་མ་སངས་རྒྱས་དངོས་ཉིད་དུ་བལྟ་བར་བྱ་བ་སྟེ། འདུས་པའི་རྒྱུད་ལས། དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི་ཞེས་ཞུས་པའི་ལན་དུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཉིད། །འཇིག་རྟེན་པ་ནི་ཞབས་ཀྱིས་མནན། །འོད་ཟེར་གནོད་སྦྱིན་གསང་བ་ལའོ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བརྟག །ཅེས་དང༌། གཞན་ཡང་རྡོ་རྗེ་གུར་དང༌། བདེ་མཆོག རྡོ་རྗེ་ཕྲེང་བ། བླ་མ་ལྔ་བཅུ་པ་སོགས་ལས་རྒྱ་ཆེར་གསུངས་སོ། །དེས་ན་དབང་བསྐུར་ནས་སྔགས་ཀྱི་སྡོམ་པས་མ་སྦྲེལ་ན། བླ་མ་དེ་བཟང་ཞིང་གྲུབ་ཐོབ་ཡིན་ནའང་ཕ་རོལ་ཏུ་ཕྱིན་པའི་ལུགས་ལྟར་རིམ་གྱིས་འབྲས་བུ་འགྲུབ་པའི་རྒྱུ་བྱེད་པ་ཙམ་ལས་མ་འདས་ཏེ། དབང་མ་བསྐུར་བའི་བླ་མ་དེ་སངས་རྒྱས་དངོས་སུ་བལྟ་བར་མ་བཤད་པའི་ཕྱིར། དཔེར་ན་རབ་བྱུང་མ་ཐོབ་པའི་བཙུན་པ་དེ་ལ་མཁན་པོའི་ཐ་སྙད་མེད་པ་དང༌། སྨིན་བྱེད་ཀྱི་དབང་བསྐུར་མ་ཐོབ་པ་ལ་གསང་སྔགས་ཀྱི་བླ་མའི་ཐ་སྙད་ཡོད་པ་མི་སྲིད་དེ། དེས་ན་སྔགས་ཀྱི་བླ་མ་མིན་པ་ལ་གསོལ་བ་བཏབ་ཀྱང་གནས་སྐབས་ཀྱི་འབྲས་བུ་ཙམ་མམ། ཡང་ན་དེའི་སྟེང་དུ་རིམ་གྱིས་སངས་རྒྱས་འགྲུབ་པའི་རྒྱུར་འགྱུར་མོད་ཀྱི། ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱས་ཉིད་འབྱིན་པར་མི་ནུས་ཏེ། དེར་བླ་མ་ལ་སངས་རྒྱས་ཀྱི་ངོ་བོར་བསམས་ནས་གསོལ་བ་འདེབས་པ་གསུངས་པའི་ཕྱིར། དེ་སྐད་དུའང་ས་སྐྱ་པཎྜི་ཏས། ཉན་ཐོས་རྣམས་ཀྱི་བླ་མ་དེ། །བཟང་ཡང་གང་ཟག་ཁོ་ནར་བས། །ཕ་རོལ་ཕྱིན་པའི་བླ་མ་ནི། །བཟང་ན་དགེ་འདུན་དཀོན་མཆོག་ཡིན། །གསང་སྔགས་པ་ཡི་བླ་མ་མཆོག །དཀོན་མཆོག་གསུམ་དང་དབྱེར་མེད་ཡིན། །དེས་ན་དེ་ལ་གསོལ་བཏབ་པས། །དཀོན་མཆོག་གསུམ་པོ་ཚེ་འདིར་འགྲུབ། །ཅེས་གསུངས་སོ། །དེ་ལའང་ཆོས་སྨྲ་བ་དེ་སྐྱོན་བྲལ་ཡོན་ཏན་ཀུན་དང་ལྡན་པ་ཞིག་མཐོང་དགོས་པ་ལ། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །ཞེས་པ་ལྟར་རང་རེ་ལས་དང་ཉོན་མོངས་པས་བསྒྲིབས་ཤིང་སྐལ་བ་དམན་པའི་གདུལ་བྱའི་སྣང་ངོར་བླ་མ་ལ་སྐྱོན་དང་ཡོན་ཏན་འདྲེས་མར་རྟོགས་པར་འགྱུར་མོད། རང་རྒྱུད་ལས་དང་ཉོན་མོངས་པ་སྟུག་པོས་བསྒྲིབས་པའི་མཐུས་དེ་ལྟར་དུ་སྣང་བ་ཡིན་སྙམ་དུ་ཤེས་དགོས་ཏེ། བ་ཚ་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་གསུངས་པ་སོགས་ཀྱིས་སྐྱོན་རྟོག་གི་བློ་དེ་དགག་པར་བྱ་སྟེ། དེ་བཀག་པས་ཡོན་ཏན་ཀུན་དང་ལྡན་པ་ཞིག་ཤུགས་ཀྱིས་རྟོགས་པར་འགྱུར་བའི་ཕྱིར་རོ། །དཔེ་དང་གཏན་ཚིགས་གཞན་ཡང༌། སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་སྤྱི་བོར་བཞག་ནས་བསྟན་པས་སུས་ཀྱང་མ་མཐོང་བར་རྒན་མོ་སྡིག་པ་ཅུང་ཟད་བསྲབས་པ་ཞིག་གིས་ཁྱི་མོར་མཐོང་བ་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཕགས་པ་འཇམ་དཔལ་ཁྱིམ་བཙུན་ཆོས་གོས་ཀྱིས་ཐོད་བྱས་ནས་ཞིང་རྨོད་པ་ལ་སོགས་པ་མཐོང་བ་དང༌། ནཱ་རོ་ཏ་པས་ཏཻ་ལོ་པ་ཉ་གསོན་པོར་སྲེག་པར་མཐོང་བ་སོགས་ཀྱང་ལོག་ལྟ་མ་བྱས་པའི་འབྲས་བུ་ཇི་ལྟར་འབྱུང་བ་རྣམས་ཀྱིས་ངེས་ཤེས་བསྐྱེད་དགོས་པར་སེམས་སོ། །གཉིས་པ་ནི། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །ཅེས་བླ་མ་སྟོན་པར་གྱུར་པ་གང་ཡིན་པ་དེ་མཉེས་པའི་བྱ་བ་བྱེད་ཅིང་མི་མཉེས་པའི་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྤང་བའི་སྒོ་ནས་བསྟེན་པར་བྱ་སྟེ། སྔོན་བདག་ཅག་གི་སྟོན་པས་ཚིགས་སུ་བཅད་པ་རེ་ཐོས་པའི་ཆེད་དུ་ལུས་དང་ལོངས་སྤྱོད་རྣམས་ཀྱང་ཞེན་པ་མེད་པར་བཏང་བ་དང༌།ནཱ་རོ་པས་ཏཻ་ལོ་པ་མཉེས་པའི་བྱ་བ་བསྒྲུབ་པ་ལ་སོགས་པ་རྣམས་ཀྱང་བསམས་ཀྱིན་ཡིད་ཆེས་བསྐྱེད་དོ། །འོན་ཏེ་དེང་སང་བསྟན་པ་ཉམས་དམས་ཤིང༌།ཆོས་ལ་གལ་ཆུང་བྱེད་པའི་དུས་འདིར་བླ་མ་ཆོས་སྨྲ་བའི་ཕྱིར་ལུས་སྲོག་ལ་ལྟོས་པ་མེད་པའི་དཀའ་སྤྱད་དེ་ལྟ་བུ་ལས་དང་པོ་པས་དངོས་སུ་བསྒྲུབ་ནུས་པ་གྱུར་ན། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་སྙེག་པའི་ཕྱིར་རབ་ཏུ་གྱུར་མོད། མ་ནུས་པ་རྣམས་ཀྱང་རིམ་གྱིས་བསླབ་འགྱུར་གྱི་ཡུལ་དུ་བྱས་ནས། ལས་དང་པོ་པས་ད་ལྟར་དངོས་སུ་བསྒྲུབ་ནུས་པ་དོན་ཡོད་རྣམ་པ་བཞི་སྟེ། དེའང་ལུས་དོན་ཡོད་པའི་ཕྱིར་ཕྱག་འཚལ་བ་དང༌།བསྐོར་བ་བྱེད་པ་དང༌། མཉེས་པའི་ལས་བསྒྲུབ། ངག་དོན་ཡོད་པའི་ཕྱིར་བླ་མའི་ཡོན་ཏན་བརྗོད་པ་དང༌། བསྟོད་པ་འདོན་པ་དང༌། གསོལ་བ་འདེབས་པ་ལ་སོགས་པ་བྱ། ཡིད་དོན་ཡོད་པའི་ཕྱིར་བླ་མ་ལ་སངས་རྒྱས་དངོས་ཡིན་སྙམ་པའི་མོས་གུས་བསྒོམ་ཞིང༌། སྐྱོན་གྱི་རྟོག་པ་ཐམས་ཅད་སྤངས་ནས་མཛད་སྤྱོད་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་བལྟ། ལོངས་སྤྱོད་དོན་ཡོད་པའི་ཕྱིར་བདོག་པ་ཐམས་ཅད་ཀྱི་ཕུད་ནས་མཆོད་པའི་ཡོད་བྱད་དང་མཎྜལ་དུ་བྱས་ནས་འབུལ་བ་ལ་སོགས་པའི་སྒོ་ནས་བླ་མ་མཉེས་པར་བྱ་སྟེ། དེ་མཉེས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཉེས་པར་བྱས་པར་འགྲོ་བའང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་བས་ཐབས་ནི་ཐམས་ཅད་དུ། །རྡོ་རྗེ་འཛིན་པ་བླ་མ་མཆོག །རྗེས་སུ་མཐུན་པས་མཉེས་པར་བྱ། །དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། །ཞེས་དང༌། སྡོམ་པ་འབྱུང་བ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང༌། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གྱིས་བླ་མ་མཉེས་པའི་ཞལ་ལས་ཆོས་ཉན་པ་སོགས་ཀྱི་ཚེ། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་དང༌། དྲན་ཤེས་ཀྱིས་མི་འཛིན་པ་དང༌། ང་རྒྱལ་ལ་སོགས་པ་སྣོད་ཀྱི་སྐྱོན་ཐམས་ཅད་སྤངས་ནས་གུས་པའི་རི་མོར་བཅས་པས་མཉན་དགོས་ཏེ། སྐྱེས་པའི་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་སྐྱེད་པར་བྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དང་ལ་དྲི་མེད་བློས། །ནད་པས་སྨན་པའི་ངག་ཉན་བཞིན། །རི་མོར་བྱས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པས་ཀུན་སྤྱོད་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས་བསྟན་པའི་རྒྱུན་ལ་ཕན་པར་དགོངས་པ་རྣམས་ཀྱིས་ལེགས་པར་མཉན་དགོས་པར་སེམས་སོ། །འདིར་སྨྲས་པ། གཉིས་མེད་གསུང་བ་སྲས་དང་བཅས་པ་ཡིས། །ལེགས་གསུངས་བདུད་རྩིས་ཉལ་བའི་དལ་འབྱོར་རྟེན། །འདི་ཕྱི་གཏན་འདུན་གྲུབ་པའི་སྐལ་བ་ཅན། །ལྷར་བཅས་སྐྱེ་དགུའི་ཕྱག་འོས་བླ་ན་མེད། །སྲིད་ཞིའི་དངོས་པོ་མཐའ་དག་རྗོད་བྱེད་ཀྱི། །ལམ་ནས་བདེ་བར་འདྲེན་བྱེད་ཡི་གེ་ནས། །ཉེར་བརྩམས་གཙུག་ལག་རིག་པའི་ངོ་མཚར་གཟུགས། །སྣང་བྱེད་མཁས་པའི་མེ་ལོང་གང་བྱོན་དང༌། །རྒྱལ་བསྟན་བརྗོད་བྱར་གྱུར་པའི་སོ་སོར་ཐར། །བྱང་ཆུབ་སེམས་བསྐྱེད་སྡོམ་པ་ཟུང་གི་རྒྱུན། །འབོགས་པའི་བྱེད་པོ་དགེ་བའི་བཤེས་ཀྱི་དྲིན། །གཟུགས་ཅན་ཞིག་ན་སྲིད་པས་ཅི་སྟེ་ཐེག །རིང་མིན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས། །འགྲུབ་བྱེད་སྔགས་ཀྱི་སྡོམ་པས་སྐལ་བ་བཟང༌། །སྐུ་བཞིའི་ས་བོན་འཇོག་པའི་སློབ་དཔོན་དེ། །དཀོན་མཆོག་གསུམ་ལས་ལོགས་ཤིག་དམིགས་སུ་ཅི། །ཨེ་མ་སྐྱབས་མཆོག་ཡིད་བཞིན་ནོར་བུ་རྣམས། །དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །འབྲལ་མེད་གཙུག་གི་རྒྱན་དུ་མཉམ་འགྲོགས་པར། །ཉིན་མཚན་གསོལ་འདེབས་གསེར་གྱི་སྐུད་པས་བཙེམས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། འཇུག་སྒོ་ཤེས་པའི་ཆེད་དུ་ཐོས་བསམ་ལ་རིམ་གྱིས་སློབ་པའི་ཚུལ་གྱི་སརྒ་སྟེ་གཉིས་པའོ།།  །།སྤྱི་དོན་གསུམ་པ་ཐོས་དོན་ཡིད་ཆེས་ཆེད་དུ་ཆོས་ཀྱི་བརྒྱུད་རིམ་བསྟན་པ་ལ་གཉིས། བསྟན་པའི་འཇུག་སྒོ་སོ་ཐར་གྱི་སྡོམ་པར་གནས་པའི་ཆོས་ཀྱི་བརྒྱུད་རིམ། སྡོམ་པར་གནས་པས་ཐོས་བསམ་ཇི་ལྟར་བྱས་པའི་ཆོས་ཀྱི་བརྒྱུད་རིམ་མོ། །དང་པོ་ནི། ཆོས་མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་དང༌། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང༌། །སྡོམ་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང༌། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིག་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པ་གསུངས། །ཞེས་གསུངས་པ་ལྟར། ཐོག་མར་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་སྟེ་ཐོས་བསམ་སྒོམ་གསུམ་གྱི་དགེ་བ་གང་དག་བསགས་པ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བའི་ཕན་ཡོན་ཡོད་པ་རྗེས་སུ་ཐོས་པའི་འགྲོགས་བཤེས་དག་གིས་ཁྲིད་དེ། རང་ལོ་བཅུ་གཅིག་ཏུ་སོན་པར་འབྲི་ཀླུང་གསེར་དང་ལྡན་མའི་རྒྱུན་ཆེན་པོ་དལ་གྱིས་གཞོལ་ཕྱོགས་སུ་གྱ་གྱུར་བགྲོད་པའི་འགྲམ་ངོགས་ཡིན་པས་ལྡན་ཡུལ་ཞེས་གྲགས་པ་ག་ལ་བ་དེར། དཔལ་ས་སྐྱའི་ལྷ་ཁང་བླ་བྲང་གི་གདུང་བརྒྱུད་དྲི་མ་མེད་པ་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བ་འཇམ་དཔལ་དབྱངས་རིན་ཆེན་རྒྱལ་མཚན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པའི་ཞབས་ཀྱིས་བཅགས་ཤིང་ལེགས་པར་བསྐྲུན་པའི་དགོན་སྡེ་ས་དཀར་བསམ་འགྲུབ་གླིང་ཞེས་བཏགས་པ། དེ་ནས་བརྩམས་ཏེ་ལྷ་རིགས་བདག་ཆེན་འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་པ་དང༌། དེའི་སྐུ་དབོན་མཐུ་སྟོབས་དབང་ཕྱུག་ཀུན་དགའ་བསོད་ནམས་པ་ཟུང་གིས་ཕེབས་ཤིང་གདན་སར་མཛད་དེ་ཆོས་སྲིད་ཟུང་འབྲེལ་གྱི་ཕྲིན་ལས་གསེར་གྱི་འཁོར་ལོས་མདོ་ཁམས་ཀྱི་ལྗོངས་ཆེན་པོར་དབང་སྒྱུར་བར་མཛད་པའི་སའི་ཐིག་ལེ་དེ་ཉིད་དུ།མཁར་དཀར་དམར་ཞེས་པའི་བླ་བྲང་ཁག་གཉིས་བྱུང་བའི་མཁར་དམར་པོའི་བདག་པོ་དྲུང་པ་ཀུན་དགའ་རྒྱ་མཚོ་ཞེས་པ་སྐར་ནག་རྩིས་དང་གསོ་བ་རིག་པའི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང༌། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དང༌། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་པ་དང༌། མཁན་ཆེན་རྡོ་རྗེ་འཆང་ཤེས་བྱ་བཟང་པོ་ལ་སོགས་པ་ལས་སྡོམ་པ་གསུམ་གྱི་བཀའ་ལུང་ཟབ་ཅིང་རྒྱ་ཆེ་བ་ཐོབ་ཅིང༌། དེ་དག་གི་བསླབ་བྱ་རྣམས་ལ་གཅེས་སྤྲས་སུ་མཛད་པ་དེ་ཉིད་ཀྱི་དྲུང་དུ་སྐྲ་ཕུད་ཕུལ་བས། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཕོག་སྟེ། ཀུན་དགའ་བསོད་ནམས་ཞེས་མིང་དུ་གདགས་པ་བཅས་ཐོབ་པའི་བརྒྱུད་པ་ནི། འོག་ཏུ་ཚིགས་གསུམ་རིམ་ནོས་ཀྱི་བསྟན་པ་ལ་རིམ་གྱིས་སློབ་པའི་སྐབས་སུ་དགེ་བསྙེན་གྱི་སྡོམ་པ་ཡང་བསྐྱར་དུ་ཐོབ་པའི་བརྒྱུད་པར་བསྡོམས་པ་ལས་འདིར་ཟུར་པ་མ་དགོས་སོ། །གཉིས་པ་སྡོམ་པར་གནས་པས་ཐོས་བསམ་ཇི་ལྟར་བྱས་པའི་བརྒྱུད་རིམ་ལ་གཉིས་ཏེ། ཐུན་མོང་བ་ཕྱི་རིག་པའི་གནས་ཐོས་པའི་བརྒྱུད་རིམ་དང༌། ཐུན་མོང་མ་ཡིན་པ་ནང་རིག་པའི་གནས་ཐོས་པའི་བརྒྱུད་རིམ་གཉིས། དང་པོ་ནི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་གཅད་པ་དང་རྗེས་གཟུང་ཕྱིར། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པའི་གོ་རིམ་དང་མཐུན་པར་མཁས་པ་འཇུག་པའི་སྒོ་ལས་ཀྱང༌། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང༌། །གསོ་བ་ཕྱི་ནང་རིག་ཅེས་གསུངས། །གཞན་ལ་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཤེས་བྱ། །ཞེས་གསུངས་པ་ལྟར། ལོག་རྟོག་ཚར་གཅོད་པ་བརྡ་སྤྲོད་རིག་པ་སྒྲ་དང༌། རྟོག་གེ་རིག་པ་ཚད་མ་དང༌། གཞན་རྗེས་སུ་འཛིན་པ་གསོ་བ་རིག་པ་ཚེའི་རིག་བྱེད་དང༌། ཕྱི་རོལ་རིག་པ་བཟོའི་རིག་བྱེད་དང༌། བདག་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པ་སྡེ་སྣོད་དང་རྒྱུད་སྡེར་གཏོགས་པ་རྣམས་རིམ་པར་གསུངས་པའི་གོ་རིམ་དང་མཐུན་པར་འཆད་པ་ལ།དང་པོ་ཚིག་གི་ལོག་རྟོགས་ཚར་གཅོད་པར་བྱེད་པ་སྒྲ་རིག་པ་ཐོས་པའི་བརྒྱུད་རིམ་ལ་དངོས་དང༌། ཞར་བྱུང་གཉིས། དང་པོ་ལ་སྒྲ་མཁན་དབང་ཕྱུག་གོ་ཆས་གཞོན་ནུ་ཀརྟཱི་ཀ་བསྒྲུབས་པས་ཞག་བདུན་ན་གཞོན་ནུ་གདོང་དྲུག་ལག་ན་མདུང་ཐུང་ཐོགས་པ་བྱུང་ནས་གསུངས་པའི་ལེགས་སྦྱར་གྱི་བསྟན་བཅོས། བྱཱ་ཀ་ར་ཎའི་འགྲེལ་པ་འཇིག་རྟེན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་བཤད་སྦྱར་གཞུང་དོན་རབ་གསལ་དང༌། དེའི་འགྲེལ་པ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞབས་ཀྱིས་མཛད་པའི་ཀར་ཊཱིཀ་གི་སྟེང་ནས་རི་མོའི་ལག་ཁྲིད་གཞུང་འབེབས་ལེགས་པར་ནོས་པའི་བརྒྱུད་པ་ནི། འཇིག་རྟེན་གྱི་མེས་པོ་«་་་་་སྒྲའི་བྱུང་ཚུལ་རྣམས་ལས་སུམ་ཅུ་རྩ་གསུམ་དུ་སྒྲ་མཁན་སརྦ་ཛྙཱ་ཞེས་པ་བྱུང་བ་དེས་ལྷའི་དབང་པོ་བརྒྱ་བྱིན་ལ་སྒྲ་བསླབས་ཞེས་འབྱུང་བ་དེ་འདི་དང་གཅིག་པར་སེམས་སོ།། »ཚངས་པ། ལྷའི་དབང་པོ་བརྒྱ་བྱིན། དྲང་སྲོང་«་་་་་གཞོན་ནུ་གདོང་དྲུག »ཕུར་བུ། སློབ་དཔོན་དབང་ཕྱུག་གོ་ཆ། རྒྱལ་པོ་བདེ་སྤྱོད་བཟང་པོ། ཇོ་བོ་དྲག་འབྱོར། མཁས་པ་ཆེན་པོ་ཙནྡྲ་གོ་མི། སློབ་དཔོན་དྷརྨ་དཱ་ས།མཁས་པ་རཏྣ་མ་ཏི། པཎ་ཆེན་པཱུརྞ་ཙནྡྲཿ སློབ་དཔོན་འཆི་མེད་སེང་གེ པཎ་ཆེན་ལཀྵྨཱི་ཀ་ར། འཇིག་རྟེན་མིག་གཅིག་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ།སྒྲ་བསྒྱུར་ནམ་མཁའ་བཟང་པོ། སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་གྱི་ཞབས། ཞྭ་ལུ་ལོ་ཆེན་ལེགས་པའི་རྒྱལ་མཚན། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེ་བའི་གཏེར་མཛོད། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། སྨོན་འགྲོ་པཎ་ཆེན་རིག་གནས་རྒྱ་མཚོ་པ་ཚེ་དབང་དོན་གྲུབ། དེ་སྲས་གནས་ལྔ་རིག་པ་འཇམ་པའི་དབྱངས་དབང་རྒྱལ་རྡོ་རྗེ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། ཆབ་མདོ་བྱམས་གླིང་གི་སྐད་གཉིས་སྨྲ་བ་ཀུན་དགའ་ལེགས་པ། ཆེ་ཚང་མཁས་པ་གསུང་རབ་རྒྱ་མཚོ། གཙུག་ལག་རྒྱ་མཚོའི་མངའ་བདག་ཀརྨྨ་འཆི་མེད་ཐུབ་བསྟན་རབ་གསལ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ནམ་འབྱུང་དུ་རུང་བའི་ཡོན་ཏན་ལ་སྨོན་པའི་ཐ་སྙད་དུ། ངག་གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་དབྱངས་ཅན་སྙེམས་པའི་ལང་ཚོའི་སྡེ་ཞེས་བཏགས་པ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྣམ་གླིང་པཎ་ཆེན་ནས། ཆེ་ཚང་མཁས་པ་གསུང་རབ་རྒྱ་མཚོ་མན་སྔར་བཞིན་ནོ། །ཡང་ན་པཎ་ཆེན་ཚེ་དབང་དོན་གྲུབ་ནས། ངམ་རིང་མཁན་པོ་མང་ཡུལ་ལོ་ཆེན་ཚེ་བརྟན་རྒྱལ་མཚན། ངག་དབང་བློ་བཟང་རྒྱ་མཚོ་མན་འདྲའོ། །ཡང་ན་ལོ་ཆེན་ཐུགས་རྗེ་དཔལ་ནས། དཔལ་སྡིངས་སྐད་གཉིས་སྨྲ་བ་གྲགས་པའི་མཚན་ཅན། ཞྭ་ལུ་ལོ་ཆེན་མན་འདྲ། ཡང་ན་ཐུགས་རྗེ་དཔལ་ནས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཞྭ་ལུ་ལོ་ཆེན་མན་འདྲའོ། །འདི་བསྡུས་དོན་དང་གཞུང་འབེབས་གཙོ་བོར་སྦྱར་བའི་བརྒྱུད་པ་ཡིན་ལ།མཐའ་དཔྱོད་གཙོ་བོར་སྦྱར་བའི་བརྒྱུད་པ་ནི། ཞྭ་ལུ་ལོ་ཆེན་ནས། དཔོན་པད་དཀར་ཆོས་སྐྱོང༌། འབྲུག་པ་ལོ་ཙཱ་བ་སྤྱང་མོ་ངག་དབང་གྲགས་པ། ལོ་ཆེན་དབང་ཕྱུག་ཞབས། ཤོང་སྟོན་སྤྲུལ་པའི་ཟློས་གར་སངས་རྒྱས་དཔལ་བཟང༌། སྨོན་འགྲོ་པཎ་ཆེན་ཚེ་དབང་དོན་གྲུབ་མན་འདྲའོ། །སྒྲ་མདོ་འདིའི་རྩ་བའི་འབྱུང་ཁུངས་ནི་ཨིནྡྲ་བྱཱ་ཀ་ར་ཎ་གཙོ་ཆེ་བར་བཞེད་དོ། །རྒྱུ་མཚན་བརྒྱ་བྱིན་གྱིས་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་བྱ་བའི་བསྟན་བཅོས་བྱས། བརྒྱ་བྱིན་གྱིས་སྒྲ་བསླབས་པའི་སློབ་བུ་དྲང་སྲོང་ཕུར་བུ་ཡིན་པའི་ཕྱིར་རོ། །ཀཱ་ལཱ་པའི་ཉེ་བརྒྱུད་ནི། རྗེ་བཙུན་འཇམ་དཔལ་དབྱངས། དེས་རྒྱ་གར་ཤར་ཕྱོགས་ཏི་ར་ཀའི་པཎྜི་ཏ་ཤྲཱི་མ་ཎི་ཀ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཞེངས་པའི་གཙུག་ལག་ཁང་དུ་ཀ་ལཱ་པའི་བཤད་པ་གནང༌། དེས་བལ་པོ་ཤིང་ཀུན་གྱི་མཆོད་རྟེན་ལ་བསྐོར་བ་མཛད་དུས། བོ་དོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཞུས། དེ་ལས་སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱིས་ཞུས། དེ་ལས་ཞྭ་ལུ་ལོ་ཙཱ་བ་ལེགས་རྒྱལ་གྱིས་ཞུས། དེ་ལས་ཞྭ་ལུ་སྐད་གཉིས་སྨྲ་བའི་དབང་པོ་ཆོས་སྐྱོང་བཟང་པོས་ཞུས་པ་མན་ཆད་སྔ་མ་རྣམས་དང་འདྲའོ།།  ༈  །།རྒྱལ་བ་ཀུན་གྱི་ཡུམ་གཅིག་འཕགས་མ་དབྱངས་ཅན་མས་གནས་ལྔ་རིག་པའི་སློབ་དཔོན་ཆེན་པོ་ཨ་ནུ་བྷཱུ་ཏི་སྭ་རུ་པཱ་ཙརྻ་སྟེ་རྗེས་སུ་འབྱོར་པ་རང་བཞིན་བཟང་པོ་ལ་དངོས་སུ་སྩལ་བའི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎ་དང༌། སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་དང་བཅས་པའི་སྟེང་ནས་དཀའ་བའི་གནད་ཀྱི་ལག་ཁྲིད་ཐོས་པའི་བརྒྱུད་པ་ནི། རྒྱལ་བའི་ཡུམ་གྱུར་འཕགས་མ་དབྱངས་ཅན་མ། གནས་ལྔ་རིག་པ་ཨ་ནུ་བྷཱུ་ཏི་སྭ་རུ་པཱ་ཙརྻ་ནས་རིམ་པར། འཕགས་ཡུལ་ནུབ་ཕྱོགས་ཀུ་རུ་ཀྵེ་ཏྲ་བྲམ་ཟེའི་རིགས་སུ་འཁྲུངས་པ་པཎྜི་ཏ་པ་ལ་བྷ་དྲ། གོ་ཀཱུ་ལ་ན་ཐ་མི་ཤྲ། འདར་པ་ལོ་ཙཱ་བ་ངག་དབང་ལྷུན་གྲུབ་ཕུན་ཚོགས། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། བྱམས་གླིང་མཁས་པ་ཀུན་དགའ་ལེགས་པ། ཆེ་ཚང་སྨྲ་བའི་དབང་ཕྱུག་གསུང་རབ་རྒྱ་མཚོ། གཙུག་ལག་རྒྱ་མཚོ་འཛིན་པ་ཀརྨ་འཆི་མེད་ཐུབ་བསྟན་རབ་གསལ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།།  ༈  །།བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཐུ་མི་སམྦྷོ་ཊ་རྒྱ་གར་དུ་བརྫོངས་ཏེ། པཎྜི་ཏ་ལྷ་རིགས་པ་སེང་གེ་དང་བྲམ་ཟེ་ལི་བྱིན་བསྟེན་ནས། ལེགས་སྦྱར་གྱི་བརྡ་སྤྲོད་ལ་མཁས་པར་གྱུར་པས་རྒྱ་ཡིག་ལྔ་བཅུ་བོད་ཡིག་སུམ་ཅུར་གཏན་ལ་ཕབ་སྟེ་བསྟན་བཅོས་ཆེན་པོ་བརྒྱད་མཛད་པའི་ནང་ཚན་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་འགྲེལ་པ་ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོས་མཛད་པའི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། བྲམ་ཟེ་ལི་བྱིན། ཐུ་མི་སམྦྷོ་ཊ་ནས་རིམ་པར། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེ་བའི་གཏེར་མཛོད། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། པཎྜི་ཏ་ཆེན་པོ་སྨོན་འགྲོ་ཚེ་དབང་དོན་གྲུབ། དེ་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་ནས་རིམ་པར་སེ་ར་ཐེག་ཆེན་གླིང་གི་རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ལོ་ཆེན་ཆོས་སྐྱོང་བཟང་པོ་ནས་རིམ་པར། ཚེ་བྷྲཱུྃ་པ་ཀརྨ་འཆི་མེད་ཐུབ་བསྟན་རབ་གསལ། དེས་བདག་ལའོ།།  ༈  །།གཉིས་པ་ནི། ས་སྐྱ་པཎྜི་ཏས། གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཞེས་བཤད། །ཅེས་གསུངས་པས་རིག་པའི་གནས་ལྔའི་ནང་དུ་རིག་གནས་གཞན་ཐམས་ཅད་འདུས་པའི་ལུགས་ལ་ནི། ཞར་བྱུང་སྒྲའི་ཡན་ལག་ཏུ་འགྱུར་ཞིང༌། རིག་པའི་གནས་ཆུང་བ་ལྔ་ཞེས་སོ་སོར་བགྲང་བའི་ལུགས་ལ་ནི། སྒྲ་ཤེས་ན་དོན་ལ་མི་རྨོངས་པས་རྗོད་བྱེད་ཀུན་གྱི་གཞིར་བཟུང་ནས།དེའི་སྟེང་དུ་སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། ཞེས་དཔང་ལོ། སྣར་ཐང་སཾ་གྷ་ཤྲཱི། རིན་སྤུངས་ས་སྤྱོད་སོགས་མཁས་པ་འགའ་ཞིག་སྒྲ་ལན་གཉིས་སུ་བགྲངས་པའི་ལྔར་འདོད་པ་དང༌། སྟག་ཚང་ལོ་ཙཱ་བས། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང༌། །མངོན་བརྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག །ཅེས་སྒྲ་མི་བགྲངས་པར་དུས་འཁོར་གྱི་རྩིས་དང་དབྱངས་འཆར་གྱི་རྩིས་རིག་གཅིག་ཏུ་བགྲངས་པའི་ཆུང་བ་ལྔ་ཞེས་པའི་ཐ་སྙད་མཛད་མོད། དོན་ལ་འགལ་བར་མི་སེམས་ཏེ། ངེས་པར་ཆེ་ཆུང་གི་ཐ་སྙད་དེ་ལྟར་དགོས་པའི་གྲུབ་མཐའ་འཆའ་ན་གོང་གི་མདོ་སྡེ་རྒྱན་གྱི་ལུང་དེ་ལ་ཡང་མ་ཁྱབ་པའི་སྐྱོན་ཡོད་པར་ཐལ། དེར་སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གཞན་ལྔ་པོ་རྒྱལ་བའི་སྲས་ཀྱིས་བསླབ་བྱར་མ་བསྟན་པའི་ཕྱིར་རོ། །དེས་ན་གང་ལྟར་ཡང༌། རྒྱ་གར་རྡོ་རྗེ་གདན་གྱི་མཁས་པ་སྒོ་དྲུག་ཏུ་གྲགས་པའི་ཡ་གྱལ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱིས་བྲྀཏྟ་ཛཱ་ཏི་ངོ་མཚར་རྟོགས་བྱེད་ཀྱི་རི་མོ་དང་བཅས་པ་ལེགས་པར་ནོས་པའི་བརྒྱུད་པ་ནི། པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས། པཎ་ཆེན་ས་དབང་བཟང་པོ། ཤོང་ལོ་ཙཱ་བ་མཆེད་གཉིས། ལོ་ཙཱ་བ་མཆོག་ལྡན་པ།དཔང་ལོ་ཆེན་པོ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་ནམ་མཁའ་བཟང་པོ། སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ། དཔལ་སྡིངས་ལོ་ཆེན་གྲགས་པའི་མཚན་ཅན། འགོས་ལོ་ཙཱ་བ་གསུམ་པ་ཆོས་སྐྱོང་བཟང་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། ཤེས་བྱ་ཀུན་རིག་སྨོན་འགྲོ་ཚེ་དབང་དོན་གྲུབ། དེ་སྲས་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། བྱམས་གླིང་མཁས་པ་ཀུན་དགའ་ལེགས་པ། མཁས་དབང་གསུང་རབ་རྒྱ་མཚོ། བརྡ་སྤྲོད་སྨྲ་བའི་དབང་ཕྱུག་ཀརྨ་འཆི་མེད་ཐུབ་བསྟན་རབ་གསལ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཞྭ་ལུ་ལོ་ཆེན་ནས། ལོ་ཆེན་པད་དཀར་ཆོས་སྐྱོང༌། གྲངས་ཆེན་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎ་ཆེན་མན་འདྲ།།  ༈  །།ཆོས་ཀྱི་རྒྱལ་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་སྡེབ་སྦྱོར་གྱི་བསྟན་བཅོས་སྣ་ཚོགས་མེ་ཏོག་གི་ཆུན་པོ་རིག་གནས་མཐའ་དག་གི་གསལ་བྱེད་མཁས་པ་འཇུག་པའི་སྒོ། སྒྲ་ལ་འཇུག་པ། སྒྲ་ཉེར་བསྡུས། སྒྲའི་གནས་ཀྱི་གནད་བསྡུས་རྣམས་ཀྱི་ལུང་རྐྱང་གི་བརྒྱུད་པ་ནི། པཎྜི་ཏ་སཾ་གྷ་ཤྲཱི། འཇམ་དབྱངས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ་བ། རྒྱལ་བ་ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་བ་འཛིན་པ། ཆོས་རྗེ་བྱང་ཆུབ་སེང་གེ ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ནམ་མཁའ་སངས་རྒྱས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། ཆོས་ཀྱི་རྗེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་གྲུབ་པ་ཁམས་སྟོན་ནམ་མཁའ་དཔལ་བཟང༌། དེས་བདག་ལའོ།།  ༈  །།མ་ཧཱ་པཎྜི་ཏ་དཔལ་འཛིན་སྡེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་མུ་ཏིག་ཕྲེང་བ་ལས། འཇིག་རྟེན་མིག་གཅིག་ཆོས་སྐྱོང་བཟང་པོས་མངོན་བརྗོད་ཉེ་བར་མཁོ་ཞིང་གྲགས་ཆེ་བ་ཆེ་ལོང་ཞིག་ལོགས་སུ་བཀར་བ་སྐད་གཉིས་ཤན་སྦྱར་དུ་ཡོད་པ། སློབ་དཔོན་ཆེན་པོ་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང༌། ས་པཎ་གྱི་ཚིག་གཏེར་སོགས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་ཡི་གེ་ལ་བརྟེན་ནས་དཀའ་བའི་གནད་རྣམས་ལེགས་པར་ཐོས་པའི་བརྒྱུད་པ་ནི། པཎ་ཆེན་འཆི་མེད་སེང་གེ སློབ་དཔོན་རབ་འབྱོར་ཟླ་བ། མཁས་པ་ཕུན་ཚོགས་བྱེད་པ། ཤོང་ལོ་མཆེད་གཉིས། ལོ་མཆོག་པ། དཔང་ལོ་ཆེན་པོ། ལོ་ཆེན་བྱང་རྩེ། ལོ་ཆེན་ནམ་མཁའ་བཟང་པོ། སྒྲ་བསྒྱུར་ཐུགས་རྗེ་དཔལ། མང་ཐོས་ལེགས་པ་རྒྱལ་མཚན། ཞྭ་ལུ་ལོ་ཙཱ་བ་ཆེན་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ། དཔལ་ཁང་པ་དབྱངས་ཅན་སྙེམས་པའི་སྡེ། དེ་ལས་སྒང་རྭ་བ་འོད་ཟེར་རྒྱལ་མཚན་དང་གྲངས་ཆེན་འཇམ་དཔལ་རྡོ་རྗེ་གཉིས་ཀྱིས་གསན། གཉིས་ཀ་ལས་པཎ་ཆེན་ཚེ་དབང་དོན་གྲུབ། དེ་ནས་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། ངག་དབང་བློ་བཟང་རྒྱ་མཚོ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། བྱམས་གླིང་མཁས་པ་ཀུན་དགའ་ལེགས་པ། ཆེ་ཚང་གསུང་རབ་རྒྱ་མཚོ། ཀརྨ་འཆི་མེད་ཐུབ་བསྟན་རབ་གསལ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཚིག་གི་གཏེར་གྱི་ལུང་རྐྱང་གི་བརྒྱུད་པ་ནི། གོང་གི་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོའི་བརྒྱུད་པ་དང་འདྲའོ།།  ༈  །།འཕགས་པའི་ཡུལ་གྱི་སྙན་ངག་མཁན་ཀུན་གྱི་གཙུག་ཏུ་མངོན་པར་མཐོ་བ། ཚངས་པའི་བུ་མོས་རྗེས་སུ་བཟུང་བའི་སློབ་དཔོན་དཎྚི་སྟེ་དབྱུག་པ་ཅན་ཞབས་ཀྱིས་མཛད་པའི་སྙན་དངགས་མེ་ལོང་གི་བསྟན་བཅོས་ལམ་རྣམ་པར་དབྱེ་བ།དོན་རྒྱན་སྒྲ་རྒྱན་གབ་ཚིག་དང་བཅས་པ། དེའི་བསྡུས་དོན་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པ་དང༌། དཀའ་འགྲེལ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་དབྱངས་ཅན་དགྱེས་པའི་གླུ་དབྱངས་དང་འབྲས་སྤུངས་སྒོ་མང་གི་པཎ་ཆེན་བློ་གྲོས་ཉི་མས་མཛད་པ་དཔེར་བརྗོད་རྣམས་དང་བཅས་པའི་སྟེང་ནས་ཁྲིད་བཤད་པ་རྩོམ་རྒྱུགས་ཀྱི་དོགས་སེལ་དང་བཅས་པའི་སྒོ་ནས་ཤིན་ཏུ་ཞིབ་པར་ནོས་པའི་བརྒྱུད་པ་ནི། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ། པཎ་ཆེན་ཀཱིརྟི་བྷུ་ཏི། པཎྜི་ཏ་ཆེན་པོ་དཔལ་ལྡན་དབྱུག་པ་ཅན། པཎ་ཆེན་པཱུརྞ་ཙནྡྲ། མཁས་པ་འཆི་མེད་སེང་གེ སློབ་དཔོན་རབ་འབྱོར་ཟླ་བ། པཎ་ཆེན་ལཀྵྨཱི་ཀཱ་ར། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་ཙཱ་བ་ཆེན་པོ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་བསྒྱུར་ནམ་མཁའ་བཟང་པོ། མཁས་པ་ཤེས་རབ་དཔལ། ལོ་ཆེན་ཐུགས་རྗེ་དཔལ། མཁས་མཆོག་སངས་རྒྱས་མཚན་ཅན། མང་ཐོས་ལེགས་པ་རྒྱལ་མཚན། ལོ་ཆེན་ཆོས་སྐྱོང་བཟང་པོ། དབོན་པད་དཀར་ཆོས་སྐྱོང༌། གྲངས་ཆེན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎ་ཆེན་ཚེ་དབང་དོན་གྲུབ། འཇམ་དབྱངས་དབང་རྒྱལ་རྡོ་རྗེ། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། རྣམ་གླིང་མཁས་པ་ཆེན་པོ་དཀོན་མཆོག་ཆོས་གྲགས། ཆབ་མདོ་བྱམས་གླིང་གི་སྙན་དངགས་མཁན་ཀུན་དགའ་ལེགས་པ། ཆེ་ཚང་སྨྲ་བའི་དབང་ཕྱུག་གསུང་རབ་རྒྱ་མཚོ། གཙུག་ལག་བྱེ་བའི་གཏེར་མཛོད་ཀརྨ་འཆི་མེད་ཐུབ་བསྟན་རབ་གསལ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ནོས་སོ། །ཡང་ན་ཞྭ་ལུ་ལོ་ཙཱ་བ་ནས། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། དཔལ་ཁང་ལོ་ཙཱ་བ་མང་ཐོས་ཆོས་ཀྱི་རྒྱ་མཚོ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། སྨོན་འགྲོ་པཎ་ཆེན་མན་འདྲའོ། །ཡང་ན་པད་དཀར་ཆོས་སྐྱོང་ནས། སྤྱང་མོ་ལོ་ཙཱ་བ། ལོ་ཆེན་དབང་ཕྱུག ལོ་ཆེན་སངས་རྒྱས་དཔལ་བཟང༌། ཞང་མཁར་པཎ་ཆེན་འཇམ་དཔལ་རྡོ་རྗེ། རྒྱལ་དབང་ཀུན་མཁྱེན་ལྔ་པ། རྣམ་གླིང་པཎྜི་ཏ་དཀོན་མཆོག་ཆོས་གྲགས། དྲུང་ཡིག་ཀུན་དགའ་ལེགས་པ། མཁས་དབང་གསུང་རབ་རྒྱ་མཚོ། པཎ་ཆེན་ཀརྨ་འཆི་མེད་ཐུབ་བསྟན་རབ་གསལ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །འདིར་འགའ་ཞིག་སློབ་དཔོན་ཆོས་ཀྱི་གྲགས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པའི་རྒྱུ་མཚན་གྱིས། སློབ་དཔོན་དབྱུག་པ་ཅན་དང་མཁས་མཆོག་དཔའ་བོ་གཅིག་པར་འདོད་པ་མི་རིགས་པའི་ཤེས་བྱེད་སྣར་ཐང་ལོ་ཆེན་སཾ་གྷ་ཤྲཱིས། དཎྜཱིའི་བསྟན་བཅོས་དྲི་མ་མེད། །ཇི་བཞིན་འགྱེད་ལ་དཔའ་བོ་དང༌། །སྐལ་མཉམ་བློ་གྲོས་མིག་ཐོབ་པ། །མ་ནོར་ལམ་འདི་བདག་གིས་བཤད། །ཅེས་བཤད་པ་དང༌། ལམ་རྣམ་དབྱེའི་སྐབས་སུ། དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས། །ཞེས་པ་འགྲེལ་པ་རྣམས་སུ་ནག་མོའི་ཁོལ་པོ་དཔའ་བོ་སོགས་བགྲངས་པ་མང་བའི་ཕྱིར་རོ། །ཟློས་གར་གྱི་བསྟན་བཅོས་སྐད་རིགས་ཀྱི་དབང་གིས་བོད་དུ་འཇུག་ཆུང་བས་གྲགས་ཆུང་ཞིང་མཁས་པ་རྣམས་ཀྱིས་བཤད་སྲོལ་ལས་དོན་གྱིས་ཐོན་པ་ལས་ཟུར་དུ་ནོས་པ་མེད་ལ། དེ་ལ་མཁོ་བས་པཎྜི་ཏས་མཛད་པའི་རོལ་མོའི་བསྟན་བཅོས་ཀྱི་ལུང་བརྒྱུད་ནི་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་སོགས་དང་འདྲའོ།།  ༈  །།འཕགས་པའི་ཡུལ་ན་སྙན་ངག་མཁན་ཀུན་གྱི་དབུས་སུ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལྟར་གསལ་བ་ཆོས་ཀྱི་རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ཡལ་འདབ་བརྒྱ་དང་བདུན། དེའི་ཁ་སྐོང་ལེའུ་གཅིག་སྲས་ཟླ་བའི་དབང་པོས་མཛད་པ་དང་བཅས་པའི་ཡལ་འདབ་བརྒྱ་རྩ་བརྒྱད་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཀས་བསྐུལ་ལྟར་སྐད་གཉིས་སྨྲ་བའི་དབང་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱར་བསྒྱུར་བ་ལ་སླད་ཀྱི་ལོ་ཙཱ་བ་ཞྭ་ལུ་པ་ཆོས་སྐྱོང་བཟང་པོས་འགྱུར་བཅོས་དང་ཞུས་དག་གིས་ལེགས་པར་བསྟར་བའི་སྟེང་ནས་ལུང་ཐོས་པའི་བརྒྱུད་པ་ནི། སྟོན་མཆོག་ཤཱཀྱ་སེང་གེ ཆོས་རྒྱལ་དགེ་བའི་དབང་པོ། དེ་སྲས་ཟླ་བའི་དབང་པོ། པཎྜི་ཏ་ལཀྵྨཱི་ཀཱ་ར། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། དབོན་པོ་ཆོས་སྐྱོང་དཔལ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ཞབས་དྲུང་ངག་དབང་«་་་་་འདི་དབྱངས་ཅན་མས་རྗེས་སུ་བཟུང་བར་གྲགས། »གྲགས་པ། ཀུན་སྤངས་རྣམ་རྒྱལ་གྲགས་པ། འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང༌། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག དཔལ་ཁང་ལོ་ཙཱ་བ་མང་ཐོས་ཆོས་ཀྱི་རྒྱ་མཚོ།མདོ་ཁམས་པ་བླ་ཆེན་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས།«་་་་་གོང་དཀར་བ་ཆོས་སྡེ་བ། »འཇམ་དབྱངས་མཁྱེན་པའི་རྩེ་མོ།«་་་་་མཁྱེན་བརྩེ་ཆེན་པོའི་དབོན་པོ་ཡིན་ཚེ་དབང་ཀུན་མཁྱེན་ཡང་ཟེར། »ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན།«་་་་་གོང་དཀར་དྲུང་ཡིག་རི་གྲོང་པ།» གཡུ་ལོ་བཀོད་པ་རྡོ་རྗེ་རྒྱལ་མཚན།«་་་་་གོང་དཀར་ཟུར་འཆད་པ། »དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ།«་་་་་གོང་དཀར་འཕྱིང་རུ་ཐོད་དཀར་བ།»ནོར་«་་་་་གོང་དཀར་བ།» རྒྱས་གླིང་པ་རིན་ཆེན་རྒྱ་མཚོ། དོན་གྲུབ་ཆོས་«་་་་་གོང་དཀར་བ།» གླིང་བསྟན་པ་དར་རྒྱས། དོལ་པ་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། མཁས་བཙུན་ཆེན་པོ་ཀུན་དགའ་རྒྱ་མཚོ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ནོས་སོ། །ཡང་ན་དཔལ་ཁང་ལོ་ཙཱ་བ་ནས། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། འཇམ་དབྱངས་མཁྱེན་པའི་རྩེ་མོ་མན་གོང་ལྟར་རོ། །ཡང་ན་སྟག་ལུང་ངག་དབང་གྲགས་པ་ནས། ལོ་ཆེན་ཆོས་སྐྱོང་བཟང་པོ། དཔལ་ཁང་ལོ་ཙཱ་བ་མན་འདྲ། ཡང་ན་དཔལ་འབྱོར་གླིང་པ་ནས། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ་མན་གོང་བཞིན་ནོ།།  ༈  །།དཔལ་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པའི་ཕྱི་རོལ་ཤེས་པའི་ཡན་ལག་རྩིས་སྐོར་རྣམས་དུས་འཁོར་གྱི་ཆ་ལག་ཏུ་བགྲངས་ཀྱང་མི་འཐད་པ་མ་ཡིན་མོད། རིག་གནས་ཆེ་བ་ལྔར་བསྡུ་བའི་ཚེ་སྒྲ་རིག་པའི་འཁོར་དུ་འབྱུང་ཞིང༌། རིག་གནས་ཆུང་བ་ལྔར་དབྱེ་བའི་ཚེ་སྐར་རྩིས་རིག་གནས་ཆུང་བའི་ཡ་གྱལ་གཅིག་ཏུ་མཛད་པ་ཁུངས་དང་འབྲེལ་བ་ནས། པདྨ་དཀར་པོའི་ཞལ་ལུང་གི་དགོངས་དོན་གཙོ་བོར་བཟུང༌། ཕུག་པ་མན་ངག་ལུགས་ཀྱི་ཕྱག་ལེན་གྱིས་རྣམ་པར་སྤྲས་པའི་བསྟན་བཅོས་བཻ་ཌཱུར་དཀར་པོའི་སྟེང་ནས་ལྔ་བསྡུས། སྒྲ་གཅན་ལོ་འཕོ་ཟླ་འཕོ། གཟའ་འཛིན། གཟའ་ལྔ་ཚེས་དང་ཉིན་ཞག་ལ་སྤྱོད་པ། དེ་དག་གི་མྱུར་རྩིས་ཀྱི་རིགས་མི་འདྲ་བ་རྣམས་ཉི་ལྡོག་འཁོར་ལོ། དུས་སྦྱོར་ཏཏྐཱལ་དང་དུམ་བུ་དྲུག་པ། ཞག་གསུམ་གྱི་རྣམ་པར་དབྱེ་བ།གཡུལ་ལས་རྣམ་པར་རྒྱལ་བ་ལས་བཏུས་པ་ཐོར་བུ་རྣམས་དང་བཅས་པ་རྣམས་ལག་ཁྲིད་དུ་ནོས་པའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པ། དེ་ལས་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོ་གཉིས་ཀྱིས་གསན། གཉིས་ཀ་ལས་མཁས་པ་ཆོས་ལེགས་རིན་ཆེན།དེ་ནས་ཕུག་ནས་ཆོས་རྗེ་དཔལ་མགོན་ཕྲིན་ལས་པ་ནས་རིམ་པར།«་་་་་འདི་ནས་བརྒྱུད་པ་འགའ་ཞིག་བཙལ་དགོས། »སེར་ཐེག་ཆེན་གླིང་གི་ཆུ་མིག་སྤྱི་ཁང་པའི་རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་ཡན་ཆད་བཙལ། བཀའ་བློན་མཁས་པ་ཀུན་དགའ་ཕུན་ཚོགས། མངའ་རིས་མཁས་བཙུན་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཕུག་ལུགས་ཀྱི་གཟའ་ལྔ་ཉིན་ཞག་མ་མྱུར་རྩིས་རེ་མིག་རྒྱ་མཚོ་སོགས་ཀྱི་ལག་ལེན་ཆེ་ཕྲ་རྣམས་ཀྱི་བརྒྱུད་པ་ནི། ཆོས་རྗེ་ཕྲིན་ལས་པ་ནས། མཁས་གྲུབ་དཔལ་གྱི་སེང་གེ མཁས་དབང་བཀྲ་ཤིས་མཚན་ཅན། ལྡུམ་བུ་དོན་གྲུབ་དབང་རྒྱལ། རྣམ་གླིང་པཎ་ཆེན་ནམ། ལོ་ཆེན་ཆོས་དཔལ་བཟང་པོ་གང་རུང་ནས། རྡོར་གྲགས་པདྨའི་མཚན་ཅན། བླ་མཁྱེན་བསོད་ནམས་རྒྱལ། དེ་ལས་བདག་གིས་སོ།།  ༈  །།བསྡུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པ་བྱེད་པའི་རྩིས་ཀྱི་ལྔ་བསྡུས།སྒྲ་གཅན། ལོ་བདག་རྒྱལ་བློན། ཀར་མྱོང་རྩིས། ཉི་ཟླར་སྒྲ་གཅན་འཇུག་པའི་རྩིས་ལ་སོགས་པ་དེ་ལ་ཉེ་བར་མཁོ་བའི་རིགས་རྣམས་ལེགས་པར་ནོས་པའི་བརྒྱུད་པ་ནི། ཡན་ཆད་ཀྱི་བརྒྱུད་པ་བཙལ། དཔལ་ས་སྐྱའི་མཁས་པ་དགེ་སློང་ལགས། དེ་ལས་རྩིས་ཀྱི་གཙུག་ལག་སྨྲ་བའི་དབང་ཕྱུག་ཀུན་དགའ་རྒྱ་མཚོ། མཁས་བཙུན་དགེ་བའི་བཤེས་གཉེན་སངས་རྒྱས་ཆོས་འཕེལ། དེ་ལས་བདག་གིས་ལེགས་པར་ནོས་སོ། །ཡང་ན་སངས་རྒྱས་ཆོས་འཕེལ་ནས། རྩིས་རིག་འཛིན་པ་ཀུན་དགའ་རྒྱ་མཚོ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སོ།།  ༈  །།འདི་དེ་སྔོན་ལག་ལེན་མ་ཐོབ་ཀྱང་ཐོབ་འགྱུར་དབང་གིས་བྲིས། དཔལ་གཙུག་ན་ཟླ་བས་གསུངས་པའི་དབྱངས་འཆར་གྱི་རྒྱུད་ལེའུ་བཅུ་པའི་དགོངས་འགྲེལ་མཆོག་ཏུ་དགའ་བའི་སྒྲ་དབྱངས་དང༌། ངོ་མཚར་རྒྱན་གྱི་མེ་ཏོག་གི་སྟེང་ནས་དབྱངས་འཆར་གྱི་ཕྱག་ལེན་ཡོངས་སུ་རྫོགས་པ་ནོས་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། ལྷ་ཆེན་དབང་ཕྱུག་ཆེན་པོ།དཔལ་རྟ་མགྲིན་མགོན་པོ། དེའི་སྲས་དཔལ་ལྡན་ཚངས་ལྷ་ནཱ་ཐ། དཔལ་ཟླ་བ་ཀུན་དགའ་མགོན་པོ། དཔལ་ཨུཏྤལ་བཟང་པོ། དཔལ་གསང་བའི་མཚན་ཅན། དཔལ་ཡི་དམ་བཟང་པོ། དཔལ་ཨ་བྷི་ནཾ་གུཔྟ་ར་ན། དཔལ་ཤངྐ་ར་བྷ་དྲ། དཔལ་ཕུན་སུམ་ཚོགས་འཛིན་བཟང་པོ། དཔལ་སེང་གེ་གོ་ཆ། དཔལ་འཇམ་དཔལ་དགའ་བྱེད། དཔལ་འོད་མཛད། དཔལ་ཛ་ཡ་ཨཱ་ནནྡ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། བླ་མ་ཆོས་རྗེ། སློབ་དཔོན་རིན་ཆེན་རྒྱལ་པོ། སློབ་དཔོན་རིན་ཆེན་དབང་ཕྱུག བླ་མ་གཞོན་ནུ་རིན་ཆེན། སྔགས་འཆང་ལྷུན་གྲུབ་དཔལ། མཁས་གྲུབ་ཆོས་རྗེ། མཁས་མཆོག་ཨཱརྻ་དེ་ཝ། མཁས་དབང་སངས་རྒྱས་བློ་གྲོས། དུས་ཞབས་པ་ཆེན་པོ་དཔལ་མགོན་ཕྲིན་ལས། མཁས་པ་དཔལ་གྱི་སེང་གེ བླ་མཁྱེན་གཡུ་ལོ་བ། གཉགས་བན་ངག་དབང་འཇམ་དཔལ་བློ་གྲོས། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ཡིན་ནམ། དེ་ནས་བརྒྱུད་པ་གསུམ་བཞི་མ་རྙེད་པ་བཙལ་དགོས། དེ་ནས་སྨྲ་མཁས་ངག་གི་དབང་ཕྱུག་གྲགས་པ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ།།  ༈  །།འཕགས་པའི་ཡུལ་དུ་ནག་རྩིས་ཞེས་བྱ་བའི་ཐ་སྙད་མ་གྲགས་ལ་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་གྱི་འགྲོ་བ་རྣམས་ཀུན་རྫོབ་རྩིས་ཀྱི་བདེན་པས་འདུལ་བར་དགོངས་ནས། མགོན་པོ་འཇམ་དཔལ་དབྱངས་ཀྱིས་རྒྱ་ནག་རི་བོ་རྩེ་ལྔར་ཏྲིཀྵ་ཤིང་གི་ལྦ་བ་ལས་བྱིས་པའི་ཚུལ་གྱིས་བརྫུས་ཏེ་འཁྲུངས་ནས་ལེགས་གསུངས་བདུད་རྩིའི་སྒོ་འཕར་ཕྱེ་བས་ཡུལ་དེ་ཤིན་ཏུ་དར་རྒྱས་སུ་བྱུང་ལ། སླད་ཀྱི་ཚེ་འཕགས་མ་སྒྲོལ་མའི་སྤྲུལ་པ་འུན་ཤིང་ཀོང་ཇོས་པུར་རྒྱལ་བོད་དུ་བྱོན་དུས་རྟེན་འབྲེལ་རྩིས་ཀྱི་གཙུག་ལག་རྣམས་སྤྱན་དྲངས་པ་ནས་བརྩམས་ཏེ་བོད་ཡུལ་དུ་རྩིས་དཀར་ནག་ཅེས་ཡོངས་སུ་དར་སྲོལ་བྱུང་བའི་སྐོར་ལ་རྩ་བའི་རྡེའུ་དྲུག གཅོད་འདྲལ་གྱི་རྡེའུ་ཉི་ཤུ་རྩ་གཅིགཞེ་བདུན་མ། བཅུ་བཞི་མ། བརྒྱད་མ། ཐང་ཤིང་རྩིས། ཚེ་རྩིས། བག་རྩིས། གཤིན་རྩིས་སོགས་ཞིབ་ཏུ་ནོས་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ།ཀོང་ཙེ་འཕྲུལ་གྱི་རྒྱལ་པོ། ལོ་ཙཱ་བ་ཁམས་པ་ཕྲ་མོ་སོགས་ནས་རིམ་པར། ཁྱུང་ནག་ཤཱཀ་དར། ཕུག་པ་མཁས་མཆོག་ཨཱརྻ་དེ་ཝ། མཚུངས་མེད་སངས་རྒྱས་བློ་གྲོས། རྩིས་རིག་སྨྲ་བའི་གཙུག་རྒྱན་དཔལ་མགོན་ཕྲིན་ལས་པ། དེ་ནས་སེ་ར་ཐེག་ཆེན་གླིང་གི་རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ནོས་སོ། །ཡང་ན་དཔལ་མགོན་ཕྲིན་ལས་ནས། མཁས་མཆོག་དཔལ་གྱི་སེང་གེ བླ་མཁྱེན་གཡུ་ལོ་བ། གཉགས་བན་ནང་རྭ་བ་ངག་དབང་འཇམ་དཔལ་བློ་གྲོས། ཟུར་ཆེན་པ་མན་གོང་དང་འདྲའོ།།  ༈  །།གཉིས་པ་ཚར་གཅོད་རིག་པ་ཚད་མ་ནི། འཇམ་དབྱངས་ས་སྐྱ་པཎྜི་ཏས། དེ་ལྟར་སྒྲུབ་དང་སུན་འབྱིན་གྱི། །རིག་པའི་གཞུང་ལུགས་གང་གིས་ཤེས། །མཁས་པ་དེས་ནི་རྫོགས་པ་ཡི། །སངས་རྒྱས་རྣམས་ཀྱི་བསྟན་པ་འཛིན། །ཞེས་གསུངས་པ་རིགས་པར་སྨྲ་བའི་ཁྱུ་མཆོག་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མདོ། ཤེས་བྱ་རིག་གནས་ལྔའི་སྐབས་སུ་བཞི་པ་ཚད་མ། རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་དང༌། རེད་མདའ་བ་གཞོན་ནུ་དཔལ་དག་གི་སྐབས་སུ་ས་སྐྱ་དང་ངམ་རིང་སོགས་སུ་པོ་ཏི་གྲགས་ཆེན་བཅོ་བརྒྱད་ཀྱི་རྣམ་གཞག་མཛད་པར། ཚད་མདོ་«༡»རྣམ་འགྲེལ་«༢»རྣམ་ངེས་«༣»ཚད་མའི་སྐོར། །འདུལ་བ་མདོ་«༤»དང་མདོ་རྩ་«༥»འདུལ་བའི་སྐོར། །ཀུན་ལས་བཏུས་«༦»དང་མཛོད་གཉིས་«༧»མངོན་པའི་སྐོར། །བྱམ«༨»ས་ཆོས་«༩»ལྔ་«༡༠»དང་ཕ«༡༡»ར་ཕྱིན«༡༢»་དབུ་མ་ཡི། །རྩ་«༡༣»འཇུ«༡༤»ག་བཞི«༡༥»་གསུམ་ཆེས་«༡༦»ཟབ་དབུ་མའི་སྐོར། །སྡེ་བདུན་མདོ་བཅས་དགོངས་འགྲེལ་རིག་«༡༧»གཏེར་དང༌། །སྡེ་སྣོད་རྒྱུད་སྡེ་ཀུན་འགྲེལ་«༡༨»སྡོམ་གསུམ་སྟེ། །པུསྟི་གྲགས་ཆེན་བཅོ་བརྒྱད་ཞེས་སུ་གྲགས། །ཞེས་པ་ལྟར་ལས་དང་པོ་ཚད་མ་ཀུན་ལས་བཏུས་པ་ཞ་མ་སེང་རྒྱལ་བས་བསྒྱུར་བ་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ལུང་གི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། དགྲ་བཅོམ་པ་ཆོས་སྐྱོབ། མེ་ཝཾ་ག དབྱིག་གཉེན། དཔལ་ལྡན་ཕྱོགས་ཀྱི་གླང་པོ། སློབ་དཔོན་དབང་ཕྱུག་སྡེ། དཔལ་ལྡན་ཆོས་ཀྱི་གྲགས་པ། པཎྜི་ཏ་ལྷ་དབང་བློ་གྲོས། པཎ་ཆེན་ཤཱཀྱ་བློ་གྲོས། སློབ་དཔོན་དུལ་བའི་ལྷ། ཤེས་རབ་འབྱུང་གནས་བློ་གྲོས། པཎ་ཆེན་ཉི་མ་སྦས་པ། སློབ་དཔོན་ཛ་མ་རི། ཛྙཱ་ན་ཤྲཱི་མི་ཏྲ། པཎྜི་ཏ་ཆོས་མཆོག བྲམ་ཟེ་ཤངྐ་ར་ནནྡ། ཝངྒུ་པཎྜི་ཏ་ངག་དབང༌། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི། ས་སྐྱ་པཎྜི་ཏ། འུ་ཡུག་པ་རིག་པའི་སེང་གེ ཞང་མདོ་སྡེ་དཔལ། སྡེ་བདུན་པ་དཔལ་ལྡན་སེང་གེ མཁས་པ་ནོར་བཟང་དཔལ། མཁན་ཆེན་བརྩོན་འགྲུས་དཔལ། གཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤེས་བྱ་ཀུན་རིག མཁས་པ་དོན་ཡོད་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། ས་སྐྱའི་ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ཕྲིན་ལས་བཟང་པོ། དཔལ་ལྡན་ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ་ཀུན་དགའ་ལེགས་པ། བཤེས་གཉེན་རྣམ་རྒྱལ། སྨྲ་དབང་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ། རྗེ་བཙུན་སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་འབྱུང༌། ཆོས་རྗེ་བསམ་གཏན་ཕུན་ཚོགས། ཨེ་ཝཾ་པ་རིན་ཆེན་མི་འགྱུར་རྒྱལ་མཚན། དེས་བདག་བནྡེ་ཚུལ་ཁྲིམས་ཆེན་ལའོ།།  ༈ །།རིགས་པའི་དབང་ཕྱུག་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་སྡེ་བདུན་གྱི་ཡ་གྱལ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལེའུ་བཞི་པ་ས་སྐྱ་པཎྜི་ཏའི་འགྱུར་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཡང་དག་པ་ཐུབ་པའི་དབང་པོ། མགོན་པོ་འཇམ་དཔལ་དབྱངས། དགྲ་བཅོས་པ་ཆོས་སྐྱོབ། མཁས་པ་མེ་ཝཾ་ག«་་་་་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་མེ་ཝཾ་ག་ཞེས་སྣང༌།» ཀུན་མཁྱེན་གཉིས་པ་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། སློབ་དཔོན་དབང་ཕྱུག་སྡེ། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ། སློབ་དཔོན་པཎྜི་ཏ་ལྷ་དབང་བློ་གྲོས། སློབ་དཔོན་ཤཱཀྱ་བློ་གྲོས། པཎྜི་ཏ་འོད་ཀྱི་བློ་གྲོས། པཎྜི་ཏ་ཤེས་རབ་«རྒྱན་མཁན་པོར་ཡང་གྲགས།་་་་་»འབྱུང་གནས་སྦས་པ། སློབ་དཔོན་ཛ་«་་་་་ཚད་མའི་བརྒྱུད་འདེབས་སུ་ཡ་མཱ་རི་ཞེས་འབྱུང་བ་མ་དག་པ་འདྲའམ་སྙམ། »མ་རི། པཎྜི་ཏ་ཆོས་མཆོག«་་་་་རྒྱལ་རྔ་བདུན་པའང་ཟེར། »སློབ་དཔོན་དུལ་བའི་ལྷ།«་་་་་འདི་གསན་ཡིག་འགའ་ཞིག་ན་མ་བྱུང་བ་བརྟག »བྲམ་ཟེ་ཤངྐ་ར་ནནྡ།«་་་་་བདེ་བྱེད་དགའ་བར་བསྒྱུར་འདུག »ཝཾ་གུ་པཎྜི་ཏ། པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་སུ་ག་ཏ་ཤྲཱི། པཎ་ཆེན་དཱ་ན་ཤཱི་ལ། བལ་པོ་སཾ་གྷ་ཤྲཱི། དེ་བཞི་ག་ལས་ཆོས་རྗེ་ས་སྐྱ་པཎྜི་ཏས་གསན། དེ་ནས་འུ་ཡུག་པ་རིག་པའི་སེང་གེ ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ།དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁས་པ་བརྩོན་འགྲུས་དཔལ། གཡག་མི་ཕམ་ཆོས་ཀྱི་བླ་མ།རོང་སྟོན་མཁས་པ་ཡོན་ཏན་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། ས་སྐྱའི་ལས་ཆེན་ཡེ་ཤེས་ལྷུན་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ཕྲིན་ལས་བཟང་པོ། དཔལ་ལྡན་ཤཱཀྱ་བསྟན་འཛིན་མན་གོང་བཞིན་ནོ།།  >རྗེས་མ།>>> 

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*