༈ །།དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་རྗེས་སུ་གནང་བ། དེའི་སྒྲུབ་ཐབས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཀླུ་དབང་གི་རྒྱལ་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཇོ་བོ་དཱི་པཾ་ཀ་ར། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྤྱན་སྔ་བ། བྱ་ཡུལ་བ། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ། མཆིམས་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་གྲུབ། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་གངྒཱ་བྷ་དྲ། འཇམ་དབྱངས་སྔོན་པོ། ཀུན་སྤངས་ཆོས་རིན།བྱང་སེམས་བསོད་ནམས་རིན་པོ་ཆེ། བྲག་དཀར་སེམས་དཔའ་ཆེན་པོ། མཁས་གྲུབ་ཀུན་དགའ་རྒྱལ་མཚན། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཆེན་པོ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ།། ༈ །།སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་པའི་ཡི་གེའི་སྟེང་ནས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ལ་གནས་བརྟན་ཆེན་པོ་བཅུ་དྲུག་གིས་བསྐོར་བའི་རྗེས་གནང་ཕྱག་མཆོད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཕགས་པའི་གནས་བརྟན་བཅུ་དྲུག དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་བྱེད། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག གསེར་གླིང་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ། སེམས་ཙམ་རྣམ་རྫུན་པའི་པཎྜི་ཏ། རྔོག་བྱང་ཆུབ་འབྱུང་གནས། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་སྤྱིལ་བུ་བ། རྒན་མོ་ལྷས་པ་ཆེན་མོ།མཆིམས་གྲོ་མོ་ཆེ་པ། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས་པ། སློབ་དཔོན་སྦས་པ་སྟོན་གཞོན། ཆོས་སྐུ་བློ་གྲོས་འོད། མཁན་ཆེན་སེང་གེ་རྒྱལ་མཚན། བྱང་སེམས་ཤཱཀྱ་བསོད་ནམས། ཆོས་ཀྱི་རྒྱལ་པོ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་དཔལ་བཟང་པོ། རིན་པོ་ཆེ་དཔལ་ལྡན་ཆོས་འབྱོར།«་་་་་གཟིམས་འོག་པ། »སྤྱན་སྔ་ཀུན་དགའ་དོན་གྲུབ། མཁན་ཆེན་ངག་དབང་ཆོས་གྲགས།«་་་་་འདི་གཉིས་ཀ་ཐུབ་བསྟན་ཡངས་པ་ཅན་གྱི་མཁན་པོ་ཡིན་ནོ།།་་་་་»ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་འཇམ་དབྱངས་བསོད་ནམས་དབང་ཕྱུག མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་དུ་སྩལ་ཏོ། །རྗེས་གནང་གི་ཡི་གེ་ད་ལྟ་ཕྱག་ལེན་སྔགས་འཆང་ཆེན་པོ་ཀུན་རིན་གྱིས་མཛད་པའི་སྟེང་ནས་སོ།། ༈ །།ཐམས་ཅད་མཁྱེན་པ་བུ་ན་རིན་པོ་ཆེས་མཛད་པའི་དབང་ཆོག་འཆི་མེད་གྲུབ་པ་དང༌། ལྷན་ཐབས་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ་ཁ་སྐོང་དང་བཅས་པའི་སྟེང་ནས་འཕགས་པ་འོད་ཟེར་དྲི་མ་མེད་པའི་གཟུངས་ལས་གསུངས་པའི་ཐུབ་པའི་དབང་པོ་ལྷ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ངམ་རིགས་གཏད་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྟོན་མཆོག་ཐུབ་པའི་དབང་པོ། མགོན་པོ་འཇམ་དཔལ་དབྱངས། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཁྲི་བཙུན་པོ། སད་ན་ལེགས་འཇིང་ཡོན། ལྷ་སྲས་གཙང་མ། ལྷ་སྲས་འོད་སྲུངས། མངའ་བདག་དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ལྷ་བླ་མ་ཡེ་ཤེས་འོད། ལྷ་བཙུན་བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད། མངའ་བདག་འོད་ལྡེ། རྩེ་ལྡེ།མངའ་རིས། དགྲ་བཅོམ་པ་ཚུལ་ཁྲིམས་བྱང་ཆུབ། ཞུ་ལྡན་པ་ཤེས་རབ་གྲགས། ར་ས་ཆུ་ལྷད་པ་དར་མ་རྒྱལ་མཚན། གྲོ་མོ་ཆེ་བ་བདུད་རྩི་གྲགས།སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། བླ་མ་རིན་ཆེན་དོན་གྲུབ་ལེགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། ཞྭ་ལུ་བ་རིན་ཆེན་བཀྲ་ཤིས། གནུབས་སྒོམ་སྦས་པའི་རྣལ་འབྱོར་སྨོན་ལམ་རྒྱལ་མཚན།ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག ཁྱབ་བདག་རྡོ་རྗེ་འཆང་དབང་ཕྱུག་རབ་བསྟན། མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་བྱང་མ་པ་རིན་ཆེན་བཟང་པོ། རིན་ཆེན་པདྨ་ཕྲིན་ལས། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཆིམས་ནས། མཁན་ཟི། འཕགས་འོད། བུ་སྟོན་མན་འདྲ། ཡང་ན་ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། རོང་པ་ཕྱག་སོར་བ། འཕན་ཡུལ་གུ་ཁ་བ། ཤངས་ཀྱི་རྒྱ་ཕུག་པ་ཅན། གཡག་སྡེའི་ཞང་ཡེ་ཤེས་རྒྱལ་མཚན། སློབ་དཔོན་དབང་ཕྱུག་རིན་ཆེན། དབུས་པ་སངས་རྒྱས་འབུམ། ཀུན་མཁྱེན་ཆོས་སྐུ་འོད་ཟེར།འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་མན་འདྲ། འོད་ཟེར་དྲི་མེད་ཀྱི་གཟུངས་མདོའི་ལུང་གི་བརྒྱུད་པ་ནི་དབང་དང་འདྲའོ།། ༈ །།ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པའི་རྗེས་གནང་བྱ་ཚུལ་གྱི་ཡི་གེ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེ་གོ་བདེ་བཀླག་ཆོག་གི་སྟེང་ནས་སྟོན་པ་ཐུབ་པའི་དབང་པོ་གཙོ་འཁོར་གསུམ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གཙོ་འཁོར་གསུམ། རྗེ་བཙུན་མི་གཡོ་མགོན་པོ། རྗེ་བཙུན་མ་སྒྲོལ་མ་གཙོ་འཁོར་གསུམ་དང་བཅས་ཏེ་བཀའ་གདམས་ལྷ་བཞིར་གྲགས་པའི་རྗེས་གནང་དང་འཇམ་དབྱངས་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པའི་ལྷ་བཞིའི་ཁྲིད་ཡིག་«་་་་་མ་ཐོབ་»གི་ལུང་བཅས་ཐོབ་པའི་དང་པོ་ཐུབ་པ་གཙོ་འཁོར་གསུམ་དང༌། སྒྲོལ་མ་གཙོ་འཁོར་གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི། ཇོ་བོ་ཆེན་པོ་ཨ་ཏི་ཤ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར། མཁན་པོ་ཆོས་ཀྱི་བྱང་ཆུབ། མཁན་པོ་ཟུལ་ཕུ་བ། སློབ་དཔོན་དཀོན་མཆོག་སེང་གེ དེ་གཉིས་ཀ་ལས་མཁས་བཙུན་ཚུལ་ཁྲིམས་རིན་ཆེན། དེ་ནས་བླ་མ་དར་མ་བཟང་པོ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། ཆོས་རྗེ་གཙང་པ་རིན་ཆེན་རྒྱལ་མཚན། བྱ་བཏང་བོ་དྷི་སཏྭ། འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རིགས་བརྒྱའི་ཁྱབ་བདག་ཆེན་པོ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཤཱི་ལ་རཏྣ་ལའོ། །ཡང་ན། མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་གསན་ཡུལ་གྱི་བླ་མ་བལྟ། སངས་རྒྱས་ཕུན་ཚོགས། ཆོས་རྗེ་ཀུན་དགའ་ཆོས་འཕེལ། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། མཁན་ཆེན་ཐམས་ཅད་གཟིགས་པ་ཆེན་པོ་སངས་རྒྱས་དཔལ་བཟང༌། དེས་བདག་ལ་དགྱེས་པ་ཆེན་པོས་སྩལ་ཏོ། །ཡང་ན་ཇོ་བོ་ཆེན་པོ་ནས། འབྲོམ་ཆོས་ཀྱི་རྒྱལ་པོ། དགོན་པ་བ། སྣེའུ་ཟུར་པ་ཡེ་ཤེས་འབར། རྒྱང་རོ་དར་བརྩོན། རྫི་མ་འོད་གྲགས། སྤྱི་བོ་ལྷས་པ་བྱང་ཆུབ་འོད།མཁན་པོ་ཟླ་འོད། མཁན་ཆེན་དཔལ་རྒྱལ་བ། གྲུབ་པ་བཟང་པོ། ཆོས་རྗེ་འཛིམ་པ། བླ་མ་ཆོས་གྲགས་དཔལ། བླ་མ་མ་ཏི། མཁན་ཆེན་བྱང་ཆུབ་སེང་གེཤཱཀ་བཟང་པ། མཁས་གྲུབ་ཀུན་དགའ་རྒྱལ་མཚན། སྤྱན་སྔ་བསོད་ནམས་ལྷ་དབང་མན་འདྲའོ། །ཡང་ཐུབ་པའི་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ལ། ཐུབ་དབང༌། བྱམས་མགོན། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ། བཤེས་གཉེན་འབྲོམ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས།གཏུམ་སྟོན་བློ་གྲོས་གྲགས། གཏུམ་སྟོན་ཤེས་རབ་གྲགས། རྒྱལ་བཟང་པ། མཁན་ཆེན་ཀུན་དགའ་བཟང་པོ་ཨཱ་ནནྡཱ་པ། རཏྣའི་མཚན་ཅན། བློ་གྲོས་རིན་ཆེན། ཤེས་རབ་བཟང་པོ། གཉུག་ལ་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་མན་འདྲའོ།། ༈ །།ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། རཱ་ཧུ་ལ་གུཔྟ་བཛྲ། ཇོ་བོ་ཨ་ཏི་ཤ ནག་ཚོ་ལོ་ཙཱ་བ། རོང་པ་ཕྱག་སོར་བ། ཤེས་རབ་འབར། ཝ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེ་སྒོམ་ཤེས་རབ་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ ཤངས་སྟོན་ཚུལ་ཁྲིམས་འབུམ། གཉན་སྟོན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། མུས་ཆེན་དཀོན་མཆོག་རྒྱལ་མཚན། འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ བུདྡྷ་སིངྷ། མུས་པ་ནམ་མཁའ་དཔལ་བཟང༌།ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཨེ་ཝཾ་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་བླ་མ་གཅིག་ཙམ་བཙལ་ནས། སངས་རྒྱས་ཕུན་ཚོགས། ཆོས་རྗེ་ཀུན་དགའ་ཆོས་འཕེལ། ཀུན་དགའ་བསྟན་འཛིན། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་སངས་རྒྱས་སྟོན་པ། གྲུབ་ཐོབ་ཨ་སེང༌། གསེར་གླིང་པ་བཀྲ་ཤིས་དཔལ་བ། རྡོ་རྗེ་དཔལ་བ། ཆོས་དཔལ་ཤེས་རབ། གྲགས་པ་འབྱུང་གནས། ལོ་པ་ཚུལ་དར། བསོད་ནམས་ལྷ་དབང༌། ལོ་པ་ངག་དབང་ཆོས་གྲགས། བྱམས་པ་ཀུན་དགའ་ཆོས་གྲགས།མཆོག་ལེགས་རྡོ་རྗེ་མན་འདྲའོ། །ཡང་ན་སངས་རྒྱས་སྟོན་པ། ཤངས་སྟོན་པ། རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། གསེར་གླིང་པ་བྱམས་པ། སྨོན་ལམ་དབང་ཕྱུག བསོད་ནམས་རྒྱལ་མཚན། ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་ངག་དབང་ཆོས་གྲགས་མན་འདྲའོ། །ཡང་ཉེ་བརྒྱུད་ནི། ཐུགས་རྗེ་ཆེན་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རཏྣ་ཝརྡྷ་མན་འདྲའོ།། ༈ །།མི་གཡོ་བའི་རྗེས་གནང་གི་བརྒྱུད་པ་ནི། ཇོ་བོ། དཔལ་ལྡན་དགོན་པ་བ། སྣེའུ་ཟུར་པ། རྟོགས་ལྡན་བཟང་མོ་བ། ལྷ་དགེ་འདུན་སྒང་པ། སངས་རྒྱས་ཇོ་བོ།བཅུ་བཞི་པ་ཚུལ་ཁྲིམས་མགོན་པོ། ཚེས་བཅུ་པ་ཆོས་ཀྱི་རྡོ་རྗེ། རྒྱལ་སྟེང་གསེར་ཁང་པ་རིན་ཆེན་འཕེལ། ལོ་པ་ཚུལ་དར་པ། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲའོ། །ཡང་ལྷ་བཞིའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ལ། སྤྱན་སྔ་ངག་དབང་ཆོས་གྲགས་ནས་མུས་ཆེན་ནམ་མཁའ་དབང་ཕྱུག སྟོང་རྭ་བ་ཀུན་དགའ་ལེགས་གྲུབ། དེ་གཉིས་ཀ་ལས་ཤེའུ་ལོ་ཙཱ་བ། དེ་ནས་མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ།། ༈ །།གཉིས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོའམ་རིག་པའི་རྒྱལ་པོ་ནི་འཇམ་དཔལ་ཏེ། དེའང་མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་དཀྱིལ་ཆོག་ཕྲིན་ལས་ལྷུན་གྲུབ་ཀྱི་སྟེང་ནས་བྱ་བ་སྤྱིའི་རྒྱུད་ནས་གསུངས་པའི་རིགས་གསུམ་སྤྱིའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མ་ཧཱ་བཛྲ་དྷཱ་ར། བཛྲ་པཱ་ཎི། མ་ཧཱ་ཨིནྡྲ་བྷཱུ་ཏི། མ་དྷྱ་མ། མྲྀ་ཏྱུ། ནཱ་གཱརྫུ་ན། ནཱ་ག་བོ་དྷི། ཀསྨི་ར་ཛྙཱ་ན་བཛྲ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། དེ་གཉིས་ཀ་ལས་དོ་པ་དཀར་སྟོན་ཤཱཀྱ་གྲགས། བནྡེ་ལུང་«བདེ་ལུང་ཟེར་བ་བྱུང༌།་་་་་»པ་ཀུན་དགའ་དཔལ།«་་་་་དཀར་གྱི་དབོན་པོ། »གུང་པ་དར་མ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང༌། གཉགས་སྟོན་བྱང་ཆུབ་སེང་གེ འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། དྲིན་ཆེན་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན། ངོར་ཆེན་ནས། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ལགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ལོ་པ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྗེ་བཙུན་མཆོག་ལེགས་རྡོ་རྗེ་མན་འདྲ། ཡང་ན་རཏྣ་ཝརྡྷ་ནས། ལྷ་མཆོག་སེང་གེ སངས་རྒྱས་སེང་གེ་མན་འདྲ། ཡང་ན་བྲང་ཏི་པཎྜི་ཏ་ནམ་མཁའ་དཔལ་བཟང་པའི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་ཚུལ་ནི། ཡོངས་འཛིན་དཀོན་མཆོག་འཕེལ་ཡན་ཆད་སྔར་དང་འདྲ་ཞིང༌། དེ་ནས་ལྷ་མཆོག་སེང་གེ བུདྡྷ་སིངྷ༌། པཎྜི་ཏ་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ཨེ་ཝཾ་ཐར་པ་རྩེར་སྩལ་ཏོ།། ༈ །།འཇམ་དབྱངས་གང་བློ་མའི་རྗེས་གནང་ངམ། འཇམ་དབྱངས་ཡེ་ཤེས་ཡོན་ཏན་བཟང་པོའི་རིགས་གཏད་ཅེས་པ་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་«་་་་་དྷཱི་ར་པཱ་ལ་ཞེས་པ་བོད་སྐད་དུ་བསྟན་སྐྱོང་ཞེས་པ་སྟེ། རྒྱ་གར་གྱི་པཎ་ཆེན་འབུམ་ཕྲག་གསུམ་པ་ཡིན། གཉན་ལོ་ཙཱ་བའི་བླ་མ་ཡང་ཡིན་ནོ།། »དྷཱི་ར་པཱ་ལ་རྔོག་བློ་ལྡན།«་་་་་གསང་ཕུའི། »།ཁྱུང་སྟོན་རིན་གྲགས་རྒྱ་མར་བྱང་ཆུབ་གྲགས། །ཆ་པ་ཆོས་སེང་གཙང་ནག་བརྩོན་སེང་དང༌། །དན་འབག་དར་སེང་གཉལ་ཞིག་འཇམ་རྡོར་དང༌། །གཟད་པ་དར་ཚུལ་དགེ་བཤེས་གྲ་ཐང་པ། །བླ་མ་བསོད་རྒྱལ་ཡང་རྩེ་རིན་སེང་དང༌། །ཀུན་མཁྱེན་བུ་སྟོན་«་་་་་འདི་ནས་བླ་མ་ཁ་ཅིག་བཙལ་དགོས། »མཁན་ཆེན་རིན་རྣམ་པ། །བླ་མ་བཀྲས་རིན་ངོར་ཆེན་ཐམས་ཅད་མཁྱེན། །པཎ་ཆེན་གྲགས་རྒྱལ་བླ་མ་ལེགས་འབྱུང་དང༌། །ས་སྐྱ་ལོ་ཙཱ་དཀོན་མཆོག་ལྷུན་གྲུབ་ཞབས། །དཀོན་མཆོག་དཔལ་ལྡན་ཤར་ཆེན་བྱམས་བཀྲས་པ། །རྗེ་དཔལ་མཆོག་རྒྱལ་མཚན། མཁན་ཆེན་ཤེར་རྒྱམ་པ།མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསོད་ནམས་དཔལ་ལྡན། མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་མན་འདྲ། ཡང་ན་སངས་རྒྱས་ཕུན་ཚོགས་ནས། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཀུན་དགའ་བསྟན་འཛིན་ནས། མཁན་ཆེན་འཇམ་དབྱངས་སངས་རྒྱས་དཔལ་བཟང༌།དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་སྩལ་ཏོ།། ༈ །།དམ་པ་སངས་རྒྱས་ནས་བརྒྱུད་པའི་འཇམ་དབྱངས་སྨྲ་བའི་སེང་གེའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་སྨྲ་སེང༌། ཕ་དམ་པ། ཁ་ཆེ་གུ་ཧྱ། གླེན་སྒོམ་ཡབ་སྲས། སློབ་དཔོན་འོད་ཤཱཀ མཆོག་ལྡན། སྐྱི་སྟོན། ཀུན་མཁྱེན་དོལ་ཕུ་པ་ཤེས་རབ་རྒྱལ་མཚན། མ་ཏི། ས་བཟང་འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྒྱལ་བ་ལྷ་མཆོག་སེང་གེ འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ བྲང་ཏི་པ། པཎྜི་ཏ་ཆེན་པོ་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་ནས་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། དེ་ནས་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལའོ། །ཡང་ན་རྗེ་ལྷ་མཆོག་སེང་གེ ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་ཀུན་«་་་་་རྩེ་གདོང་ཁྲི་ཆེན། »དགའ་བསོད་ནམས་ལྷུན་གྲུབ། ཐུབ་བསྟན་མཁན་ཆེན་ངག་དབང་བརྟན་པའི་རྡོ་རྗེ། ཤར་ཆེན་ཡེ་ཤེས་བཟང་པོ་མན་འདྲ། ཡང་ན་སྒྲུབ་ཁང་པ་ནས། རྗེ་ངག་དབང་བརྟན་པ་མན་འདྲ། མཁས་གྲུབ་དཔལ་ལྡན་དོན་གྲུབ་པས་མཛད་པའི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་བོ། །དེ་ཉིད་ཀྱིས་མཛད་པའི་རིལ་བུའི་སྒྲུབ་པ་དང༌། ནམ་མཁའ་དཔལ་བཟང་གིས་མཛད་པའི་སྦྱིན་སྲེག་དང་བརྒྱུད་འདེབས་རྣམས་ཀྱི་ལུང་བཅས་ཐོས་སོ།། ༈ །།མ་ཧཱ་པཎྜི་ཏ་མ་ཏིའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་རྗེས་གནང་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས། སློབ་དཔོན་མ་ཏི། པཎ་ཆེན་ཤཱཀྱ་ཤྲཱི། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། སངས་རྒྱས་གཞོན་ནུ། མཁན་པོ་བསོད་ནམས་ཤེས་རབ། ཤེས་རབ་མགོན། ཤར་པ་ཡེ་ཤེས་རྒྱལ་མཚན།རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དམ་པ་ཀུན་དགའ་དབང་ཕྱུག རྗེ་རཏྣ་ཝརྡྷ། རྗེ་དཀོན་མཆོག་ལྷུན་གྲུབ། བྲང་ཏི་ནམ་མཁའ་དཔལ་བཟང༌། དབོན་ནམ་མཁའ་སངས་རྒྱས། རྗེ་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས་མཁས་བཙུན་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང༌། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ས་ལོ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་རཏྣ་ཝརྡྷ། ལྷ་མཆོག་པ། རྗེ་བུདྡྷ་སིངྷ༌། བྲང་ཏི་པ་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེར་རྒྱམ། མུས་ཆེན་ནམ་མཁའ་དཔལ་བཟང༌།ཆོས་རྗེ་དཔལ་ལྡན་དོན་གྲུབ་མན་འདྲའོ། །གཞན་ཡང་བྱམས་པ་བསོད་ནམས་བཟང་པོ་དང༌། ཀུན་དགའ་ཆོས་འཕེལ། སངས་རྒྱས་རྒྱ་མཚོ། དཔལ་ལྡན་ཆོས་སྐྱོང་བཞི་ཆར་ལས་མཁན་ཆེན་སངས་རྒྱས་དཔལ་བཟང་པས་གསན། དེ་ལས་བདག་གིས་མནོས་ཏེ་དེ་རྣམས་ཀྱིས་གསན་ཡུལ་སོ་སོ་དང་སྦྲེལ་ལོ། །ཡང་ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་ལས་བརྒྱུད་པ་དྲུག་ལྡན་བྱས་པར་སྣང་སྟེ་དེས་མཛད་པའི་ཡི་གེར་བལྟའོ། །མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང༌། སངས་རྒྱས་དཔལ་བཟང་པ་ལས་སྒྲུབ་སྐོར་ལས་ཚོགས་རྣམས་ཀྱི་ལུང་ཐོབ་པ་ནི། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས་ཆེས་ཟབ་པ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བ། འཇམ་དབྱངས་ཀྱི་སྒྲུབ་ཐབས་བསྐྱེད་རིམ་དང་མཐུན་པའི་བསྟོད་པ་མ་ཏིས་མཛད་པ་གཉན་ལོས་བསྒྱུར་བ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་པའི་ལོ་རྒྱུས། པཎ་ཆེན་ཤཱཀྱ་ཤྲཱིའི་ཕྱག་ལེན་ལྟར་ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་གྱིས་བསྡེབས་པའི་རྗེས་གནང་གི་ཡི་གེ རྒྱ་སྟོན་གྱིས་མཛད་པའི་སྒྲུབ་སྐོར་ལ་རྩ་བའི་སྒྲུབ་པ། ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། རྩོད་པ་བྱ་ཐབས། མ་ཤ་ལ་བརྟེན་པའི་ལས་སྦྱོར་རྣམས་མཁན་པོ་བཀྲ་ཤིས་ལྷུན་གྲུབ་པ་ལས་ཐོས། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་པས་མཛད་པའི་ལས་ཚོགས་བློ་གྲོས་པདྨོ་ཁ་འབྱེད་དང་བསྙེན་གྲུབ་ཀྱི་ཡི་གེ་དང༌། སྦྱིན་སྲེག་རྣམས་ཀྱི་ལུང་སངས་རྒྱས་དཔལ་བཟང་པ་སོགས་ལས་ལེགས་པར་མནོས་སོ།། ༈ །།པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་རྗེ་བཙུན་འཇམ་དབྱངས་དཀར་པོ་ཤེས་རབ་འཁོར་ལོའི་རྗེས་སུ་གནང་བ་གོང་མའི་ཕྱག་ལེན་བཞིན་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། པཎྜི་ཏ་གསེར་གདུགས་ཅན།«་་་་་མཚན་ཟླ་བའི་འབྱུང་གནས་སྦས་པ། »རཱ་ཧུ་ལ་ཤྲཱི། བི་མ་ལ་ཤྲཱི།«་་་་་གོང་དཀར་བའི་གསན་ཡིག་ན་བི་ན་ཡ་ཤྲཱི་ཟེར། »བིཀྵ་ཏ་དེ་ཝ།«་་་་་གོང་དཀར་བའི་གསན་ཡིག་ན་བི་ཁྱ་ཏ་ཟེར་བ་སྣང༌། »ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། ལོ་ཙཱ་བ་གནུབས་བྱམས་པའི་དཔལ། ཆོས་རྗེ་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་རིན་ཆེན་དབང་ཕྱུགམཁན་ཆེན་ཆོས་རྒྱལ་དཔལ་བཟང༌། ཀུན་སྤངས་ཆོས་གྲགས་དཔལ་བཟང༌། ཁྲོ་ཕུ་བ་རིན་ཆེན་འབུམ། གཉགས་ཕུ་བ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། མཁན་ཆེན་རིན་ཆེན་བཟང་པོ། མཁན་ཆེན་ཆོས་གྲུབ་སེང་གེ སྨན་སྡིངས་པ་ལོ་ཆེན་རཏྣ་བྷ་དྲ། ལོ་ཆེན་འགྱུར་མེད་བདེ་ཆེན།ཆོས་གཏེར་དཀོན་མཆོག་ལེགས་པ། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཁྱབ་བདག་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་རྡོ་རྗེ་འཆང་ངག་དབང་བློ་བཟང་རྒྱ་མཚོ། མཆོག་གི་སྤྲུལ་པའི་སྐུ་ཀུན་དགའ་བསོད་ནམས། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །དེའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་རྗེ་ཉིད་ཀྱིས་མཛད་པའི་མ་ནོར་རབ་གསལ་སྒྲོན་མ་ཞེས་བྱ་བའི་ལུང་དང་བཅས་པ་ཐོས།། ༈ །།གསུམ་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ལ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དཀྱིལ་ཆོག་བདེ་དགའ་རྒྱ་མཚོ་དང༌། བཅོ་བརྒྱད་འཇམ་དབྱངས་ཆོས་རྗེས་མཛད་པའི་དཀྱིལ་ཆོག་གི་སྟེང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དུ་གཏོགས་པ་བཅོམ་ལྡན་འདས་མ་བསྲུང་བ་ལྔ་ལྷ་ལྔ་བཅུ་རྩ་གཅིག་གི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། དཔལ་ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ།སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། དགའ་ལྡན་པ་བཀྲ་ཤིས་དཔལ། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཀ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། དེ་དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ།མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་སྐུ་ཞང་མཁྱེན་རབ་ཆོས་རྗེ་ནས། སྐུ་ཞང་འཇམ་དབྱངས་དོན་ཡོད་རྒྱལ་མཚན། དེ་དབོན་སྐུ་ཞང་བསོད་ནམས་ལྷུན་གྲུབ། སྐུ་ཞང་ངག་དབང་མཆོག་ལེགས་རྡོ་རྗེ། དེ་དབོན་སྐུ་ཞང་མཁྱེན་རབ་བསྟན་འཛིན་བཟང་པོ། སྐུ་ཞང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲའོ། །ཡང་ན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ།སྐུ་ཞང་རིན་ཆེན་མཁྱེན་བརྩེ་མཆོག་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་བ་རི་ལོ་ཙཱ་བ་ནས། གཉན་སྟོན་གྲགས། གཉན་རིན་ཆེན་གྲགས། ལྷ་པའི་གནས་བརྟན་དཀོན་མཆོག དེ་སྲས་རྔོག་སྟོན་ཁའུ་རྒྱལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག རོང་པ་ཤེས་རབ་སེང་གེ འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་མན་འདྲ། ཡང་ན་བུ་སྟོན་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཨ་མོ་གྷ།འཇམ་དབྱངས་བསོད་ནམས་རིན་ཆེན། ཆོས་ལུང་མཁན་ཆེན་དོན་ཡོད་རྒྱལ་མཚན། མཁན་ཆེན་ཀུན་དགའ་བློ་གྲོས་རྒྱལ་མཚན། ཆོས་རྗེ་བཤེས་གཉེན་བཀྲ་ཤིས་གྲུབ་མཆོག་ངག་དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། གུང་པ་མགོན་པོ་རྒྱལ་མཚན། གྲུབ་མཆོག་ངག་དབང་རྣམ་རྒྱལ་མན་འདྲའོ།། ༈ །།འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་མངོན་རྟོགས་དང་བརྒྱ་རྩའི་ཆིངས་ལྟར་འོད་ཟེར་ཅན་གཙོ་རྐྱང་གི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་པ་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་རཏྣ་ཤཱི་ལ། རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྗེ་ནམ་མཁའ་དཔལ་ལྡན། འདྲེན་མཆོག་སྙིང་རྗེ་བཟང་པོ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་ངག་དབང་ལྷུན་གྲུབ། བྱམས་པ་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །དབང་ཕྱུག་རབ་བརྟན་པའི་གསུང་གི་གསང་བ་ཞེས་པའི་གདམས་པ་གཞི་འགྲོ་འདུག་སོགས་ཤར་ཚེ་དོན་འགྲུབ་པའི་ལས་ཚོགས་ཀྱང་ཐོས་སོ།། ༈ །།ངག་དབང་མཆོག་ལེགས་རྡོ་རྗེའི་ཡི་གེའི་སྟེང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འཕགས་པ་རིག་པ་ཆེན་མོའམ། གཟའ་རྣམས་ཀྱི་ཡུམ་གཙོ་འཁོར་གྱི་ཚོམ་བུ་ལ་བརྟེན་པའི་རྗེས་སུ་གནང་བ་ཡི་གེའི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ། མཁན་པོ་བོ་དྷི་ས་ཏྭ། འཁོན་ཀླུའི་དབང་པོས་བསྲུངས་པ། འཁོན་རྡོ་རྗེ་རིན་ཆེན། འཁོན་དགེ་སྐྱབས། འཁོན་དགེ་མཐོང༌།འཁོན་སྟོན་བལ་པོ། འཁོན་གཙུག་ཏོར་ཤེས་རབ། འཁོན་དཀོན་མཆོག་རྒྱལ་པོ། འཁོན་ཀུན་དགའ་སྙིང་པོ། འཁོན་བསོད་ནམས་རྩེ་མོ། འཁོན་གྲགས་པ་རྒྱལ་མཚན། འཁོན་ཀུན་དགའ་རྒྱལ་མཚན། འཁོན་བློ་གྲོས་རྒྱལ་མཚན། གཞོན་ནུ་དཔལ་གྲགས། འཕགས་འོད། གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། རྗེ་ལྷ་མཆོག་སེང་གེརྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། མདོ་སྔགས་རྒྱ་མཚོའི་མངའ་བདག་ངག་དབང་ཀུན་དགའ་ལྷུན་གྲུབ་ལེགས་པའི་འབྱུང་གནས་དཔལ་བཟང་པོ། གང་དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།། ༈ །།བཞི་པ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་གྱི་ལྷ་ནི་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་དང་བཅས་པའི་ཡི་གེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཕྱག་ན་རྡོ་རྗེ་ཛེ་ཏཱ་རི། །རྡོ་རྗེ་གདན་པ་གཉིས་དང་བ་རི་བ། །ས་སྐྱ་བླ་ཆེན་རྗེ་བཙུན་སྐུ་མཆེད་གཉིས། །ཆོས་རྗེ་ཁུ་དབོན་ཞང་སྟོན་དཀོན་མཆོག་དཔལ། །བྲག་ཕུག་བསོད་དཔལ་རི་ཁྲོད་བློ་གྲོས་བརྟན། །མཚུངས་མེད་དཔལ་ཚུལ་ཤར་ཆེན་ཡེ་རྒྱལ་དང༌། །ངོར་ཆེན་ཀུན་བཟང་མུས་ཆེན་དཀོན་རྒྱལ་ཆེ། །ཡོངས་འཛིན་དཀོན་མཆོག་འཕེལ་དང་ས་ལོ་ཙཱ། །དཀོན་མཆོག་ལྷུན་གྲུབ་སངས་རྒྱས་སེང་གེ་དང༌། །ནམ་མཁའ་དཔལ་བཟང་ཤར་ཆེན་ཀུན་དགའི་མཚན། །ཤེས་རབ་འབྱུང་གནས་ཀུན་དགའ་དཔལ་འབྱོར་དང༌། །སངས་རྒྱས་ཕུན་ཚོགས་ཚུལ་ཁྲིམས་ལྷུན་གྲུབ་ཞབས། །དེ་ནས་མནོས་པ་ཚུལ་ཁྲིམས་རིན་ཆེན་ནོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་དང༌། །བསྟན་འཛིན་ལྷུན་གྲུབ་བཀྲ་ཤིས་ལྷུན་གྲུབ་ཀྱིས། །རྗེས་སུ་བཟུང་བ་བདག་གོ་ཡང་ན་ནི། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་ལས། །ལེགས་པར་ཐོས་དེ་ཚུལ་ཁྲིམས་རིན་ཆེན་ནོ། །ཡང་ན་གྲུབ་ཆེན་དཀོན་མཆོག་བློ་གྲོས་ནས། མུས་ཆེན་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་མན་གོང་བཞིན་ནོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས། རྒྱལ་ཚབ་ཀུན་དབང༌། ཡོངས་འཛིན། རྗེ་ལྷ་མཆོག་པ།རྗེ་དཀོན་མཆོག་ལྷུན་གྲུབ། བྲང་ཏི་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེར་འབྱུང་མན་འདྲ། ཡང་ཞབས་དྲུང་རྒྱལ་རྩེ་པ་ལའང་«་་་་་རྗེ་འདིས་ཞབས་དྲུང་ཨ་མི་ལགས་ལའང་གསན་ནོ།། »རྗེ་ཀུན་དགའ་དཔལ་འབྱོར་པས་གསན་པ་འདྲའོ།། ༈ །།མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་ཆོ་ག་ཁྲིགས་རིན་ཆེན་བསམ་འཕེལ་གྱི་སྟེང་ནས་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ངམ་རིགས་གཏད་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མཉམ་མེད་ཐུབ་པའི་དབང་པོ། ཇོ་བོ་དཱི་པཾ་ཀཱ་ར།ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བཤེས་གཉེན་བྱ་ཡུལ་བ། སྐར་ཆུང་སྦྱིན་པ། གཟེ་པ་དོན་གྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ།དབུས་པ་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན། ཐོགས་སྟོན་ཤེས་རབ་རྡོ་རྗེ། མེས་སྟོན་གྲགས་པ་འོད་ཟེར།བླ་ཆེན་གྲགས་པ་རིན་ཆེན། ཀུན་མཁྱེན་ནམ་མཁའ་འོད་ཟེར། ཆོས་རྗེ་ནམ་མཁའ་ཚུལ་ཁྲིམས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་བྱང་མ་རིན་ཆེན་བཟང་པོ། དྲིན་ཆེན་རྡོ་རྗེ་འཆང་པདྨ་ཕྲིན་ལས། མཁྱེན་རབ་ངག་དབང་ཀུན་དགའ་ལྷུན་གྲུབ་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ།། ༈ །།སྔགས་འཆང་སྙེ་མདོ་ཤཱཀྱ་དཔལ་བའི་ཡི་གེའི་སྟེང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་གདུགས་དཀར་ལྷ་བཅུ་བདུན་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ངམ་རིགས་གཏད་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། གཙུག་ཏོར་གདུགས་དཀར་མོ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་བསམ་གཏན་བཅུ་པ།མཁས་པ་ཙནྡྲ་གོ་མི། སློབ་དཔོན་གི་ར་ཝ་ཏི། སློབ་དཔོན་རྡོ་རྗེ་རྣོན་པོ། སློབ་དཔོན་པདྨ་ལྕགས་ཀྱུ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ།རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ལྡན་མའི་སྐྱུ་ར་ཨ་སྐྱབས། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། དེ་ལས་སྟོད་ལུང་གད་སེར་བ་དང༌། ཕོ་རོག་པ་མདོ་སྡེ་མགོན་གཉིས་ཀྱིས་གསན། གཉིས་ཀ་ནས་ཁམས་ཆེན་རྒན་མོ་ལྷས་པ་བྱང་ཆུབ་དཔལ། བླ་མ་ཡེ་ཤེས་རིན་ཆེན། རྗེ་རིན་ཆེན་རྒྱལ་མཚན། བླ་མ་ཆ་རྒན་པ། བླ་མ་གྲགས་ཆེན་པ། འཕགས་འོད་ཡོན་ཏན་རྒྱ་མཚོ།བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། སྔགས་འཆང་ཤཱཀྱ་དཔལ་བ། རྗེ་ཆོས་དཔལ་བ། རྗེ་རིན་ཆེན་དཔལ་བཟང༌། མཁས་པ་ལྷ་དབང་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ།བྱམས་པ་ངག་དབང་ལྷུན་གྲུབ། མངའ་བདག་ཀུན་དགའ་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །རྗེ་ཉིད་ཀྱི་གསན་ཡིག་ན་ཙནྡྲ་གོ་མིས་མཛད་པའི་མདོས་ཆོག ཤཱཀྱ་དཔལ་བའི་དབང་ཆོག་དང་མདོས་«་་་་་འདིའི་ལུང་མ་ཐོབ། »ཆོག་གཉིས། ལྷན་ཐབས་ཞྭ་ལུ་མཁན་ཆེན་གྱིས་མཛད་པ་བཅས་པའི་ལུང་ནི། ཤཱཀྱ་དཔལ། རྗེ་དཀོན་མཆོག་རྒྱལ་མཚན། ཆོས་རྗེ་རྒྱལ་མཚན་བཀྲ་ཤིས། སློབ་དཔོན་དབང་ཆེན་རྒྱལ་པོ། བླ་མ་བྱང་ཆུབ་བཟང་པོ། མཁན་ཆེན་རིན་ཆེན་ཀུན་ལྡན། རིག་འཛིན་ཀུན་དགའ་དོན་གྲུབ། ཕྱི་རུམ་དགེ་སྟེང་པ་བྱམས་པ་ཀུན་དགའ་འབྱུང་གནས།ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། སྐུ་ཞང་རིན་ཆེན་མཁྱེན་བརྩེ་མཆོག་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ།། ༈ །།ལྔ་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་གཤིན་རྗེའི་གཤེད་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་སོགས་ཏེ། སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རའི་བཞེད་སྲོལ་ཆག་ལོ་གསུམ་པས་མཛད་པའི་སྲེག་བྱེད་མེའི་མཚོན་ཆའི་སྟེང་ནས་དམ་པའི་ཕྱག་ལེན་ལྟར་ལུང་གསུམ་གྱི་ཆིངས་ཀྱི་སྒོ་ནས་ཁྲོ་བོའི་རྒྱལ་པོ་གཙུག་ཏོར་འབར་བའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དེ་བཞིན་གཤེགས་པ་སཱ་ལའི་དབང་པོ། རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ པཎ་གྲུབ་ཨ་བྷ་ཡཱ་ཀ་ར། བྷཾ་ག་ལའི་པཎ་ཆེན་ཤུ་བྷཾ་ཀཱ་ར་གུཔྟ། དེ་ལ་ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། གྲུབ་ཆེན་ཨཱ་ནནྡ་གུཔྟ་གཉིས་ཀྱིས་ཞུས། གཉིས་ཀ་ལས་ཆག་ལོ་དགྲ་བཅོམ། དེ་ནས་ཆག་ལོ་ཆོས་རྗེ་དཔལ། གཙང་ནག་སྦུག་པ་མཁན་ཆེན་དབང་ཕྱུག་«་་་་་ཆོས་རྗེ་དཔལ་བའི་གདན་ས་པ་ཡིན། »ཤེས་རབ། ཆག་དབོན་བསྟན་འཛིན་དཔལ་བཟང༌། འཇག་མོན་མཁས་པ་གྲུབ་ཆེན་མངྒ་ལ་ཤྲཱི།«་་་་་ཏིའུ་རའི་ཟུར་ཁང་དུ་བཞུགས་པ་དགུང་ལོ་བརྒྱ་བཞེས་པ། »རྗེ་བཙུན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང༌། དེ་ལས་རྒྱལ་སྲས་བློ་བཟང་དཔལ་འབྱོར་དང་རྡོ་རྗེ་འཛིན་པ་ཆོས་སྐྱོང་བཟང་པོ་གཉིས་ཀྱིས་གསན། ཡབ་སྲས་གསུམ་ག་ནས་ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ། བླ་མ་རིན་ཆེན་རྒྱལ་མཆོག ཆོས་རྫོང་པ་ངག་དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་རྡོ་རྗེ་འཆང་ངག་དབང་བློ་བཟང་རྒྱ་མཚོ། མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་བསོད་ནམས། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །དེའི་རྗེས་གནང་བྱ་ཚུལ་ཐོ་ཆུང་རྗེ་ཉིད་ཀྱིས་མཛད་པ་དང༌། རྗེས་གནང་གི་ཡི་གེ་སངས་རྒྱས་དཔལ་བཟང་གིས་མཛད་པ་ཐོབ། ཆག་ལོས་མཛད་པའི་སྲེག་བྱེད་མེའི་འཁོར་ལོའི་ལས་ཚོགས་ལ། ལོ་རྒྱུས་ཕྱིར་བཟློག་བྱད་ཆུ་བོར་བསྐྱུར་བ་དང་བཅས་པའི་ལུང་ནི། ཆག་ལོ། ས་ལོ་འཇམ་དཔལ་རྡོ་རྗེ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ལའོ། །བསྟོད་ཕྲིན་གྱི་རབ་བྱེད་ཅེས་པའི་ལུང་ཡང་ནོས་སོ།། ༈ །།རིན་པོ་ཆེ་དཔལ་«་་་་་འདི་རིགས་ཀྱི་ཕོ་ཉར་བཞག་འོས་ཀྱང་གཙུག་ཏོར་གྱི་རིགས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བྲིས་སོ།། »ལྡན་དོན་གྲུབ་པས་མཛད་པའི་ཡི་གེའི་སྟེང་ནས་དཔལ་མགོན་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གཙུག་ཏོར་གདུགས་དཀར་མོ་ཅན། སློབ་དཔོན་ཙནྡྲ་གོ་མི། གི་ར་ཝ་ཏི། བཛྲ་དཀྵི། ཤུ་རཾ་ག་བྷ་དྲ། བུདྡྷ་གུ་ཧྱ། ཁ་ཆེ་པཎྜི་ཏ་དཀར་པོ། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ནུབ་པ་རིག་འཛིན་གྲགས། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་རྒྱལ་མཚན། སློབ་དཔོན་རིན་ཆེན་ཡེ་ཤེས། ཞང་ཡེ་བ། བླ་མ་དཀོན་མཆོག་ཚུལ་ཁྲིམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་པ། བླ་མ་བྱང་ཆུབ་སེང་གེ འཕགས་པ་གཞོན་ནུ་བློ་གྲོས།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ སངས་རྒྱས་སེང་གེ ཤར་ཁང་པ་པྲཛྙཱ་དྷྭ་ཛ། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཤཱི་ལ་རཏྣའི་མིང་ཅན་ལའོ། །ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་བདེ་བ་སྦྱིན། ཁ་ཆེ་རཏྣ་བཛྲ། བྲམ་ཟེ་སཛྫ་ན། སྲས་མཱཉྫ་ན་པཱ་ལ།གཉལ་སྟོན་ཡེ་ཤེས་དབང་ཕྱུག དགེ་བསྲུངས། གདོང་སྔོན་པ། སྤུ་སྟོན་འབར་ཐོག ཕོ་རོག་དར་མ་མདོ་སྡེ། ཐོད་པ་ཇོ་འབུར་བ། ཇོ་ལྡན་དབང་རིན།ཁམས་པ་ཤཱཀྱ་རྡོ་རྗེ། སྟོན་པ་དར་མ་ཤཱཀྱ། སྤུར་བསོད་ནམས་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་འདྲའོ། །འདིའི་རྗེས་གནང་དང་གཏོར་ཆོག་བཅས་དཔལ་ལྡན་དོན་གྲུབ་པས་མཛད་པའི་ལུང་ཡང་ནོས་སོ།། ༈ །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྗེས་གནང་བྱ་ཚུལ་གྱི་ཡི་གེ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉར་བཞག་ཅིང་འགའ་ཞིག་ཏུ་རིགས་ཀྱི་ཁྲོ་བོར་འདོད་པ་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དཀར་པོའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། མི་གཡོ་བ། འོད་བྱེད་འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། ཡོན་ཏན་ཁྲི། འདུལ་འཛིན་བྱང་སེམས། རྒྱལ་ཚ་ཆོས་དབང༌། རྒྱལ་ཚ་གཞོན་ནུ་གྲགས། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། གཡག་སྟོན་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་བ། ས་སྐྱ་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་རྒྱལ་མཚན།མཁན་ཆེན་ཤེས་རབ་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོབ་བོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤྲཱི་བ་བློ་གྲོས་རྒྱལ་མཚན། ནུབ་དགོན་པ་སྦྱིན་པ་གྲགས། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་མན་འདྲའོ། །ཡང་གོང་དུ་སྨོས་པའི་ཡི་གེ་དེའི་སྟེང་ནས་རྗེས་སུ་གནང་བ་དང༌། ལུང་གི་སྐོར་ལ་འཕགས་པ་མི་གཡོ་བའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ། མཁས་པ་ཡོན་ཏན་ཁྲིས་མཛད་པའི་མི་གཡོ་བ་དཀར་པོ་ལ་བརྟེན་པའི་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་བཅུད་ཀྱི་སྙིང་པོར་བཀོད་པ། དེས་མཛད་པའི་སྤྲོ་བསྡུ། བོགས་འབྱིན། ལེ་བརྒན་ཏེ་ཞལ་གྱི་གདམས་པ་གསུམ། སྐྱོར་མོ་ལུང་གི་ཆོས་གྲྭར་མཁས་པ་ཡོན་ཏན་ཁྲིས་སྒྲུབ་པ་མཛད་སྐབས་བྱིན་གྱིས་བརླབས་པའི་སྣང་བ་བྱུང་ཚུལ་རྣམས་བརྗེད་བྱང་དུ་མཛད་པ། དེའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡན་ལག་བདུན་ལྡན་མ་དང་བཅས་པ་རྣམས་རྨོར་ཆེན་པས་ཕྱོགས་གཅིག་ཏུ་བསྡེབས་པའི་ལུང༌། དེས་མཛད་པའི་བྱིན་རླབས་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་བོའི་རྒྱལ་པོ་མི་གཡོ་བ། པཎ་གྲུབ་ཨ་བྷ་ཡཱ་ཀ་ར་གུཔྟ། ཨཱ་ནནྡ་ཀ་ར་གུཔྟ། སློབ་དཔོན་ལྷན་ཅིག་སྐྱེས་པ། པཎ་ཆེན་དཱ་ན་ཤཱི་ལ། འཇམ་དབྱངས་ས་སྐྱ་པཎྜི་ཏ། འུ་ཡུག་པ་བསོད་ནམས་སེང་གེ བཅོམ་ལྡན་འདས་རལ་གྲི། སློབ་དཔོན་བསོད་ནམས་བཟང་པོ། མཁན་ཆེན་པུཎྱེ་བྷ་དྲ། བླ་མ་དར་མ་བཟང་པོ། མཁན་ཆེན་བསོད་ནམས་ཤེས་རབ། མཁན་པོ་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། འདྲེན་མཆོག་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། མཁས་བཙུན་བཀྲ་ཤིས་དབང་ཕྱུག མཁན་ཆེན་སངས་རྒྱས་དཔལ་བཟང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་དཀོན་མཆོག་རྒྱ་མཚོ་ནས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲ། ཡང་ན་དཱ་ན་ཤཱི་ལ་ནས། བཅོམ་ལྡན་རལ་གྲི། མཆིམས་བློ་བཟང་གྲགས་པ། གྲྭ་རིངས་པ། མཚུར་སྟོན་རིན་ཆེན་ཡེ་ཤེས། ཀརྨ་དཀོན་གཞོན།«་་་་་འདིས་འབྲི་ཁུང་དཔལ་འཛིན་རྩོད་པའི་སྒོ་ནས་རྨིག་མེད་དུ་བཅོམ་སྟེ་དཔལ་འཛིན་ལ་ཀློག་གོ་ཆོད་ཅིག་ལས་མི་འདུག་གསུང་སྐད། »རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རཏྣ་ཤཱི་ལ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་དཱ་ན་ཤཱི་ལ། འདུལ་འཛིན་བྱང་སེམས། མཁས་པ་ལུང་གི་དབང་ཕྱུག རྒྱལ་ཚ་ལུང་མང་པོ། རྒྱལ་སྲས་གཞོན་ནུ་གྲགས་པ། ཇོ་ནང་ཆོས་ཀྱི་རྒྱལ་པོ། གཡག་མི་ཕམ་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་སྒོ་རུམ་པ་མན་འདྲའོ། །ཡང་ན་ཉེ་བརྒྱུད་ནི། ཁྲོ་བོའི་དབང་པོ། པཎྜི་ཏ་དཱ་ན་ཤཱི་ལ། དེ་ལས་ས་པཎ་དང་བཅོམ་རལ་གཉིས་ཀྱིས་གསན་པ་མན་འདྲ། ཡང་ན་མཁྱེན་རབ་ཆོས་རྗེ་ནས་ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས་མན་འདྲ། ཡང་རྗེས་གནང་ཉེ་བརྒྱུད་ནི། ཁྲོ་བོ་མི་གཡོ་བ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་མཁས་གྲུབ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བདག་ཆེན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་རབ་མན་འདྲ།ལུང་རྣམས་ཀྱི་བརྒྱུད་པ་ནི། མཁྱེན་བརྩེའི་དབང་ཕྱུག་ནས། མཆོད་དཔོན་དྲུང་པ་དཀོན་མཆོག རྡོ་རྗེ་འཆང་དབང་རབ་མན་འདྲ། ཡང་ན་ལུང་བརྒྱུད་ལུགས་གཅིག་ནི། ཀུན་མཁྱེན་གཡག་པ་ནས། རོང་སྟོན་ཤེས་བྱ་ཀུན་རིག རྒྱུ་འགུལ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན།ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག རྨོར་ཆེན་ཀུན་དགའ་ལྷུན་གྲུབ། སངས་རྒྱས་རྒྱ་མཚོ།བཀྲ་ཤིས་དབང་ཕྱུག སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤྲཱི་བ་བློ་གྲོས་རྒྱལ་མཚན། སྡོམ་བརྩོན་སྦྱིན་པ་གྲགས་པ། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་མན་འདྲའོ། །ཤིན་ཏུ་ཉེ་བརྒྱུད་ནི། མི་གཡོ་བ། གཡག་མི་ཕམ་ཆོས་ཀྱི་བླ་མ་མན་འདྲ། མི་གཡོ་བའི་སྒྲུབ་པ་མཛད་པའི་ཞག་བདུན་ཐོག་ཞལ་དཀར་ནང་དུ་མི་གཡོ་བའི་སྐུ་མཐེབ་སོར་ཙམ་པ་མང་པོ་བྱུང་བ་བགེགས་ཀྱི་སྤྲུལ་པར་མཁྱེན་ནས་ལྷག་མེད་ཏུ་ཞལ་དུ་གསོལ་བས་ཐུལ་ཞིང་བཅོམ་ལྡན་འདས་ཞལ་གཟིགས་པའི་ལོ་རྒྱུས་སྣང་ངོ༌།། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply