༈ རྗེ་བཙུན་ས་སྐྱ་པའི་གསེར་ཆོས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལ། སིནྡྷཱུ་རའམ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སེང་གདོང་མ་ནག་མོའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ཁྱད་པར་ཅན། ཐར་རྩེ་པ་ནམ་མཁའ་དཔལ་བཟང་པས་མཛད་པའི་ཡི་གེ་ལ་བརྟེན་ནས་ལེགས་པར་ཐོབ་ནས། རྒྱབ་བརྟེན་ལུང་ལ། འགོར་རྒྱ་གར་སྐད་དུ། ཙཀྲ་སཾ་བྷ་ར་མ་ཧཱ་ཡ་ན་སཱུ་ཏྲ་ཞེས་ཡོད་པའི་བ་རི་བས་གཏེར་བཏོན་ནས་མུ་སྟེགས་སྐལ་ལྡན་རྒྱལ་པོ་བཏུལ་བའི་ལོ་རྒྱུས།«་་་་་མུ་སྟེགས་བསད་པས་ལོ་བཅུ་གཉིས་རྡོ་རྗེ་གདན་པས་མཇལ་ཁ་མ་བཏང་ཟེར་བ་འདུག »བོད་དུ་བྱོན་ནས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང་ངོ༌། །དེ་ནས་རིམ་བཞིན་བརྒྱུད་དོའི་མཐའ་ཅན། གཉིས་པ་ལས་ཚོགས་ལ་ཉི་ཤུ་རྩ་ལྔ་ཡོད་པ་ལས། འགོར་སྒྲུབ་ཐབས་ནི་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་ཞེས་ཡོད་པའི་མངོན་རྟོགས་གཉིས་སུ་མེད་པར་གྱུར་ནས་བཞུགས་པར་བསམ་མོའི་མཐའ་ཅན། བཟློག་པའི་དམིགས་པ་དང་དུས་གནད། གསོད་པའི་དམིགས་གནད། ཞར་བྱུང་སྐུ་སྨད་ཕུར་བུས་བགེགས་བསྒྲལ་ཞིང་ངག་གནོན་ཐབས། མཚན་བཅས་མཚན་མེད་ཀྱི་བསྲུང་བ་མོའི་གཡས་ལ་བཏགས་སོ་དེ་ནི་བསྲུང་བའོའི་མཐའ་ཅན། སེང་གདོང་མ་དཀར་མོའི་ཚེ་སྒྲུབ་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོའི་མཐའ་ཅན། ནོར་སྒྲུབ་འབུམ་ཚོ་གཅིག་བཟླས་པས་འགྲུབ་བོའི་མཐའ་ཅན། སེང་གདོང་དམར་མོའི་དབང་སྡུད་གསེར་སྲང་དོའི་བཀའ་རྒྱ་ཡོད་དོའི་མཐའ་ཅན། སྲིའུ་གསོ་བ་གསེར་འབུལ་དགོས་གསུངས་པའི་མཐའ་ཅན། ཆར་འབེབས་ཐ་མ་ལྔ་ལ་མི་འབབ་མི་སྲིད་དོའི་མཐའ་ཅན། མཚན་མེད་ཀྱི་ཆར་གཅོད་རི་མགོ་ཐམས་ཅད་མེ་རིས་ཁེངས་པར་བསྒོམ་པའི་ཆར་གཅོད་པའི་མན་ངག་གོའི་མཐའ་ཅན། བྱེ་མ་ལ་བརྟེན་པའི་འབུ་སྲུང༌། ཆུ་ལ་བརྟེན་པའི་སད་སྲུང༌། མཚན་མེད་ཀྱི་སེར་སྲུང་མན་ངག་ཞལ་ཤེས་སོའི་མཐའ་ཅན། མཚན་བཅས་མཚན་མེད་ཀྱི་ཐོག་སྲུང་ཐུབ་པོའི་མཐའ་ཅན། དཀར་གོང་ལ་བརྟེན་ནས་ལུག་ནད་གཅོད་པ། བལ་སྐུད་ལ་བརྟེན་ནས་གཡག་ནད་གཅོད་པ། ཆུ་ལ་བརྟེན་ནས་ལྷོག་པ་བསྲུང་བ། རྫས་གཉིས་ཀྱི་དུད་པས་རིམས་བསྲུང་བ། སྲན་མས་འབྲུམ་བུ་བསྲུང་བ། ཁྱི་བལ་གྱིས་འཁྲུ་བ་གཅོད་པ། མེ་བཙས་འགོ་ཡོར་བསྲུང་བ། འདོགས་པའི་མཚོན་སྲུང་མན་ངག་ཞལ་ཤེས་སོའི་མཐའ་ཅན། གུ་གུལ་གྱིས་གཟའ་ནད་འཆོས་པ།དམིགས་པས་ཇག་པ་འཆིང་བ་སྟེ་ལས་ཚོགས་ཉི་ཤུ་རྩ་གསུམ་མཁའ་འགྲོའི་གདམས་པ་རྒྱ་མཚོའི་ནང་ནས་ཟབ་མོ་ཆུ་ཐིགས་ཙམ་ཞིག་བཀོད་པ། འགོར་སྐྱབས་འགྲོ་སེམས་བསྐྱེད་ཅེས་ཡོད་པའི་ཁྱད་པར་གྱི་བཟློག་པ་དམ་ཚིག་པ་རང་ལ་བསྡུའོའི་མཐའ་ཅན། མངོན་རྟོགས་ཤིན་ཏུ་གཉན་པས་གསང་བར་བྱ་བའི་མཐའ་ཅན། འགོར་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །འདིའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་བླ་མ་བ་རི་ལོ་ཙཱ་བ་ལ་གདམས་པའོའི་མཐའ་ཅན། འགོར་ན་མོ་ཌཱ་ཀི་ནཱི་ཡ་མཁའ་འགྲོ་མའི་མན་ངག་ཅེས་ཡོད་པའི་ཡི་གེ་བཅུ་བཞིའི་ལས་ཚོགས་དང་བཅས་པ་རྣམས་སོ། །གཉིས་པ་གོང་དཀར་བ་ནས་བརྒྱུད་པ་ལ། འགོར་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །འདིའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ཡི་གེ་མི་དག་ལས་མང་བ་ལ་སྦྱིན་པ་མེད་དོ་ཞེས་དམ་བཅས་ནས་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བར་གདམས་པའི་མཐའ་ཅན། འགོར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གདམས་པ་འདིའི་ལོ་རྒྱུས་བླ་མ་བ་རི་ལོ་ཙཱ་བ་དང་མུ་སྟེགས་སྐལ་ལྡན་རྒྱལ་པོ་ཞེས་ཡོད་པའི་ལོ་རྒྱུས་དང་སྡིག་སྦྱོང་དུ་གསེར་གྱི་གསུང་རབ་བྲིས་གསུངས་པའི་མཐའ་ཅན། མཚན་བཅས་ཀྱི་སྲུང་བས་བྱད་ཁ་མཁན་པོ་ཁོ་རང་ལ་བཟློག་པ། ཐལ་རྡབ་ཀྱིས་དགྲ་འཆི་བ། ཏིང་ངེ་འཛིན་གྱིས་ངག་གནོན་པ། སྔགས་ཀྱིས་ཕྱོགས་ངན་བདུད་གཅོད་བསྲུང་བ། བཟླས་པའི་མཆིལ་མས་མཚོན་བསྲུང་བ། རྐང་འོག་གི་སས་གཡུལ་གྱི་རང་ཕྱོགས་ཀུན་བསྲུང་བ།སྔགས་ཀྱིས་ཇག་པ་འཆིང་བ། མཁའ་འགྲོ་མ་དམར་མོས་ནོར་དང་ཚེ་སྒྲུབ་ཅིང་བསོད་ནམས་སྤེལ་བ། རྨི་ལམ་ངན་པ་བཟློག་པར་ཁ་གཏོད་པའི་གནད། དྲི་ཆུས་རིམས་ནད་བསྲུང་བ། བསྙེན་ཚད་དང་ཤམ་བུའི་ཞལ་ཤེས། སེང་གདོང་དམར་མོ་ལ་བརྟེན་པའི་ཁྱད་པར་གྱི་བཟློག་པ་བསམ་པའི་དོན་རྣམས་ཐམས་ཅད་འགྲུབ་བོའི་མཐའ་ཅན། ཕྱིར་བཟློག་མན་ངག་ཚིགས་བཅད་མ་ཞལ་གདམས་བླ་མའི་མན་ངག་ལས་བྱུང་ངོའི་མཐའ་ཅན། རྡོ་རྗེ་ཕག་མོ་ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས་དང༌། བཟླས་པས་ཐུན་མོང་གི་དངོས་གྲུབ་མི་རྟོགས་པ། སྒྲིབ་པ་སྲེག་པ། དྲོད་བསྐྱེད་པ། གཞན་གྱི་བགེགས་བཟློག་པ་བཅས་བསྟན་པ་མཁའ་འགྲོ་མ་བདག་གིས་དབང་དུ་སྡུད་དོའི་མཐའ་ཅན། གཏོར་མ་གཏོང་བ་དང་བསྐུལ་མ་མོ་མཁའ་འགྲོ་མ་ཞར་བྱུང་མོ་མཆོད་དང་བཅས་པ་བཛྲ་ཌཱ་ཀི་ནཱི་ཡེ་འགྲུབ་བོའི་མཐའ་ཅན་འགོར། ན་མོ་གུ་རུ་བླ་མ་རྡོ་རྗེ་གདན་པ་ཞེས་ཡོད་པའི་ཁ་ཕྱོགས། འདུག་སྟངས། མངོན་རྟོགས། མཐེབ་མཛུབ་ཀྱི་དམིགས་པ། མ་གཅིག་ཡེ་ཤེས་མའི་བསྟོད་པ་དང་བཅས་པ་རྣམས་རྫོགས་པར་ཐོབ་པ་ལས། རྗེས་གནང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ།གྲུབ་ཆེན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་ཆེན་པོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། རྗེ་ཀུན་དགའ་བཀྲ་ཤིས། རྗེ་ངང་ཚུལ་བཟང་བ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྗེ་རོང་པོ་བློ་བཟང་པ། སྐྱིད་ཤོད་འབྲས་སྤུངས་ཀྱི་མཁན་ཐོག་ཏུ་ཕེབས་པ་གསང་སྔགས་ཀྱི་བདག་པོ་ཞིག་ཡིན་ཀྱང་མཚན་ཉིད་ཀྱི་ཊཱི་ཀ་མ་བྱུང་ཞེས་མ་གུས་པ་བྱུང་ཞེས་གླེང༌། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། རྗེ་བཙུན་ཀུན་དགའ་ལེགས་པ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། དེ་ཉིད་ནས་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཐོབ་བོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས།བསོད་ནམས་དཔལ་ལྡན་དང་བསྟན་འཛིན་ལྷུན་གྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་གིས་གསན། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལན་མང་དུ་ཐོབ་བོ། །ཡང་ན་འཕགས་པ་ནས་དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། ཆོས་རྗེ་བླ་མ་དམ་པ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། ཁྲོ་ཕུ་བ་བསོད་ནམས་སེང་གེ ཡང་རྩེ་བ་རིན་ཆེན་སེང་གེ ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། མཁན་ཆེན་བཀྲ་ཤིས་རིན་ཆེན། སྐལ་ལྡན་གྲགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་མན་འདྲའོ། །ངོར་ནས་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་རྗེས་གནང་གི་བརྒྱུད་པ་དང་འདྲ་ཞིང༌། དེ་ནས་དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ།སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུགམཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་སྩལ་ཏོ། །ཡང་ན་རྨོར་ཆེན་པ་ནས། རྡོ་རྗེ་འཛིན་དབང་སངས་རྒྱས་རྒྱ་མཚོ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན་ནས། མཁྱེན་རབ་རྗེ། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ།ས་ལོ་མན་གོང་ལྟར་རོ། །གོང་དཀར་བ་ནས་བརྒྱུད་པའི་ལུང་གི་བརྒྱུད་པ་བཅས་བཙལ་དགོས་སོ།། ༈ །།དཔལ་ས་སྐྱ་པའི་གསེར་ཆོས་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་ནས། ལུང་ལ་འགོར་གུ་རུ་བཛྲ་ག་རུ་ཊཱ་ཡ་ན་མཿ འདིར་མཁའ་ལྡིང་ཡེ་ཤེས་ཁྱུང་ཁྲ་སྒྲུབ་པར་འདོད་པས་ཞེས་ཡོད་པའི་སྒྲུབ་ཐབས་འདོད་དོན་གསོལ་བ་གདབ། དགེ་བ་བསྔོ་བའི་མཐའ་ཅན། མཇུག་ཏུ་བསྟོད་པ་ཤླཽ་ཀ་གཅིག་ཡོད་པ། གཏོར་མ་འབུལ་ན་དཀར་གསུམ་མངར་གསུམ་ཞེས་ཡོད་པའི་གཏོར་འབུལ་གྱི་ཆོ་ག་ཁང་པའི་ས་དགྲ་ངན་པ་སོགས་ཐུབ་བོའོའི་མཐའ་ཅན། བོང་ང་ཟ་བར་འདོད་ན་ཞེས་ཡོད་པའི་བོང་ང་བསྟེན་ཐབས་མི་ཚུགས་པར་འགྱུར་རོའི་མཐའ་ཅན། ཁྱི་སྨྱོན་གསོ་ཐབས་ཚར་གཅོད་པའི་མཐའ་ཅན། གཉན་གསོ་བ་གསལ་བར་བྱའོའི་མཐའ་ཅན། སྲུང་སྐུད་གདགས་པ། སྨན་ལ་བརྟེན་ནས་མཛེ་གསོ་བ་རིལ་བུ་སྦྱོར་ཐབས་སྒྲུབ་པ་སོགས་རྒྱས་པར་བསྟན་པ་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་པའི་ཡ་གྱལ་གཅིག་གོའི་མཐའ་ཅན། བསྟོད་པ་ས་ཡི་རང་བཞིན་རྣམ་དག་མ་རྗེ་བཙུན་གྲགས་པས་མཛད་པ། བཟླས་ལུང་སྟེར་བའི་མན་ངག་རྫོགས་བྱང་གི་མཐའ་ཅན་རྣམས་ཀྱི་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཆོས་རྒྱལ་ཟླ་བ་བཟང་པོ། འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་ཆེ་ཆུང་གཉིས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་སྐུ་མཆེད། མལ་ལོ་བློ་གྲོས་གྲགས་པ། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་རྒྱལ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། རྗེ་ལྷ་མཆོག་སེངྒེ། སངས་རྒྱས་སེངྒེ། ཐར་རྩེ་ནམ་མཁའ་དཔལ་བཟང༌། སྨྲ་བའི་ཉི་མ་ཀུན་དགའ་བསོད་ནམས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། བཀའ་དྲིན་ཟླ་བྲལ་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མཁན་ཆེན་ལེགས་པའི་འབྱུང་གནས་ནས། ས་ལོ་འཇམ་དཔལ་རྡོ་རྗེ། ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པ་མན་འདྲ། ཡང་ན་ས་ལོ་ནས། མུས་ཆེན་ནམ་མཁའ་དབང་ཕྱུག ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། ངག་དབང་ཆོས་ལེགས་རྡོ་རྗེ།མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་བསྟན་པའི་སྒྲོན་མེ་ཀུན་དགའ་ལྷུན་གྲུབ། དེས་བདག་ལའོ།། ༈ །།དཔལ་ས་སྐྱ་པའི་གསེར་ཆོས་ལྕགས་རི་མི་འདའ་བ་བཅུ་གསུམ་གྱི་སྟེང་དུ་གཅིག་བསྣན་པའི་ཀླུ་པའི་གསེར་ཆོས་བཅུ་བཞིར་གྲགས་པའི་ཡ་གྱལ་སེངྒེ་སྒྲའི་ངག་བསྲུང་འགྲོལ་གྱི་མན་ངག་ཤིན་ཏུ་ཟབ་པའི་མཐར་ཐུག་མྱོང་བས་ཐོན་པའི་བརྒྱུད་པ་ནི་གོང་གི་རྗེ་བཙུན་སེངྒེ་སྒྲའི་སྐབས་སུ་སོང་ངོ༌། །སྨྲས་པ། རྣམ་གསུམ་གྲུབ་པའི་དབང་ཕྱུག་གིས་བཀྲལ་བའི། །མཁའ་སྤྱོད་གསུམ་གྱི་བྱིན་རླབས་ཚེ་དཔག་མེད། །འཇམ་དཔལ་ལ་སོགས་གསེར་ཆོས་གདམས་པའི་སྐོར། །ཐོས་པའི་རྣ་ལུང་ཡངས་འདི་བླ་མའི་དྲིན། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། གསེར་ཆོས་མཁའ་སྤྱོད་སྐོར་གསུམ་གྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་གཉིས་པའོ།། །།བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཁྱད་པར་གྱི་གདམས་པ་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འགྲུབ་པ་དམར་པོ་སྐོར་གསུམ་དུ་གྲགས་པ་ལ། རྗེས་འབྲངས་ཀྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མང་ནའང་འདིར་རྗེ་བཙུན་མ་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེ། ཚོགས་བདག་བགེགས་ཀྱི་རྒྱལ་པོ་དམར་ཆེན། ཁྲོ་བོ་ཀག་ཆོལ་འདོད་པའི་རྒྱལ་པོ་གསུམ་ལས། དང་པོ་ཀུ་རུ་ཀུལླེའམ་རྗེ་བཙུན་རིགས་བྱེད་མའི་ཆོས་སྐོར་རྣམས་ཀྱེ་རྡོར་རྩ་བཤད་ཀྱི་རྒྱུད་དང་ཀུ་རུ་ཀུལླེའི་རྟོག་པ་ལས་འབྱུང་ཞིང༌། དེ་ལའང་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་སོགས་སུ་གྲགས་པའི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། འདིར་ཐུན་མོང་མ་ཡིན་པ་ཟུར་བཀའ་དཔའ་བོ་རྡོ་རྗེ་དང་ག་ཡ་དྷ་རའི་མན་ངག་འབྲོག་མི་ལོ་ཙཱ་བ་ལས་བརྒྱུད་པ། ལྷན་སྐྱེས་རོལ་པ་དང་ཌོམྦི་པའི་མན་ངག་བ་རི་བ་ལས་བརྒྱུད་པ། གཉན་གྱི་གདམས་པ་སོགས་བཀའ་བབས་མང་དུ་བཞུགས་པའི་མན་ངག་གི་རིམ་པ་རྣམས་ཚར་པ་རྡོ་རྗེ་འཆང་གི་དཀར་ཆག་བཞིན་ཚང་བར་མནོས་པ་ལ། ཚོམ་བུ་ལ་བརྟེན་ནས་ཕྱི་སྒྲུབ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ཚར་ལུགས་ཐུན་མོང་བ་དང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་ངོར་ལུགས་ཐུན་མོང་མ་ཡིན་པའི་ཕྱི་སྒྲུབ་ཀྱི་རྗེས་གནང༌། དགའ་ལྡན་པ་ཀུན་བསོད་ཀྱི་ཡི་གེ་དང་ཟུར་འདེབས་དཔལ་ལྡན་བླ་མ་གཟུངས་ཀྱི་དཔལ་བས་མཛད་པ་དང་དམ་པའི་ཕྱག་ལེན་འཁྲུལ་མེད་ལ་བརྟེན་ནས་ཁའུ་པའི་ལུགས་ཀྱི་ནང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང༌།སོ་འཇིགས་མེད་གྲགས་པའི་ཡི་གེ་དང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བྱིན་རླབས་ཀྱི་ཡི་གེ་གསལ་བའི་སྒྲོན་མའི་སྟེང་ནས་སིནྡྷཱུ་རའི་དཀྱིལ་འཁོར་གསང་སྒྲུབ་ཀུ་རུ་ཀུ་ལླེ་ལྷ་ལྔའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་རྣམས་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་གི་སྐོར་ལས། ཐོག་མར་དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གསེར་ཆོས་དམར་པོ་སྐོར་གསུམ་ཞེས་གྲགས་པའི་ཆོས་སྐོར་གྱི་དཀར་ཆག་དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་གི་ཁ་འབྱེད་གནད་ཀྱི་ལྡེ་མིག་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པ། དེ་ལས་བྱུང་བའི་ཀུ་རུ་ཀུལླེའི་ཆོས་སྐོར་ལ། བླ་ཆེན་དང་བ་རི་ཐུན་མོང་ནས་བརྒྱུད་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ། ཌོམྦི་ཧེ་རུ་ཀ་ནས་བརྒྱུད་པ། བཀྲས་རྣམ་པའི་ཡི་གེ དཀར་ཆག་ཏུ་མ་བཞུགས་པའི་ཆོས་སྐོར་དང་ལྔ། དང་པོ་བརྒྱུད་པའི་ལོ་རྒྱུས་རྗེས་གནང་དང་བཅས་པ་༼སྒོ༽༼གློ༽དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་བཙུན་པ་ཨཱ་ནནྡས་བྲིས་པ་བརྗེད་བྱང་ངོའི་མཐའ་ཅན། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་འདིའི་ལོ་རྒྱུས་ནི་ཞེས་འགོར་ཡོད་པའི་ལོ་«་་་་་འདི་ན་མ་ཧཱ་རཱ་ཛ་ཟེར་བ་དང་ས་ཧ་ཛ་ཞེས་པ་རྒྱལ་པོ་སྟེ་ལྷན་སྐྱེས་ཀྱི་སྐད་དོད་ལས་རོལ་པའི་གསལ་ཁ་མེད། »རྒྱུས་སྒྲུབ་ཐབས་འདི་མ་ཧཱ་རཱ་ཛས་མཛད་དོ་ས་ཧ་ཛ་པའི་ལས་སོའི་མཐའ་ཅན། ཐུན་མོང་མ་ཡིན་པའི་བྱིན་རླབས་དབང་བཞིའི་ཟུར་འདེབས་གཟུངས་ཀྱི་དཔལ་བའི་གསུང་ལས་བུདྡྷ་ཤྲཱིས་ཟིན་བྲིས་སུ་བཀོད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས་ལས་སྦྱོར་རྩ་རྒྱུད་བརྟག་གཉིས་ཀྱི་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ་ལས་ཕྱུང་བ། སྔགས་བཏུ་བ་བརྟག་གཉིས་སྔགས་ཀྱི་ལེའུ་ལས་ཕྱུང་བ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པའི་ཀུ་རུ་ཀུལླེའི་སྒྲུབ་༼སྒོ༽༼གློ༽ཐབས་ཀྱི་རྒྱ་གཞུང་རྒྱལ་པོ་ལྷན་སྐྱེས་རོལ་པས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པའི་སྒྲུབ་ཐབས་༼གློ༽དཱ་ན་ཤཱི་ལའི་རང་འགྱུར། མང་དུ་ཐོས་པའི་སློབ་དཔོན་ཀུ་མཱ་ར་བོ་དྷིས་མཛད་པའི་སྒྲུབ་ཐབས། རིགས་ལྡན་མའམ་ཀུ་རུ་ཀུལླེའི་སྒྲུབ་ཐབས་༼སྒོ༽༼གློ༽མ་ཏཾ་གིས་མཛད་པ། ཀྱེ་རྡོ་རྗེ་ལས་བྱུང་བའི་མན་༼སྒོ༽༼གློ༽ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ་དཱ་ན་ཤཱི་ལའི་རང་འགྱུར། ཤཱཀྱ་འཚོས་མཛད་པའི་མན་ངག་རྣམ་པ་ལྔ་དཱ་ན་ཤཱི་ལའི་རང་འགྱུར།བསྙེན་སྒྲུབ་ལས་གསུམ་གྱི་གདམས་༼སྒོ༽༼གློ་༽པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། སྒྲུབ་ཐབས་༼སྒོ༽ཀྱི་རིམ་པ་འཕགས་པ་རིན་པོ་ཆེས་མཛད་པ།«་་་་་དཀར་ཆག་ན་མི་གསལ་ཡང་འཇམ་དབྱངས་མཁྱེན་བརྩེས་སྒོ་རུམ་པར་གསན་པའི་ཡི་གེར་བསྟོད་པ་དང་བཅས་ཟེར་བ་འདུག་པས་བརྩེ་བས་རྗེས་ཆགས་མ་ཞེས་བྱ་བ་ཤླཽ་ཀ་གཅིག་པུ་དེའོ། »།ལས་སྦྱོར་གྱི་མན་༼སྒོ༽༼གློ༽ངག་པཎྜི་ཏ་དོན་ཡོད་རྡོ་རྗེས་བླ་མ་བ་རི་བར་གནང་བ། ནུས་པ་མ་ཉམས་པས་ཁམས་གསུམ་དབང་དུ་བྱེད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། དབུ་ན་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ཞེས་ཡོད་པའི་རྫས་སྦྱོར་གྱི་ཡི་གེ་གླ་རྩིར་བཅས་པའི་དུ་བས་མིའི་མིང་རུས་ལ་བདུགས་ན་དབང་དུ་འགྱུར་རོའི་མཐའ་ཅན།གཏོར་མའི་ཆོ་ག་ཚིགས་བཅད་༼སྒོ༽༼གློ༽མ་ཉུང་ངུ་ཡར་ཀླུངས་པས་མཛད་པ། ལས་ཀྱི་མཐའ་སྡུད་སྦྱིན་སྲེག་༼གློ༽ཚིགས་བཅད་མ་རྫོགས་སོའི་མཐའ་ཅན། རྗེ་བཙུན་མའི་བྲིས་སྐུའི་ཆོ་ག་༼སྒོ༽རྫོགས་བྱང་གི་མཐའ་ཅན། གསུང་རྡོ་རྗེ་མའི་ལག་སྒུལ་༼སྒོ༽ཐམས་ཅད་ཡིད་འཕྲོག་པར་འགྱུར་རོའི་མཐའ་ཅན། ཀུ་རུ་ཀུལླེ་གཞོན་ནུ་མའི་སྒྲུབ་༼སྒོ༽ཐབས། རྗེ་བཙུན་མའི་བཀའ་སྡོད་པོ་ཉ་༼སྒོ༽གནོད་སྦྱིན་མོ་སྐུ་མདོག་སེར་མོའི་མན་ངག ཀུ་རུ་ཀུལླེ་སྐུ་མདོག་སྔོན་མོའི་ཆར་འབེབས་ཀྱི་ཡི་གེ་བཀའ་བསྒོ་དྲག་ཏུ་བྱའོའི་མཐའ་ཅན། སྒྲུབ་ཐབས་ནག་པོ་འགྲོ་ཤེས་༼འཁོན༽ཁམས་གསུམ་དབང་དུ་བསྡུ་བའི་གནད་ཡིག་གདྒཱའི་ཆུ་རྒྱུན། འདི་ནི་དུས་གཅིག་ལ་སྣོད་ལྡན་གྱི་སློབ་བུ་གཅིག་ལ་ཆིག་བརྒྱུད་མ་གཏོགས་མང་པོར་མི་སྤེལ་བའི་བཀའ་རྒྱ་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་ཡོད་ཅིང༌། དེའི་རྒྱུ་མཚན་ཡང་དཀར་ཆག་ཏུ། བློ་ཆུང་ཐུན་མོང་གདམས་པས་ཚིམ། །འབྱོར་ལྡན་ལུང་མེད་ཡིག་ཧྲུལ་སྡུད། །ཤེས་འདོད་གྲགས་པའི་རྗེས་སུ་འབྲང༌། །དེ་དག་ཆུ་འདོད་སྨིག་རྒྱུར་སྙེག །ཅེས་པའི་ངང་ཚུལ་དང་ཡེ་མི་འདྲ་བར་སློབ་དཔོན་ལྷན་སྐྱེས་རོལ་པ་ནས་བཟུང་སྟེ་རྗེ་བཙུན་ཀུན་སྤངས་ཆེན་པོའི་བར་དུ་ཚད་མ་བཞི་ལྡན་གྱི་སྙན་བརྒྱུད་གདམས་པའི་ངད་མ་ཡལ་བའི་ཟབ་གནད་དང་ལྡན་པས། ཇི་སྐད་དུ། ཁོ་བོས་དམ་པའི་ཞབས་པད་རིང་དུ་བསྟེན། །སྙན་བརྒྱུད་བདུད་རྩིའི་ཞལ་འོད་སྙིང་ལ་ཤར། །འཁྲུལ་མེད་གདམས་པའི་གནད་ལ་ངེས་པ་ཐོབ། །གྲོགས་དག་འདི་འདྲའི་སྐལ་བཟང་ཁོ་བོ་ཙམ། །ཞེས་གསུངས་པ་སྙིང་ལ་བཅང་བར་བྱའོ། །བདག་ཉིད་ནུས་ལྡན་དུ་བྱ་བ་དང་ལིངྒའི་སྙིང་གར་འཇུག་པའི་འཁོར་ལོའི་ཞལ་ཤེས་ཀྱི་ཡིག་ཆུང་བཀའ་རྒྱ་ཤིན་ཏུ་དམ་པ་རྣམས་སོ།། ༈ །།གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་སྐོར་ལ། བསྙེན་པ། ལྷ་དབང་དུ་བྱས་ནས་དོན་བསྒྲུབ་པ། ཀླུ་དབང་དུ་བྱས་ནས་ཆར་དབབ་ཅིང་ནོར་བསྒྲུབ་པ། གནོད་སྦྱིན་དབང་དུ་བྱས་ནས་ཟང་ཟིང་བསྒྲུབ་པ། མི་མ་ཡིན་དབང་དུ་བྱས་ཏེ་སྲོག་འཕྲོག་པ། རྨི་ལམ་ངན་པ་བཟློག་པ། ཤེས་རབ་འཕེལ་བ། སྲིའུ་གསོ་བ་རྣམས་སྟོན་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཀོ་ས་ལར་འཁྲུངས་པའི་བཻ་རོ་ཙ་ནའི་རང་འགྱུར། དེའི་ལག་ལེན་གྱི་ཡིག་སྣ་ལ་ལོ་རྒྱུས། ཞི་བའི་དཀྱིལ་འཁོར་དུ་བསྙེན་པ། རྒྱས་པའི་དཀྱིལ་འཁོར་དུ་ཁྲོལ་བུ། དྲག་པོའི་དཀྱིལ་འཁོར་དུ་དིབ་མ། དབང་གི་དཀྱིལ་འཁོར་དུ་རིལ་བུ་བསྒྲུབ་པ། བྱེ་བྲག་ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་དབང་དུ་བསྡུ་བ། འཆི་བསླུ།ཤེས་རབ་འཕེལ་བ། སྲིའུ་བསྲུང་བ་རྣམས་སྟོན་པ་ཀོ་ས་ལར་འཁྲུངས་པའི་བརྟུལ་ཞུགས་སྤྱོད་པ་རྣམ་པར་སྣང་མཛད་རྡོ་རྗེས་ཡི་གེར་བཀོད་པ། བརྒྱུད་པ་སྒྲུབ་པ་ཆར་དབབ་པ་སྟེ་དོན་གསུམ་གྱིས་བསྟན་པའི་ཀླུའི་རྒྱལ་པོ་ཝ་རུ་ཎའི་ཆར་འབེབས་རྒྱ་གར་བཻ་རོ་ཙཱ་ནའི་རང་འགྱུར་དུ་མཛད་པ། ཆར་ཆོག་གི་ཡིག་སྣ་རྫོགས་བྱང་གི་མཐའ་ཅན། འགོར་ཡང་ན་རང་གི་དབེན་ཁང་ནས་ཞེས་ཡོད་པའི་གོང་གི་ཞལ་ཤེས་ཛྙཱ་ན་ཤྲཱི་དྷརྨའོའི་མཐའ་ཅན། ལས་སྦྱོར་གསུམ་པ་ཞེས་པ་ཆར་དབབ་པ། རྒྱལ་པོ། སྐྱེས་པ། བུད་མེད། ནོར། མི་མ་ཡིན་པ།ཕྱག་རྒྱ་མ། སྔགས་པ་རྣམས་དབང་དུ་བྱ་བ། ཀླུ་སྒྲུབ་ཀྱིས་མཛད་པའི་ཀུ་རུ་ཀུལླེའི་ས་དཔྱད་རྫོགས་སོའི་མཐའ་ཅན། འགོར་བླ་མ་དམ་པ་ལ་ན་མོ་བྱང་ཆུབ་སེམས་ཀྱི་ཕང་ལ་ཞེས་ཡོད་པའི་སྒྲུབ་ཐབས་ཆུང་ངུ་གྲེང་གྲེང་ཤ་སྭཱ་ཧཱའི་མཐའ་ཅན་ནོ། །གསུམ་པ་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པ་ལ། འགོར་བླ་མའི་གསུང་ལས་བྱུང་བ་ཡི་ཞེས་ཡོད་པའི་སློབ་མ་རྗེས་སུ་གཟུང་བའི་བྱིན་རླབས་ཀྱི་ཆོ་ག་ཚིགས་བཅད་རྫོགས་སོའི་མཐའ་ཅན་«་་་་་འདི་དཀར་ཆག་ན་མཛད་པ་པོ་མི་གསལ་ཡང་རྗེ་མཁྱེན་བརྩེའི་གསན་ཡིག་ན་ས་པཎ་གྱིས་མཛད་ཟེར་བ་སྣང༌།»འགོར་རྗེས་གནང་འདི་ཐུན་མོང་བ་མིན་ཞེས་ཡོད་པའི་སློབ་མ་རྗེས་སུ་གཟུང་བའི་བྱིན་རླབས་ཀྱི་ལག་ལེན་ཤིན་ཏུ་གསལ་བ་ཡང་ཡིག་ཏུ་གྲགས་པ་བླ་མ་མཉམ་མེད་པས་མཛད་པ་སྔོན་ཆད་ཡི་གེར་མེད་པ་ཡི་གེར་བཀོད་པ་བཟོད་པར་གསོལ་ལོའི་མཐའ་ཅན། སྒྲུབ༼གློ༽ཐབས་ཌོམྦི་ཧེ་རུ་ཀས་མཛད་པ། དེས་མཛད་པའི་བསྟོད་པ་༼གློ༽མི་འགྱུར་མ། བཅོམ་ལྡན་འདས་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ་འདིར་རྗེ་བཙུན་མ་ཀུ་རུ་ཀུལླེ་མོས་པ་ཞེས་འགོར་ཡོད་པའི་བསྙེན་པའི་ཡི་གེ་རྡུལ་ཚོན་རྒྱ་མཚོར་འབབ་པའི་ཆུ་བོར་དོར་བའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་རྗེ་བཙུན་མ་ཀུ་རུ་ཀུལླེ་དབང་དུ་བྱ་བའི་མན་ངག་ཅེས་ཡོད་པའི་རྗེ་བཙུན་མའི་བསྒྲུབ་པའི་རིམ་པ་དང་ལས་སྦྱོར་གྱི་རིམ་པ་རྫོགས་སོའི་མཐའ་ཅན།བསྙེན་སྒྲུབ་ལས་གསུམ་ཆིག་སྒྲིལ་གྱི་མན་ངག་ཟབ་པ་ས་སྐྱ་པ་ཆེན་པོ་ཤིན་ཏུ་དམ་པར་མཛད་པ་སྣོད་ལྡན་གཅིག་བརྒྱུད་མ་གཏོགས་པ་ཤིན་ཏུ་གསང་བ། དེའི་ཐུན་མོང་མ་ཡིན་པའི་ཞལ་ཤེས་ཉི་ཤུ་རྩ་གཅིག་བར་མ་ཆོད་པའོའི་མཐའ་ཅན། ཞལ་ཤེས་ཀྱི་ཡིག་ཆུང་སྙིང་དང་འདྲ་བས་སུ་ལ་ཡང་མི་སྦྱིན་ནོའི་མཐའ་ཅན། ཡིག་ཆུང་གི་ཡང་ཡིག་བཟླས་པ་བྱེད་ཟེར་བ་བདེ་ལེགས་སོའི་མཐའ་ཅན། གསང་སྒྲུབ་ཀྱི་སྐོར་འདིར་ཐོར་བུ་ཙམ་མ་གཏོགས་ཆ་ཚང་བ་ཡེ་མེད་པས་དཔེ་སུ་བྱུང་ལ་མི་སྟོན་པའི་བཀའ་རྒྱ་ཡོད་ཚུལ་དཀར་ཆག་ཏུ་འདུག་པ་བཞིན་སྙིང་ལ་བཅང་བར་བྱའོ། །བཞི་པ་རྗེ་བཀྲ་ཤིས་རྣམ་རྒྱལ་པས་མཛད་པའི་ཡི་གེ་ནི་རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་ཡི་གེ་ཤིན་ཏུ་རྒྱས་པ་ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། ལྔ་པ་དཀར་ཆག་ཏུ་མ་བཞུགས་པའི་ཡི་གེ་ལ་རྗེ་བཙུན་རིགས་བྱེད་མ་བྱོན་ཚུལ་ཡིད་འཕྲོག་པདྨ་རཱ་གའི་ཆུན་པོ་འ་ཞྭ་ཨརྠ་སིདྡྷིས་མཛད་པ། ཆོས་ཚན་གཅིག་ཏུ་ཚང་བའི་དམར་པོ་སྐོར་གསུམ་གྱི་རྗེས་གནང་གི་གསལ་བྱེད་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ། འཕགས་མ་ཀུ་རུ་ཀུལླེའི་མན་ངག་གི་རིམ་པ་ཞེས་བསྐྱེད་རིམ། བསམ་གཏན་གྱི་སྦྱོར་བ། སྦྱིན་སྲེག འཁྲུལ་འཁོར། ལས་སྣ་ཚོགས་པ་སྟེ་རིམ་པ་ལྔར་ཕྱེ་ནས་བསྟན་པའི་སྒྲུབ་ཐབས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བའི་འགྱུར། ཀུ་རུ་ཀུལླེའི་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་རིམ་པ་ངག་འདོན་གྱི་སྒྲུབ་ཐབས་ཚར་ཆེན་གྱིས་མཛད་པ། དེས་མཛད་པའི་བརྒྱུད་འདེབས་སྲིད་གསུམ་དབང་མཛད་མ། དེས་མཛད་པའི་བསྟོད་པ་རྒྱལ་བའི་ཡེ་ཤེས་མ། སྦྱིན་སྲེག་གི་ཡི་གེ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། གནད་ཡིག་ནག་པོ་འགྲོ་ཤེས་ཀྱི་ཞལ་འཕངས་སྦྱིན་སྲེག་གི་ཡི་གེ་བྲག་དམར་མཁན་ཆེན་རབ་བརྟན་དཔལ་བས་བསྐུལ་བར་བརྟེན་ནས་ཚར་ཆེན་གྱིས་མཛད་པ། བསམ་གཏན་ཁོ་ནས་ལས་ལ་སྦྱོར་བའི་གསེར་ཆོས་སྙིང་གི་ཡང་ཞུན་ཆིག་བརྒྱུད་མ། གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་ཡི་གེ་རིག་པ་འཛིན་པ་གྭ་ཆེན་གྱིས་བསྐུལ་བའི་ངོར་སོ་འཇིགས་མེད་གྲགས་པས་མཛད་པ། གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་སྒོ་དབྱེ་བ་སྦྱོར་དངོས་རྗེས་གསུམ་པ་ཞལ་ཤེས་ཟབ་མོ་ཡི་གེར་བཀོད་པའི་མཐའ་ཅན། ལྷ་ལྔའི་བྱིན་རླབས་ཀྱི་ཆོ་ག་གསལ་བའི་སྒྲོན་མེ་མཁན་ཆེན་འཇམ་དཔལ་དབྱངས་ངག་དབང་ཆོས་གྲགས་ཀྱིས་མཛད་པ་རྣམས་དང༌། དཔེའུ་རིས་ལ། སྒྲུབ་པའི་མཎྜལ་སྒྲུབ་རྫས་དང་བཅས་པ། རང་ཉིད་ནུས་ལྡན་དུ་བྱ་བའི་འཁོར་ལོ། ལིངྒའི་སྙིང་གར་འཇུག་པའི་འཁོར་ལོ། དེ་དང་འདྲ་མིན་གཅིག སྦྱིན་སྲེག་གི་ཐབ། ཀླུ་སྒྲུབ་ཀྱི་རྒྱ་གཞུང་དངོས་སྒྲུབ་འབྱུང་གནས་ཀྱིས་དོན་ཀུན་སྒྲུབ་པ། ལྷ་ཀླུ་སོགས་དབང་སྡུད་སྤྱིར་དྲིལ་གྱི་འཁོར་ལོ། ཆར་དབབ་པའི་དཀྱིལ་འཁོར། སྦྲུལ་དང་སྦལ་བར་འཇུག་པའི་ཕྱེད་མཐའི་ཙཀྲ། རིལ་བུ་འཁོར་ལོ་ཅན། རླུང་གནོན་འཁོར་ལོ། ནོར་སྒྲུབ་འཁོར་ལོ། སྲིའུ་གསོ་བའི་འཁོར་ལོ་དང་བཅས་པ་རྣམས་ཕྱག་ལེན་དམར་ཁྲིད་དུ་ལེགས་པར་ཐོབ་པ་ལས་ས་དཔྱད་ལྔ་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་དང༌། སིནྡྷཱུ་རའི་བྱིན་རླབས་ཀྱི་ཆོ་ག་གསུམ་དོར་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ས་བཅད་དང་པོ་དང་ལྔ་པའི་ལུང་ཀླུ་རྟགས་ཅན་དང་མན་ངག་ཚང་བར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་པ། རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ། རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། དེ་གཉིས་ཆར་ལས་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། རྗེ་བཙུན་ངག་དབང་རྣམ་རྒྱལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་ཆེན་པོ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ངག་གི་དབང་པོ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་མཁྱེན་བརྩེའི་ཞབས་ནས་རྗེ་བཙུན་གཞོན་ནུ་སྟོབས་ལྡན། རྗེ་དབང་རབ་མན་འདྲ། ཡང་རྗེས་གནང་གཉིས་ཀྱི་བརྒྱུད་པ་ལུགས་གཅིག་ལ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས། འཇམ་མགོན་མཁྱེན་བརྩེ། ཡབ་སྲས་གཉིས་ཀ་ལས་རྗེ་དབང་རབ་ཀྱིས་གསན་པ་མན་འདྲ། ཡང་ན་མཁྱེན་བརྩེའི་ཞབས་ནས། བསླབ་གསུམ་རྗེ། རྡོ་རྗེ་འཆང་དབང་རབ་མན་འདྲའོ། །ཡང་ངོར་ལུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པའི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ་ཡན་གོང་ལྟར་ལས། དེ་ནས་འུ་ཡུག་«་་་་་རྒྱལ་དབང་དང་རྨོར་ཆེན་པའི་གསན་ཡིག་ཏུ་འུ་ཡུག་པ་བསོད་ནམས་སེངྒེ་ཞེས་བྱུང་བ་བརྟག »པ་ཀུན་དགའ་བསོད་ནམས། ཉི་ཐོག་པ་ཀུན་སྨོན། བླ་མ་ཡོན་ཏན་དཔལ། པུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་དགའ་བསོད་ནམས། ཆོས་རྗེ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ དེས་རྗེ་བུདྡྷ་སིངྷ་དང་ཤར་ཁང་པ་གཉིས་ལ་གནང༌།དེ་གཉིས་ཆར་ལས་པཎ་ཆེན་ནམ་མཁའ་དཔལ་བཟང༌། དེ་ནས་དབོན་ནམ་མཁའ་སངས་རྒྱས། རྗེ་ནམ་མཁའ་དཔལ་བཟང༌། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས།མཚུངས་མེད་བསྟན་འཛིན་ལྷུན་གྲུབ། བཀའ་དྲིན་རྨད་བྱུང་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་དགེས་བཞིན་དུ་སྩལ་ཏོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། རྗེ་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ཅན་ལའོ། །ཡང་ན་དགའ་ལྡན་པ་ཀུན་བསོད་ནས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེངྒེ། ཤར་པ་མན་སྔར་དང་འདྲའོ། །ཐུན་མོང་བ་ཨེ་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། ཀུན་དགའ་བཟང་པོ་ཡན་ཆད་བཤད་མ་ཐག་པའི་ངོར་ལུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་དང་འདྲ་ལ། དེ་ནས་མུས་ཆེན་དཀོན་མཆོག་རྒྱལ་མཚན། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གསུམ་གྱིས་གསན། ཕྱི་མ་གཉིས་ནས་མཁན་ཆེན་ལེགས་པའི་འབྱུང་གནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཐར་རྩེ་པ་ནམ་མཁའ་དཔལ་བཟང༌། བརྩེ་ཆེན་སྨྲ་བའི་ཉི་མ་ཀུན་དགའ་བསོད་ནམས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་མུས་ཆེན་ནས་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲ། ཡང་བཤད་མ་ཐག་པའི་ལུགས་སྲོལ་དང་འབྲོག་མི་ནས་བརྒྱུད་པའི་ལུགས་སྲོལ་གཉིས་མན་ངག་ཕྲ་མོ་རེ་གཉིས་མིན་པ་རྗེས་གནང་དང་ཆོས་སྐོར་གཅིག་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། གཉིས་སྤངས་ཞབས། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། ཐུགས་སྲས་སེ་སྟོན་ཀུན་རིག བླ་མ་ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ་མན་འདྲའོ། །ཡང་རྗེས་གནང་ཐུན་མོང་བའི་བརྒྱུད་ཚུལ་གཅིག་ལ། འཕགས་པ་རིན་པོ་ཆེ་ནས། འུ་ཡུག་པ་བསོད་ནམས་སེངྒེ། ཉི་ཐོག་པ་ཀུན་སྨོན། ཁའུ་པ་འོད་ལྡན་དཔལ།«་་་་་ཡོན་ཏན་དཔལ་ཞེས་རྒྱལ་དབང་ལྔ་པའི་གསན་ཡིག་ཏུ་བྱུང༌། »པུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་དགའ་བསོད་ནམས། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། གཞི་ཐོག་བདག་ཆེན་ཀུན་དགའ་དབང་ཕྱུག བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་མན་སྔར་དང་འདྲ། ཡང་ན་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་བྱང་ཆུབ་སེངྒེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་འདྲ། ཡང་རྗེས་གནང་གཉིས་དང་སྒོའི་རྟགས་ཡོད་པའི་ལུང་བརྒྱུད་ནི། བདག་ཆེན་རྡོ་རྗེ་འཆང་ཡན་གོང་ལྟར་ལས། དེ་ནས་སྒོ་རུམ་པ་ཀུན་དགའ་ལེགས་པ། རྗེ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཐུན་མོང་བའི་རྗེས་གནང་དང༌། གློའི་རྟགས་ཅན་གྱི་ལུང་བརྒྱུད་ནི། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་ཡན་གོང་ལྟར་ལས། དེ་ནས་གཞི་ཐོག་བདག་ཆེན་ཀུན་དགའ་དབང་ཕྱུག རྒྱལ་ཚབ་རྗེ།གློ་བོ་མཁན་ཆེན། རྗེ་གྲོལ་མཆོག འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ངོར་ཆེན་ནས། ཆུ་མིག་བདག་ཆེན་བློ་གྲོས་དབང་ཕྱུག པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་བ་སེམས་དཔའ་ཆེན་པོ། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། རྗེ་གྲོལ་མཆོག་མན་འདྲའོ། །ས་བཅད་གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་སྐོར་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཀླུའི་བྱང་ཆུབ། དགའ་རབ་རྡོ་རྗེ། བླ་མ་རྡོ་རྗེ་གདན་པ། བླ་མ་ཨཱརྻ་པཱ་ལ། བླ་མ་བཻ་རོ་ཙ་ན་བཛྲ། རྗེ་བཙུན་གནས་ནང་པ།«་་་་་ཁམས་པ་དབུ་སེ་ཡིན། དེ་ལ་གསན་ཡིག་ངེས་པ་ཞིག་མེད་འདྲ་བས་བླ་མ་བདུན་ཙམ་ཆད། »རྗེ་ཕྱོགས་ལས་རྣམ་རྒྱལ།«་་་་་འདི་ཀུ་རབ་པའི་ཞལ་ངོ་པཎ་ཆེན་བཀྲས་རྣམ་པའི་དབོན་པོ་ས་སྐྱ་པའི་དགེ་བཤེས་ཡིན་ཀྱང་རྗེས་སུ་ཀརྨ་པ་བརྒྱད་པའི་བླ་མར་གྱུར་ཅིང་གཉུག་ལ་ལེགས་བཤད་གླིང་གི་འཆད་ཉན་དུ་བསྐོས་པ་སོགས་ནས་ཀརྨ་ཕྲིན་ལས་ཞེས་གྲགས་པས་བརྒྱུད་འདེབས་སུ་ཐམས་ཅད་མཁྱེན་པ་རྗེ་བཙུན་ཕྲིན་ལས་ཞབས་ཞེས་གསུང༌། »རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཌོམྦི་ཧེ་རུ་ཀ་ལུགས་ཀྱི་སིནྡྷཱུ་རའི་ལྷ་ལྔའི་བྱིན་རླབས་དང་དེའི་ཆོས་སྐོར་ས་བཅད་གསུམ་ཡོངས་རྫོགས་དང་ལྔ་པའི་བྱིན་རླབས་ཀྱི་ཆོ་ག་ལེ་ཚན་གཉིས་ཀྱི་ལུང་དང་བཅས་པ་ལས་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཌཱ་ཀི་ནི་སུ་བྷ་གི ཌཱོམྦི་ཧེ་རུ་ཀ ཙ་ཎ་པ། ཏཻ་ལོ་པ། ནཱ་རོ་པཎ་ཆེན། རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཁང་སྟོན་འོད་ཟེར་རྒྱལ་མཚན། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་མཉམ་མེད་ཆེན་པོ། མཁས་གྲུབ་གཟུངས་ཀྱི་དཔལ་བ། རྣལ་འབྱོར་གྱི་དབང་ཕྱུགཡར་ཀླུངས་པ་སེངྒེ་རྒྱལ་མཚན། དེ་དབོན་བསོད་ནམས་རྒྱལ་མཆོག བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། བླ་མ་བློ་གྲོས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཞབས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་ཆེན་རྡོ་རྗེ་འཆང་ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་མཐའ་ཡས། མཁན་ཆེན་ཐམས་ཅད་མཁྱེན་པ་བཟང་པོ་རྒྱལ་མཚན། བཀའ་དྲིན་ཟླ་བྲལ་རྨོར་ཆེན་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །འདི་སྐོར་ལུང་«་་་་་རྟགས་ཡོད་མེད་ལ་མ་ལྟོས་པའི། »ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། མཁན་ཆེན་ངག་དབང་ཆོས་གྲགས་ཡན་གོང་བཞིན་ལས། དེ་ནས་བྱམས་པ་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ།ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ས་བཅད་བཞི་པ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ཡི་གེའི་ལུང་གི་བརྒྱུད་པ་ནི། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང༌། ཆོས་རྗེ་ཀུན་དགའ་བཀྲ་ཤིས། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན།མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་མཐའ་ཡས། དཔལ་ས་སྐྱ་པ་ཆེན་པོ། རྨོར་ཆེན་ཐམས་ཅད་མཁྱེན་པ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །དཀར་ཆག་ཏུ་ཀུ་རུ་ཀུལླེའི་ཆོས་སྐོར་དུ་གསུངས་ཤིང་མཁྱེན་བརྩེའི་གསན་ཡིག་སོགས་ཕལ་ཆེ་བ་ཟུར་དུ་ཕྱུང་ནས་གསེར་ཆོས་བཅུ་གསུམ་གྱི་གྲངས་སུའང་འདྲེན་པ་བླ་མ་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་དུ་གྲགས་པའི་སྐོར་ལ། སོ་སོའི་ཡིག་སྙིང་ལ་གཞི་བྱས། བརྒྱུད་པའི་ཕྱག་ལེན་གྱིས་བརྒྱན་པའི་རྗེས་གནང་སྤྱི་དང་མི་འདྲ་བའི་དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཁྱད་པར་ཅན། ནོར་རྒྱུན་མ་དམར་མོའི་སྐུ་སྒོམ་པ་དང་བཟླས་པའི་ལུང་གི་རྗེས་གནང༌། ལྷ་མོ་ཏི་ནུའི་རྗེས་གནང་བདུད་རྩི། སིནྡྷཱུ་ར། དྲིལ་བུ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་ལེགས་པར་ཐོབ་ནས། ལུང་ལ་དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་སྐོར་ནི། གཉན་ལོས་པཎ་ཆེན་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་པའི་ལོ་རྒྱུས། བསྙེན་པ་སྲོག་གི་འཁོར་ལོ་ཞེས་པ་བསྙེན་སྒྲུབ་ལས་གསུམ་དུ་ཡོད་པའི་བསྙེན་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ། ལས་སྦྱོར་དབང་དུ་བསྡུ་བ། བསྒྲལ་བ། ལས་ལ་གཞོལ་བ་གསུམ་གྱིས་བསྡུས་པ། ལོངས་སྤྱོད་རྫས་ཀྱི་འཁོར་ལོ་ཞེས་པ་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། དབང་སྡུད་ཡིད་བཞིན་གྱི་འཁོར་ལོས་ཕྱག་རྒྱ་མཚན་ལྡན་མ་འགུགས་པ་སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། ལུང་བླང་བའི་ཡི་གེ་དཀར་ཆག་ཏུ་མི་གསལ་བ། གཉན་ལོས་གཉན་ལྷ་ཁང་གི་ཁྲོ་བོ་དམེ་བརྩེགས་ཀྱི་ཞབས་འོག་ཏུ་གཏེར་དུ་སྦས་ཚུལ་གྱི་ལོ་རྒྱུས་རྣམས། ནོར་རྒྱུན་མ་དམར་མོའི་ཆོས་སྐོར་ལ། ན་མོ་བ་སུ་དྷ་རཱ་ཡཻ། གནས་ཡིད་དང་མཐུན་པ་ཞེས་འགོར་ཡོད་པའི་སྒྲུབ་ཐབས། ཁ་ཟས་ལ་སོགས་པ་མེད་པར་བྱའོའི་མཐའ་ཅན། ཨཱ་ཙརྻའི་ཞལ་ལ་རག་ལུས་པས་ཞལ་ཤེས། རྗེས་གནང་གི་ཡི་གེ་མཇུག་ན་ཨ་ན་ཡ་སོགས་ཀྱི་སྔགས་བྱང་ཡོད་པ། ལྷ་མོ་ཏི་ནུའི་ཆོས་སྐོར་ལ། འགོར་དྭང་བའི་ལྷ་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པའོའི་མཐའ་ཅན། ལུང་བླང་བའི་ཡི་གེ་ས་སྐྱར་ཡར་སྒོམ་གྱིས་ཞུས་པ། རྗེས་གནང་གི་ཕྱག་ལེན། དམར་ཆུང་སྐོར་གསུམ་གྱི་རྗེས་གནང་བྱ་ཚུལ་ཤིན་ཏུ་གསལ་བ། ཆོས་ཚན་གཅིག་ཏུ་དྲིལ་བ་ཀུན་«་་་་་བཀྲས་རྣམ་པའི་དབོན་པོ་རྗེ་ཕྲིན་ལས་པས་མཛད། »མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། འཇམ་མགོན་མཁྱེན་བརྩེས་མཛད་པའི་བསྟོད་པ་པདྨ་རཱ་གའི་ལྕགས་ཀྱུ་རྣམས་དང་བཅས་པ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་དར་མ་རྒྱལ་མཚན། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། འཕགས་པ་བློ་གྲོས་རྒྱལ་མཚན། དགའ་ལྡན་པ་ཀུན་དགའ་བསོད་ནམས།ཁམས་པ་རྡོ་རྗེ་དཔལ། བླ་མ་གྲགས་པ་དཔལ། བླ་མ་འཕགས་པ། བླ་མ་དཀོན་མཆོག་རྒྱལ་མཚན། བླ་མ་རིན་ཆེན་དཔལ། བླ་མ་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ། ཨེ་ཝཾ་པ་རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། རྗེ་རྡོ་རྗེ་གདན་པ་ནས། བླ་མ་བློ་གྲོས་རྣམ་རྒྱལ། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་མན་འདྲ། ཡང་ན་རྗེ་བཙུན་གྲགས་པ་ནས། བླ་ཆེན་ཡར་སྒོམ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུགམཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། ཡར་ལུང་པ་སེངྒེ་རྒྱལ་མཚན། མཁན་ཆེན་རྒྱལ་མཆོག བྲག་ཐོག་པ་མན་འདྲའོ། །ཡང་ན་ས་པཎ་ནས། ཚོགས་སྒོམ་པ།ཉན་ཆེན་པ། བྲག་ཕུག་པ། བཀའ་བཅུ་པ་གཞོན་ནུ་སེངྒེ། གུང་པ་བཀྲ་ཤིས་བཟང་པོ།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན། བར་འདིར་ལུང་མང་པོ་ཟེར་བ་ཞིག་འདུག་ཀྱང༌། རྗེ་མཁྱེན་བརྩེའི་གསན་ཡིག་ན་མི་འདུག་པས་བརྟག »མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་མན་འདྲའོ། །ཡང་ན་གཉན་ལོ་ཙཱ་བ་ནས། དཔྱིལ་སྟོན་རྡོ་རྗེ་ཐོག་འབེབས། ཡོལ་ཐོགས་མེད། བླ་མ་གྲྭ་ཞིག་པ། དབུས་པ་སངས་རྒྱས་འབུམ། བླ་མ་འཕགས་པ། བླ་མ་དཀོན་མཆོག་རྒྱལ་མཚན། བླ་མ་རིན་ཆེན་དཔལ། མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་ན་མཁན་ཆེན་ངག་དབང་ཆོས་གྲགས་ནས། འདྲེན་མཆོག་སྙིང་རྗེ་བཟང་པོ། མཁྱེན་རབ་བསྟན་འཛིན་བཟང་པོ། དྲིན་ཅན་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ཞར་བྱུང་དུ་ཛམྦྷ་ལ་ཚོགས་བདག་ཨ་པ་ར་ཙིཏྟ་གསུམ་ལ་བརྟེན་པའི་གཉན་ལོའི་གསེར་ཆོས་ཛམྦྷ་ལ་སུམ་སྒྲིལ་གྱི་གདམས་པ་ལས་སྦྱོར་ཁོ་ནས་ལག་ཏུ་ལོན་པའི་མན་ངག་ཟབ་མོའི་སྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་གོང་དུ་བཤད་མ་ཐག་པ་ལྟར་ལས། དེ་ནས་རིན་ཆེན་བསོད་ནམས་མཆོག་གྲུབ། དྲིན་ཅན་མཁྱེན་རབ་བླ་མ། རྨོར་ཆེན་རྡོ་རྗེ་འཆང་ཆེན་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །དཀར་ཆག་ཏུ། དཱ་ན་ཤཱི་ལ་ལས་བརྒྱུད་པ་ལ་གཙོ་བོར་མི་མཛད་གསུང་བ་གཙོ་མི་ཆེ་བ་མ་གཏོགས་དོན་དཀར་ཆག་གི་ཚིག་གིས་ཟིན་པ་ཡིན་པས་ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་མངོན་དཀྱིལ་ལ་བརྟེན་ནས། རྗེ་བཙུན་མ་ཀུ་རུ་ཀུལླེ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་མངོན་དཀྱིལ་གཉིས་ཀྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་མ་སྒྲོལ་མ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། པཎ་ཆེན་དཱ་ན་ཤཱི་ལ། འཇམ་མགོན་ས་སྐྱ་པཎྜི་ཏ། འུ་ཡུག་པ་བསོད་ནམས་སེངྒེ། དགའ་ལྡན་པ་ཀུན་དགའ་བསོད་ནམས། ཉི་ཐོག་པ་ཀུན་སྨོན། རྗེ་ཡོན་ཏན་དཔལ། ཀུན་དགའ་རྡོ་རྗེ། ཀུན་དགའ་བསོད་ནམས། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་མཁས་གྲུབ་ནམ་མཁའ་དཔལ་བཟང༌། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། འཁོར་ལོའི་མགོན་པོ་མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། བཀའ་དྲིན་གཞལ་མེད་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་བཛྲ་པཱ་ཎི། ཛེ་ཏཱ་རི། ཨ་ཤོ་ཀ ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཁན་ཆེན་ཆོས་རིན། ཆོས་རྗེ་དགེ་སྡིངས་པ། བླ་མ་སྒོམ་པ། བླ་མ་རྡོ་རྗེ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན།ངོར་ཆེན་མན་གོང་ལྟར་རོ། །གཉིས་པ་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད་པའི་ལྷ་ཆེན་ཚོགས་ཀྱི་བདག་པོ་ཁམས་གསུམ་དབང་དུ་བྱེད་པའི་གདམས་ངག་གི་ཆོས་སྐོར་རྣམས་ས་སྐྱའི་རྗེ་བཙུན་བརྩེ་བ་ཆེན་པོ་ལ་བཀའ་བབས་པར་བརྟེན། འཇམ་དབྱངས་ས་སྐྱ་པཎྜི་ཏས་ཧོར་དང་རྒྱ་གར་གྱི་རྒྱལ་པོ་སོགས་འགྲོ་བ་མང་པོ་དབང་དུ་བསྡུས་པ་ནི་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་ལྟར་འཕགས་ཡུལ་གྱི་གྲུབ་ཆེན་དུ་མས་བསྟན་པ་ལ་མི་དད་པའི་རྒྱལ་པོ་དྲེགས་པ་ཅན་དབང་དུ་བསྡུས་ནས་བསྟན་པ་ལ་བཅུག་པའི་ཚུལ་དང་མཚུངས་ཤིང༌། ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་ཚོགས་བདག་གཟིར་བའི་མཐུས། དེས་བསྐུལ་ནས་ས་སྟོན་རི་པ་བསམས་བཞིན་འཕགས་པ་རིན་པོ་ཆེར་སྐྱེ་བ་བཞེས་ནས་ཧོར་རྒྱལ་པོའི་ཏི་ཤྲཱི་གྱུར་ཏེ་བོད་ཆོལ་ཁ་གསུམ་གྱི་བདག་པོར་དབང་བསྐུར་བ། ཁམས་སུ་དགེ་སློང་བཞི་སྡེ་ཞིག་གིས་ལྷ་ཆེན་འདི་བསྒྲུབས་པས་གསེར་ལུག་གི་མཆིན་པ་ཙམ་རྙེད་པ་སོགས་ཐུན་མོང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་མངའ་བའི་གསེར་ཆོས་ཟབ་མོའི་སྐོར་ལ། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྗེས་གནང་གི་ཡི་གེའི་དགོངས་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་རྟོགས་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང༌། པཎ་ཆེན་«་་་་་འདི་སྔོན་མ་ཐོས་ཀྱང་སླར་ཐོས་རྒྱུར་བྲིས། »ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཕྱག་ལེན་ཁྲིགས་ཆགས་འདོད་དགུའི་དཔག་བསམ་གྱི་སྟེང་ནས་དམར་ཆེན་ཕྱག་བཅུ་གཉིས་པའི་ཐུན་མོང་མ་ཡིན་པའི་རྗེས་གནང༌། རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་མ་ནོར་དོན་ཚང་གསལ་བའི་སྒྲོན་མེའི་སྟེང་ནས་དམར་ཆེན་ཕྱག་བཅུ་གཉིས་པའི་ཁྱད་པར་གྱི་རྗེས་གནང༌། རྗེ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་མ་ནོར་གསལ་བའི་སྒྲོན་མེའི་སྟེང་ནས་ཇོ་བོ་ཆེན་པོ་ལུགས་ཀྱི་ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེའི་རྗེས་གནང༌། ཤེའུ་ལོ་ཙཱ་བའི་ཡི་གེའི་སྟེང་ནས་ཇོ་བོ་ཆེན་པོའི་ལུགས་ཀྱི་ཚོགས་བདག་གླང་གདོང་དཀར་པོ་ཕྱག་བཞི་པའི་རྗེས་གནང་རྣམས་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་གི་སྐོར་ལ། རྩ་«༡»བའི་ཡི་གེ གསལ་«༢»བྱེད་ཀྱི་ལྷན་ཐབས།གསང་«༣»སྒྲུབ་ཀྱི་ཡི་གེ ཞར་«༤»བྱུང་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་དཀར་པོ། གསེར་«༥»ཆོས་ཀྱི་གསང་སྒྲུབ་དམར་པོ་ཕྱག་བཞི་པའི་ཡི་གེ དཀར་«༦»ཆག་ཏུ་མ་བཞུགས་པའི་སྐོར་དང་དྲུག དང་པོ་ལ། འགོར་འཇིག་རྟེན་དབང་ཕྱུག་ལ་༼གློ༽ཕྱག་འཚལ་ལོ་ཚོགས་ཀྱི་བདག་པོའི་ལོ་རྒྱུས་ནི་ཞེས་ཡོད་པའི་ལོ་རྒྱུས། མངོན་བརྗོད་ཀྱི་བསྟན་བཅོས་ལས་དབང་ཕྱུག་གི་ཆུང་མ་ཕག་མོའི་བུར་ཚོགས་བདག་སྐྱེས་པའི་གཏམ་རྒྱུད། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བགེགས་ཀྱི་རྒྱལ་པོའི་རྗེས་གནང་གི་ཆོ་ག་ནི་ཞེས་ཡོད་པའི་རྗེས་༼གློ༽གནང་གི་ཡིག་རྙིང་མལ་ལོས་མཛད་པ་རྫོགས་སོའི་མཐའ་ཅན། ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཕྱག་ལེན་རྒྱས་བསྡུས་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ཟིན་བྲིས་སུ་མཛད་པ། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བགེགས་ཀྱི་རྒྱལ་པོའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ཁྱད་པར་གྱི་རྗེས་གནང་གི་ཡི་གེ་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་ཁྱད་པར་གྱི་གདམས་པ་བརྗེད་ཐོར་བཀོད་པའི་མཐའ་ཅན། ཡར་ཀླུངས་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་གསལ་བྱེད་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བླ་མ་གོང་མའི་ཡི་གེ་དང་མི་མཐུན་པས་སྤང་བར་བྱའོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ཚོགས་ཀྱི་བདག་པོ་ཞེས་ཡོད་པའི་ཐུན་མོང་གི་རྗེས་༼གློ༽གནང་ངོར་ཆེན་གྱིས་མཛད་པ། ཚོགས་བདག་གི་རྗེས་གནང་བྱ་ཚུལ་ཨི་ཐིའི་མཐའ་ཅན། ཚོགས་བདག་གི་རྒྱུད་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དགུ་པ་ལས་ཕྱུང་བའི་འཕགས་པ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོའི་གཟུངས་༼གློ༽ལོ་ཙཱ་བ་དགེ་སློང་པུཎྱེ་ཤྲཱི་བྷ་དྲས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། གྲུབ་ཆེན་ནག་པོ་སྤྱོད་པས་མཛད་པའི་དཔལ་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཞེས་པ་འབྱུང་པོ་འདུལ་བྱེད་ཀྱི་སྒོམ་བཟླས་པཎ་ཆེན་ག་ཡ་དྷ་ར་དང་བླ་ཆེན་འབྲོག་མིས་བསྒྱུར་བ། ཡང་དེས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་༼གློ༽ག་ཡ་དྷ་ར་དང་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་བསྟོད་པ་འཇིག་རྟེན་མགོན་མཛད་མ། འདིའི་གཤམ་དུ་བླ་མ་དམ་པས་མཛད་པའི་བསྟོད་པ་རྒྱལ་བའི་ཕྲིན་ལས་མ་དང་དེ་ནས་མུ་མཐུད་པའི་བཟླས་པ་བྱ་ཚུལ་སོགས་ཡར་ཀླུངས་པའི་མཛད་བྱང་ཡོད་པ་ཞིག་ཆོས་ཚན་གཅིག་གི་ཚུལ་དུ་འདུག་པ་དཀར་ཆག་ན་མི་གསལ་ཡིག་རྒྱུན་མ་དག་པ་འབྱམས་པ་ལས་འོག་གི་ཡར་ཀླུངས་པའི་གཏོར་ཆོག་ན་མཛད་བྱང་སོགས་མི་འདུག་པས་དེའི་ཞབས་ཡིན་ནམ་སྙམ་པ་སླར་ཡང་དཔེ་རྙེད་ན་དཔྱད་དགོས་འདུག་གོ །དེས་མཛད་པའི་བགེགས་ཀྱི་རྒྱལ་པོའི་བྲིས་སྐུའི་མན་ངག་ག་ཡ་དྷ་ར་དང་གྱི་ཇོའི་འགྱུར། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་གཏོར་མའི་ཆོ་ག་འགྱུར་བཤད་མ་ཐག་པ་དང་འདྲ་བ། དེས་མཛད་པའི་བགེགས་བདག་གི་སྦྱིན་སྲེག་གི་ཆོ་ག་འགྱུར་གོང་འདྲ།«་་་་་དཀར་ཆག་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག སྦྱིན་སྲེག་གི་ཡི་གེར་འབྲོག་མིའི་འགྱུར་ཟེར་བ་འདུག་པས་དཔྱད། »ཤིན་ཏུ་མྱུར་བའི་ལྷ་བགེགས་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་དཱི་པཾ་ཀ་རས་མཛད་པ། དཔལ་ཚོགས་ཀྱི་བདག་པོའི་ལས་བཞིའི་འཁོར་ལོའི་གསལ་བྱེད་ཌོམྦི་ཧེ་རུ་ཀས་མཛད་པ། སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་རྣམ་པར་༼གློ༽བཤད་པ་རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། དེས་མཛད་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྦྱིན་སྲེག་དང་བཅས་པ་མཇུག་ན་ཞར་བྱུང་གི་ཞལ་གདམས་མང་པོ་ཡོད་ཀྱང་མ་བྲིས་སོའི་མཐའ་ཅན། འགོར་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་ག་ཎ་པ་ཏི་སྒྲུབ་པར་བྱེད་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་༼གློ༽ཡིག་རྙིང་པ་དངོས་གྲུབ་ཀྱི་རྒྱ་མཚོ་བརྟོལ་ནས་འོང་ངོའི་མཐའ་ཅན། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ག་ཎ་པ་ཏི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་ཐབས་ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོའི་མཐའ་ཅན་ཞར་བྱུང་དམ་ཚིག་དང་འཕགས་པ་རིན་པོ་ཆེ་སུམ་ཅུ་རྩ་གསུམ་དུ་ཁྱེར་བའི་ལོ་རྒྱུས་ཟུར་ཙམ་དང་བཅས་པ། དེ་དང་འདྲ་མིན་འགོར་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཡོད་པ་གསང་སྒྲུབ་དྲག་པོའི་ལག་ལེན་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོའི་མཐའ་ཅན། ཞར་བྱུང་སྒྲུབ་པའི་སྔོན་འགྲོ་དང་སྔགས་བྱང་བསྟན་པ། ཚོགས་བདག་གི་མངོན་རྟོགས། གཏོར་འབུལ། བསྟོད་པ། རྨི་ལྟས། སྐུའི་དབང་སྡུད། འཁོར་ལོའི་ལས་སྦྱོར་འདྲེ་མཐོང་དང་བཅས་པ་རྣམས་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། དཔལ་ག་ཎ་པ་ཏིའི་བསྙེན་སྒྲུབ་ལས་གསུམ་སྤོགས་ཆོག་དང་བཅས་པ་གསལ་བར་སྟོན་པའི་སྒྲུབ་ཡིག་ཆེན་མོ་གཞན་ལས་ཆེས་ཁྱད་པར་འཕགས་པ་སྟོང་གསུམ་ནོར་བུས་བཀང་བ་ལས་ཀྱང་དགའ་བ་འཕགས་པ་རིན་པོ་ཆེས་མཛད་པ། འདི་དུས་གཅིག་ལ་སློབ་མ་གཅིག་ལས་མི་སྟོན་པའི་གསེར་ཆོས་བཀའ་རྒྱ་ཅན་ཡིན་ནོ། །དེས་མཛད་པའི་སྒྲུབ་ཐབས་ཁྲིགས་ཀྱི་སྡོམ་ཚིག་ཤིན་ཏུ་གསལ་བ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་ཚོགས་བདག་གི་གཏོར་ཆོག་༼གློ༽རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་པ། འདིའི་མཇུག་རྒྱལ་བའི་སྐུ་གསུང་མ་ཟེར་བའི་བསྟོད་པ་སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་ཟེར་བ་ཞིག་གིས་རྫོགས་པ་ལས་ཡར་ཀླུངས་པའི་མཛད་བྱང་མ་བྱུང་བས་གོང་དུ་དོགས་སློང་བྲིས་པའི་ནག་པོ་པས་མཛད་པའི་བསྟོད་པ་འཇིག་རྟེན་མགོན་མཛད་མའི་གཤམ་དུ་དྲུང་ཆོས་རྗེ་པས་མཛད་ཟེར་བའི་བསྟོད་པ་དང་གཏོར་ཆོག་སོགས་ཀྱི་མཐར་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་དམ་པ་མང་པོའི་བཞུགས་གནས་བསམ་གླིང་བདེ་ཆེན་དུ་སྦྱར་ཟེར་བ་འདུག་པ། དཔེ་གོང་འོག་གཉིས་པོའི་མཇུག་པའི་ཡིག་མཁན་གྱིས་ནོར་ནས་བྲིས་སམ་སྙམ་པ་སླར་ཡང་མ་དཔེ་རྙིང་པ་རྙེད་ན་ཞུ་དག་གཏུགས་དགོས་པར་སྣང་ངོ༌། །གཉིས་པ་གསལ་བྱེད་ལྷན་ཐབས་ལ། བྲིས་སྐུ་བྲི་ཞིང་སྒྲུབ་པའི་ཡི་གེ་དེ་ཕྱིར་སྔགས་ལ་ནན་ཏན་བྱ་ས་མཱཔྟ་མི་ཐིའི་མཐའ་ཅན། བྲིས་སྐུ་བྲི་བའི་མན་ངག་རབ་ཏུ་གནས་པ་དང་བཅས་པ་བྲིས་སྐུའི་ཆོ་ག་རྫོགས་བྱང་གི་མཐའ་ཅན།གནོད་སྦྱིན་ཆེན་པོ་བསེ་གདོང་གི་གཟུགས་མནན་པའི་ཡིག་རྙིང་ཚིགས་བཅད་མ། གནོད་སྦྱིན་བསེ་གདོང་ཅན་མནན་པའི་ལག་ལེན་ཆོས་རྗེ་བླ་མ་དམ་པའི་གསུང་བཞིན་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་བསམ་ཡས་སུ་ཟིན་བྲིས་མཛད་པ། སྐུ་རྟེན་བྲི་བ། དངོས་གྲུབ་ཀྱི་རྟེན་གཏོར་བཅའ་བ། གསང་རྟེན་ལུས་ལ་བཅང་བ། རྒྱུན་གཏོར་གཏེར་དུ་སྦ་བ། ཐུན་མོང་མ་ཡིན་པའི་གནད་དབབ་ཀྱི་ཡིག་ཆུང་བཀའ་རྒྱ་ཅན་གསེར་ཆོས་ཆིག་བརྒྱུད་མ། སྒྲུབ་པའི་སྒབ་འདྲེ་གནོན་པ། གསང་རྟེན་བཅའ་བ། བླ་རྡོ་འཆང་བ། དངོས་གྲུབ་བླང་ཐབས་རྣམས་སྟོན་པའི་གསང་བ་གནད་ཀྱི་ཡིག་ཆུང་སྒྲུབ་ཡིག་ཆེན་མོའི་ལྷན་ཐབས་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་གསེར་ཆོས་ཆིག་བརྒྱུད་མ། གསང་བ་སྙིང་གི་འཁོར་ལོའི་ལས་བཞི་སྒྲུབ་ཚུལ་སྤོགས་ཆོག གསང་བ་ཐུགས་ཀྱི་མན་ངག་ནོར་བུ་བསམ་གཏན། ཚོགས་བདག་དང་ཙརྩི་ཞལ་སྦྱོར་གྱི་ཐབ་གཏེར། བང་མཛོད་ཀྱི་ཆོ་ག་རྣམས་སྟོན་པའི་ཡི་གེ་རིན་ཆེན་ལྗོན་ཤིང་གསེར་ཆོས་ཆིག་བརྒྱུད་གྲས། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གསང་སྔགས་མ་བཟླས་མི་འགྲུབ་ཅིང་ཞེས་ཡོད་པའི་སྦྱིན་སྲེག་གི་ལག་ལེན་མེ་མ་ཤི་བར་གཞན་རེག་ཏུ་མི་འཇུག་གོའི་མཐའ་ཅན། བི་ན་ཡའི་རྒྱུད་ནས་གསུངས་པའི་ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས་༼གློ༽ཞེས་པ་དགྲ་སྟྭས་དགྲ་བོ་གཞོམ་པ། གཏུན་ཤིང་གིས་བགེགས་ཚར་གཅོད་པ། མདའ་གཞུས་དགྲ་བོ་དབང་དུ་བྱེད་པ། ཁ་ཊྭཱཾ་གས་འབྱུང་པོ་དགའ་བར་བྱེད་པ། ལྕགས་ཀྱུས་འགྲོ་བ་དབང་དུ་བསྡུ་བ། ཐོད་པས་གདུལ་བྱ་འགུགས་པ།རྡོ་རྗེས་གདོན་བགེགས་ཚར་གཅོད་པ། རལ་གྲིས་གཟའ་བསྲུང་བ། ཐོད་པ་ཤ་ཆེན་གྱིས་ནོར་བསྒྲུབ་པ། ཕུབ་ལ་བརྟེན་ནས་གནོད་པ་གང་འདོད་བསྲུང་བ། བ་དན་གྱིས་གྲགས་པ་སྤེལ་བ། མདུང་གིས་བསམ་པ་སྒྲུབ་པ་རྣམས་སྟོན་པ། འཕགས་པ་རིན་པོ་ཆེས་མཛད་པའི་༼གློ༽བསྟོད་པ་ཚིག་རྐང་བཅུ་བདུན་མ། དེས་མཛད་པའི་སྤྱན་འདྲེན་མཆོད་ཕྲེང་ཤཔྟ་པྲ་ཏཱིཙྪ་ཧཱུྃ་གི་མཐའ་ཅན། དཔལ་ལྡན་བླ་མ་དམ་པས་མཛད་པའི་བསྟོད་པ་པཾ་པད་རཾ་ཉི་མ། དེས་མཛད་པའི་རྒྱལ་བའི་ཕྲིན་ལས་མ། ངོར་ཆེན་གྱིས་མཛད་པའི་བསྟོད་པ་༼གློ༽གདུག་པ་ཀུན་འདུལ་མ་རྣམས་སོ། ། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply