གསུམ་པ་གསང་སྒྲུབ་ཀྱི་ཡི་གེ་ལ། ཚོགས་བདག་དམར་པོ་གསང་སྒྲུབ་ཞལ་གཅིག་ཕྱག་དྲུག་པའི་སྒྲུབ་༼གློ༽པ་དཔལ་ནཱ་རོ་པས་མཛད་པའི་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། དེའི་ལག་ལེན་ཚོགས་ཀྱི་བདག་པོའི་གསང་སྒྲུབ་ཀྱི་ལག་ལེན་རྫོགས་སོའི་མཐའ་ཅན། ཌོམྦི་ཧེ་རུ་ཀ་ནས་བརྒྱུད་པའི་ཚོགས་བདག་དམར་ཆུང་ཞལ་གཅིག་ཕྱག་གཉིས་ནོར་རྒྱུན་མ་དང་ཡབ་ཡུམ་དུ་སྒྲུབ་པའི་ཡི་གེ་མཆོད་པའི་ལས་སོའི་མཐའ་ཅན། རྒྱལ་བློན་བཙུན་མོ་འབངས་སོགས་དབང་དུ་བསྡུ་བའི་ཡི་གེའི་རྟེན་ཕྱི་ནང་གསང་གསུམ་བཅའ་བའི་ཡི་གེ་རྫོགས་སོའི་མཐའ་ཅན་ཞར་བྱུང་དབང་དུ་མ་འདུས་ན་དམིགས་པ་བྱ་ཚུལ་དང་བཅས་རྣམས་སོ། །བཞི་པ་ཞར་བྱུང་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་དཀར་པོའི་སྐོར་ལ། ཚོགས་བདག་རིགས་ལྔ་སྟོན་པའི་རྒྱུད་རིན་ཆེན་གཏེར་མཛོད་ལེའུ་དགུ་པ་པཎྜི་ཏ་དཱི་པཾ་ཀཱ་ར་དང་ནག་ཚོ་ལོ་ཙཱ་བས་བསྒྱུར་བ། འཕགས་པ་ཚོགས་ཀྱི་བདག་པོའི་འགྱུར་གེགས་སེལ་བའི་སྒྲུབ་ཐབས་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་པཎྜི་ཏ་དཱི་པཾ་ཀཱ་ར་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གིས་ཡམ་བུ་མཁར་དུ་བསྒྱུར་བ། དེའི་ལག་ལེན་འཕགས་པ་ཚོགས་ཀྱི་བདག་པོའི་གེགས་སེལ་གྱི་སྒྲུབ་ཐབས་ཇོ་བོ་ཨ་ཏི་ཤས་མཛད་པ་གུ་གུལ་གྱིས་བདུག་ཅིང་གཏོར་མ་བཏང་ངོའི་མཐའ་ཅན། དེས་མཛད་པའི་བསྟོད་པ་ཕྱག་འཚལ་དཔལ་ལྡན་མ། ཚོགས་བདག་གི་སྐུ་ལ་རབ་གནས་བྱ་བ་མཆོད་ཐབས་རྫོགས་བྱང་གི་མཐའ་ཅན། གནད་ལ་དབབ་པ་རྒྱ་བརྩོན་འགྲུས་སེངྒེའི་མན་ངག་ཤིན་ཏུ་ཟབ་པ། གནད་ལ་བོར་བ། བཟླས་པའི་ཞལ་གདམས་སྦྱིན་སྲེག་གི་ལས་མེད་ཐབས་མེད་པའི་མཐའ་ཅན། བསད་པའི་ལས་རྟ་ཕྲུ་མ། སྤོགས་པའི་ཡིག་ཆུང༌། རྗེས་གནང་ལོ་རྒྱུས་དང་བཅས་པའི་ཡི་གེ ཡང་ཇོ་བོ་རྗེའི་གདམས་པ་ཚོགས་བདག་དཀར་པོ་ཕྱག་བཞི་པ་ཨ་མོ་གྷ་ནས་བརྒྱུད་པའི་སྐོར་ལ། ཚོགས་བདག་སྒྲུབ་པའི་རྟེན་གྱི་གང་ཟག་གིས་ཞེས་འགོར་ཡོད་པའི་ཚོགས་བདག་དཀར་པོ་གླང་གདོང་ཕྱག་བཞི་པའི་སྒྲུབ་ཐབས་མ་མཐོང་བར་དུའོའི་མཐའ་ཅན་པཎྜི་ཏ་ཨ་དཀར་དྲི་ལ་དུར་ཁྲོད་ཕུང་ལུང་ནག་པོར་སྐྱེ་བ་སྔོན་མའི་ཡོན་བདག་དང་ཕྲད་པའི་ལུང་བསྟན་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས། དཀར་ཆག་ན་བར་འདིར་ཚོགས་བདག་དཀར་པོ་ཤ་བའི་གདོང་ཅན་གྱི་སྒྲུབ་ཐབས་ཟེར་བ་ཞིག་འདུག་ཀྱང་དཔེ་མ་འབྱོར་པས་ལུང་མ་ཐོབ། ཚོགས་ཀྱི་བདག་པོའི་གསང་སྒྲུབ་ཨ་མོ་གྷ་བཛྲ་གྱིས་མཛད་པ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཚོགས་ཀྱི་བདག་པོ་སྒྲུབ་པའི་མན་ངག་ངེས་པར་དབང་དུ་འགྱུར་རོའི་མཐའ་ཅན། སྐུ་ལ་རབ་གནས་བྱ་ཐབས་རྫོགས་སོའི་མཐའ་ཅན། མཉེས་པར་བྱ་བའི་ཕྱིར་གཏོར་མ་འབུལ་བ་རྫོགས་སོའི་མཐའ་ཅན། བསྟོད་པ་སུམ་ཅུ་རྩ་གསུམ་མ་ཨ་མོ་གྷ་བཛྲ་གྱིས་མཛད་པ་རྣམས་སོ། །ལྔ་པ་གསེར་ཆོས་ཀྱི་གསང་སྒྲུབ་ཕྱག་བཞི་པའི་ཡིག་རྙིང་ལ། དཔལ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །ཚེ་འདི་ལ་བསོད་ནམས་ཆེ་བ་ཞེས་འགོར་ཡོད་པའི་གསང་སྒྲུབ་དམར་པོ་ཕྱག་བཞི་པའི་ཡིག་རྙིང་སྟོང་གྲོགས་གྱིས་ཤིག་གི་མཐའ་ཅན། དེའི་རྟེན་བཅའ་བ་སོགས་ཀྱི་ཞལ་གདམས་དམ་པ་ཀུན་དགའ་གྲགས་ཀྱིས་ཡི་གེར་བཀོད་པ། བསྟོད་ཅིང་གསོལ་བ་གདབ་པ་ནོར་གྱི་རྒྱུར་འགྱུར་མ་འཕགས་པ་རིན་པོ་ཆེས་མཛད་པ། ཚོགས་བདག་ཡང་གསང་དྲག་པོ་བཙན་ཐབས་སུ་སྒྲུབ་པའི་ཉིང་ཁུ་ཟབ་མོ་ཕྱག་གཉིས་པའི་སྒྲུབ་ཐབས་སྦྱིན་སྲེག་སྤོགས་ཆོག་དང་བཅས་པ་བླ་མ་ས་སྐྱ་པ་ཆེན་པོས་མཛད་པ། ཚོགས་བདག་གླང་པོའི་གཟུགས་སྒྲུབ་ཐབས་ཀྱི་སྒོ་ནས་ནོར་སྦྱིན་པའི་ཞལ་གདམས་ཞེས་པ་གླང་པོ་ཆེའི་གཟུགས་ལ་བརྟེན་ནས་སྒྲུབ་པ་རྗེ་བསམ་གཏན་གླིང་པའི་ཕྱག་དཔེ་དངོས་ལས་བཤུས་པ་རྣམས་སོ། །ས་བཅད་ལྔ་པ་འདི་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་ཡིག་ན་གསུམ་པའི་མཇུག་ན་མཐུད་པའི་རྗེ་བཙུན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་གསེར་ཆོས་ཐུན་མོང་མ་ཡིན་པའོ་ཞེས་ཡར་བཅད་ནས་ས་བཅད་བཞི་པ་འདི་ལོགས་སུ་མཛད་པ་དོན་ལ་གནས་ནའང༌། འདིར་དཀར་ཆག་ཆེན་མོའི་བཞུགས་ཚུལ་ལྟར་བཀོད་པ་ཆོས་སྡེའི་བརྒྱུད་བབས་ཀྱི་དབྱེ་བ་མ་འདྲེས་པར་བྱེད་དགོས་ཤིང༌། དཔའ་བོ་རྡོ་རྗེ། ག་ཡ་དྷ་ར། ཧ་ངུ་དཀར་པོ།པཎྜི་ཏ་འཇམ་དབྱངས་ཏེ་བརྒྱུད་པ་བཞིའི་གདམས་པ་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབྱེ་བའང་ཁའུ་བྲག་རྫོང་པའི་བསྟན་འཛིན་ཞིག་གི་ཞལ་ལུང་ལས་ལེན་དགོས་ཀྱི་ཤེས་རློམ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དྲུག་པ་དཀར་ཆག་ཏུ་མ་བཞུགས་པའི་སྐོར་ལ་དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་གནང་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཁྲིགས་ཆགས་འདོད་དགུའི་དཔག་༼ངག༽བསམ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། དེས་མཛད་པའི་ཚོགས་ཀྱི་བདག་པོའི་ཁྱད་པར་གྱི་རྗེས་གནང་༼ངག༽མ་ནོར་དོན་ཚང་གསལ་བའི་སྒྲོན་མེ། ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པའི་བསྙེན་པ། སྒྲུབ་པ། སྡོགས་པ། སྦྱིན་སྲེག་དང་བཅས་པའི་ཚིགས་བཅད་མ་བླ་མ་གཉན་ཕུལ་བྱུང་བས་༼ཆེན༽མཛད་པ་སྦ་ཞིང་གསང་ལ་སྒྲུབ་པའི་མཐའ་ཅན། དེས་མཛད་པའི་བསྟོད་པ་དཔལ་༼ཆེན༽ཆེན་སྤྱན་སྔ་མ། དབང་དུ་བྱེད་ན་ཟླ་༼ཆེན༽གམ་དམར་པོ་ཞེས་སོགས་ཀྱི་ཞལ་ཤེས། འགོར་གདམས་པ་འདིའི་དོན་ལ་གསུམ་སྟེ་ཞེས་དང་༼ཆེན༽ཨ་ཀཱ་རོ་བདུན་གྱིས་དབུལ་ལོའི་མཐའ་ཅན། གནོད་སྦྱིན་བསེ་གདོང་མནན་པའི་གདམས་༼ཆེན༽པ་སེམས་ཅན་ཁོ་ནའི་དོན་དུ་དམ་ཚིག་གོའི་མཐའ་ཅན། ཡང་འགོར་བཟློག་པ་རེམ་དུ་བྱ་ཞེས་ཡོད་པའི་བསེ་གདོང་མནན་པ་༼ཆེན༽ལུས་ནག་སྣ་དམར་གཟུགས་སུ་འདྲིའི་མཐའ་ཅན། དང་པོ་ཚོགས་བདག་གི་ཕྱི་ནས་འབྲངས་ཞེས་འགོར་ཡོད་པའི་བསེ་གདོང་མནན་༼ཆེན༽པ་སྨོན་ལམ་འདེབས་སུ་འཇུག་གོའི་མཐའ་ཅན། དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་རིན་ཆེན་སྤུངས་༼ཀློང༽པ་ཞེས་པ་སྙན་ངག་མཁན་དཔལ་ལྡན་བསམ་ཡས་པའམ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ། དེས་མཛད་པའི་བསྟོད་༼ཀློང༽པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན། མགོན་པོ་ཚོགས་ཀྱི་བདག་པོ་མཆོད་ཅིང་སྒྲུབ་པའི་ཐབས་དངོས་གྲུབ་ཀྱི་འབྱུང་༼མི༽གནས་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། མཆོད་གཏོར་འབུལ་ཞིང་ཕྲིན་ལས་འཆོལ་༼ཆེན༽བ་ཚར་གྱིས་མཛད་པ་ཕུན་ཚོགས་དངོས་གྲུབ་མ། ཚོགས་ཀྱི་བདག་པོ་སྒྲུབ་ཐབས་༼ནཱ༽སློབ་དཔོན་ནཱ་རོ་པས་མཛད་པ་གསང་བའི་མན་ངག་ཆགས་པ་རྡོ་རྗེའི་སྐོར་ནས་རྒྱུད་ཀྱི་བསྡུས་དོན་རྣམ་པར་བཤད་པའོའི་མཐའ་ཅན། ཚོགས་བདག་ཁྲོ་བོ་སྤྲེའུ་ལྟར་སྒྲུབ་པ་བླ་མ་གསེར་གླིང་པས་མཛད་པ། སྤྲེའུ་ལྟར་སྒྲུབ་པའི་ཚོགས་ཀྱི་བདག་པོའི་གསང་སྒྲུབ་དཔལ་ཨ་ཏི་ཤ་ནས་བརྒྱུད་པའི་ཟབ་པ། ཚོགས་བདག་གི་གཏོར་མ་ས་མཱཔྟའི་མཐའ་ཅན། གསོལ་གདབ་མི་འགྱུར་བཀོད་པ་ཞར་བྱུང་སྤྱན་འདྲེན་རི་རབ་མ་དང་བཅས་པ། ཆགས་པ་རྡོ་རྗེའི་ཞལ་གདམས་ཚིགས་གཉིས་མ། སྔགས་འབུམ་གྱི་གདམས་པ་ག་ཎ་པ་ཏི་སྤྲེའུའི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། ཚོགས་བདག་གསང་སྒྲུབ་ཅེས་པ་བསྙེན་པ་བླ་རྡོ་གནད་དབབ་དང་བཅས་པ་ག་ལྔ་མར་གྲགས་པ་བླ་མའི་ཞལ་ལས་རྙེད་པའི་གདམས་པ། འགོར་སྔགས་གཞན་གཉིས་པོ་འདི་གོང་མ་གཙིགས་ཆེ་ཞེས་ཡོད་པའི་སྤྲེའུའི་ཞལ་གདམས་བསམ་གཏན་གླིང་པས་མཛད་པ་ཐུགས་དམ་མ་ཉམས་པའོའི་མཐའ་ཅན། ཨ་མོ་གྷས་མཛད་པའི་སྐོར་ལ། ལ་དུ་འཆོས་ཐབས།«་་་་་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདིའི་འོག་ཏུ་གཅུན་སྔགས་ཟེར་བ་ལོགས་སུ་མ་རྙེད། »ཟན་ནམ་ཆན་ལ་གཏོར་མ་བྲེ་གང་ཡན་ཆད་བཟང་བར་བྱས་ཏེ་ཞེས་པ་འགོར་ཡོད་པའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །དེ་ལ་འདི་སྒྲུབ་པར་འདོད་པས་ཞེས་འགོར་ཡོད་པའི་སྒྲུབ་ཐབས་དབུ་ཤར་དུ་བལྟ་བ་ཡིན་གསུངས་པའི་མཐའ་ཅན། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོའི་གཟུངས་ལ་ཕྱག་འཚལ་ལོ། །འགོར་ཡོད་པའི་བསྟོད་པ་ཞེས་སུ་གསོལ་གྱི་མཐའ་ཅན། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལོངས་སྤྱོད་བརྟག་དཀའ་བ་ཞེས་འགོར་ཡོད་པའི་སྒྲུབ་ཐབས་ཐོབ་པར་འགྱུར་རོའི་མཐའ་ཅན། མིག་མཐོང་གི་གདམས་པ་རྣམས་སོ། །དཔེ་རིས་སྐོར་ལ། སྒྲུབ་པའི་མཎྜལ། དམར་ཆེན་དང་དམར་ཆུང་གི་གཏོར་དཔེ། བསེ་གདོང་ཅན་གྱི་ལིང་ག ག་བརྒྱད་འཁོར་ལོ། འདི་ལ་འཕགས་པའི་སྐུ་སྲུང་དང་གོང་མའི་ཡིག་རྙིང་གི་ལུགས་སྲོལ་གཉིས་ཙམ་ཡོད། གསང་བ་སྙིང་གི་འཁོར་ལོ་ལས་བཞི་སྒྲུབ་པའི་གནམ་ས་བར་གསུམ་གྱི་འཁོར་ལོ་བཅུ་གཉིས། ཚར་ཆེན་གྱི་སྐུ་སྲུང་ལ་རྒྱས་པའི་སྟེང་འཁོར་གྱི་ཡི་གེ་མ་ལོག་པ་དང་འཇམ་དབྱངས་ཆེན་པོའི་སྐུ་སྲུང་ལ་དྲག་པོའི་སྟེང་འཁོར་ཡི་གེ་ལོག་པ་སོགས་གོང་མའི་གསུང་རྒྱུན་སྐུ་སྲུང་སོགས་ཀྱི་ཟབ་གནད་མང་བར་སྣང་ངོ༌། །རྒྱས་པའི་བར་འཁོར་གྱི་ལྟེ་བར་འདྲི་རྒྱུའི་ནོར་བུ་མིག་གསུམ།ཐབ་གཏེར་གྱི་དངོས་གྲུབ་མྱུར་དུ་བླང་འཁོར། ཚོགས་བདག་དང་ཙརྩི་ཀ་ཞལ་སྦྱོར་གྱི་ཐབ་དང་མཛོད་ཀྱི་འཁོར་ལོ་རྣམས་ཀྱི་དབང་ལུང་ཕྱག་ལེན་མན་ངག་ལེགས་པར་ནོས་པ་ལས།ཐོག་མར་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་ཕག་མོ། གྲུབ་ཆེན་ས་ར་ཧ། འཕགས་པ་ཀླུ་སྒྲུབ།གྲུབ་ཆེན་ཤ་ཝ་རི་པ། ཧ་ངུ་དཀར་པོ།«་་་་་གསན་ཡིག་གོང་མ་རྣམས་ན་ཧཱུྃ་ཀ་ར་ཞེས་སྣང༌། »མལ་ལོ་བློ་གྲོས་གྲགས་པ། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་དཔལ་ལྡན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།«་་་་་རྡོ་རྗེ་གདན་པ་དང་ཐར་རྩེ་བ་དང་སངས་རྒྱས་ཕུན་ཚོགས་པ་རྣམས་ཀྱི་གསན་ཡིག་ན་འདི་ལྟར་ཡོད་ཀྱི། མཁྱེན་བརྩེ་དང་རྒྱལ་དབང་ལྔ་པ་རྨོར་པ་རྣམས་ཀྱི་གསན་ཡིག་ན་ས་པཎ་དང་འདིའི་བར་ན་འགྲོ་མགོན་འཕགས་པ་ཡོད་པའང་བྱུང༌།་་་་་»རིན་པོ་ཆེ་སྐྱོབ་པ་དཔལ་བཟང་པོ། རོང་པ་ཤེས་རབ་སེངྒེ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་གསན་ཡིག་ན་བར་འདིར་བླ་མ་ངག་དབང་ཞེས་པ་ཞིག་བྱུང་ངོ༌། །མཁན་ཆེན་བྱང་ཆུབ་སེངྒེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེངྒེ། རྡོ་རྗེ་འཆང་སངས་རྒྱས་སེངྒེ། པཎྜི་ཏ་ནམ་མཁའ་དཔལ་བཟང༌། བྲང་ཏི་ནམ་མཁའ་རིན་ཆེན།སེ་ཆེན་གན་ནམ་མཁའ་དཔལ་བཟང༌། འདྲེན་མཆོག་ཤེས་རབ་རྒྱ་མཚོ། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས། ཤར་པ་བློ་གྲོས་གྲགས་པ། མཁན་ཆེན་རྡོ་རྗེ་འཆང་བ་ཆེན་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་ལན་གཉིས་སུ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ལན་མང་དུ་སྩལ་ཏོ། །ཡང་ན་འདྲེན་མཆོག་རཏྣ་ཝརྡྷ་ནས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ།མུས་ཆེན་དཀོན་མཆོག་རྒྱ་མཚོ། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བཀའ་དྲིན་གཞལ་མེད་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ།ངག་དབང་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཆང་བ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངོར་ཆེན་ནས། གུང་རུ་ཤེས་རབ་བཟང་པོ།མཁྱེན་རབ་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱང་ཆུབ་རབ་ཚེས་ཟླ་བ། ངག་དབང་མཆོག་ལེགས་རྡོ་རྗེ། དེ་དབོན་མཁྱེན་རབ་བསྟན་འཛིན་བཟང་པོ། དེ་དབོན་ངག་དབང་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཨེ་རྟགས་ཅན་གྱི་བརྒྱུད་ཚུལ་ཡང་འདི་ཉིད་དོ། །རྗེས་གནང་ཐུན་མོང་བའི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་ནས། ཉི་ལྡེ་བ་ངག་དབང་གྲགས་པ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། དེ་གཉིས་ཀ་ལས་སྒོ་རུམ་པ། དེ་གཉིས་ཀ་ལས་ཚར་ཆེན་རྡོ་རྗེ་འཆང༌། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག ཡབ་སྲས་གཉིས་ཀ་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གྲུབ་མཆོག་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། གྲུབ་དབང་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། བསྟན་པའི་མངའ་བདག་ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ཐུན་མོང་མ་ཡིན་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཤར་ཕྱོགས་ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷཱ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། འཁོན་དཀོན་མཆོག་རྒྱལ་པོ། བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག བདག་ཆེན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྗེ་གཞོན་ནུ་སྟོབས་ལྡན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་གོང་དང་འདྲ། ཡང་ན་ཚར་ཆེན་ཡབ་སྲས་ལས། མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང༌། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀས་གསན། གཉིས་ཀ་ནས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། ཚོགས་བདག་གི་ཁྱད་པར་བའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་གོང་ལྟར་ལས། དེ་ནས་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་ན་ས་པཎ་ནས།ཚོགས་སྒོམ་ཀུན་དགའ་དཔལ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ་མན་འདྲ། ཡང་ན་ས་པཎ་ནས། ཁམས་སྒོམ་བྱང་ཆུབ་དཔལ། དགའ་ལྡན་པ་ཀུན་བསོད། ཏི་ཤྲཱི་ཀུན་དགའ་བློ་གྲོས། རྒྱལ་བ་བྲག་ཕུག་པ། དེ་གཉིས་ཀ་ལས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེ་ནས་ཡར་ཀླུངས་པ་མན་འདྲ། ཡང་ན་དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་རྒྱལ། འབྲི་ཕྱུག་པ་རིན་ཆེན་འབུམ། ཡར་ཀླུངས་པ་མན་འདྲ། ཡང་རྩ་བའི་ཡི་གེ་དང༌། གསལ་བྱེད་ལྷན་ཐབས་ཀྱི་ཡི་གེ་དང༌། གསང་སྒྲུབ་སྐོར་ནས་ཌོའི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་དང་འདྲ། ཡང་ན་མཁྱེན་བརྩེའི་ཞབས་ནས་སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས་མན་སྔར་དང་འདྲ། ངག་རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། མཁན་ཆེན་ངག་དབང་ཆོས་གྲགས། འཁོན་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས།དེ་སྲས་འཇམ་པའི་རྡོ་རྗེ་བསོད་ནམས་དབང་ཕྱུག དེ་སྲས་ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་པ་མན་འདྲ། ཀློང་རྟགས་ཅན་གྱི་བརྒྱུད་པ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། དྲིན་ཆེན་ཐུགས་སྲས་ཆོས་རྗེ། སྤྲུལ་སྐུ་རྡོ་རྗེ་སེངྒེ། བཀའ་བཅུ་པ་པུཎྱ་སིངྷ། རྗེ་བློ་གྲོས་སེངྒེ། རྗེ་བཙུན་རྡོ་རིང་པ་ཆེན་པོ་མན་འདྲའོ། །མཾ་གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ལྷའི་དབང་པོ། དཔལ་ལྡན་རྒྱལ་མཚན་རྗེ་ཕྲིན་ལས་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ།གློའི་རྟགས་ཅན་གྱི་ལུང་བརྒྱུད་ནི། གོང་ངོར་ལུགས་རྗེས་གནང་གི་ཐུན་མོང་མ་ཡིན་པ་དང་འདྲ། ནཱ་རོ་པའི་གསང་སྒྲུབ་དང་ནཱའི་རྟགས་ཅན་གྱི་ལུང་བརྒྱུད་ནི། ནཱ་རོ་པ། ཕམ་མཐིང་པ། མལ་ལོ། ས་སྐྱ་པ་ཆེན་པོ་མན་འདྲ། ས་དཔྱད་གསུམ་པ་ཌོམྦི་ལུགས་ཀྱི་བརྒྱུད་པ་ནི། ཌོམྦི་པ། ཛྙཱ་ན་པཉྫ། ཀྲྀཥྞ་པ། བྷི་ན་སུ་ཀ དྷརྨ་སིདྷ། སུ་ཁ་པ་ཏི། རྡོ་རྗེ་གདན་པ། ཁྲོ་ཕུ་ལོ་ཆེན། སངས་རྒྱས་ཞིག་པོ། སངས་རྒྱས་འབུམ། བླ་མ་འབན་སྟོན། བླ་མ་རྡོ་རྗེ་སེངྒེ། བཀའ་བཅུ་པ་བསོད་ནམས་སེངྒེ། བླ་མ་བློ་གྲོས་སེངྒེ། རྡོ་རིང་པ་ཆེན་པོ་མན་འདྲ། ཚོགས་བདག་ཆགས་པ་རྡོ་རྗེའི་རྗེས་གནང་དང༌། ས་བཅད་བཞི་པ་དང་དྲུག་པའི་ཆོས་སྐོར་གྱི་ལུང་བརྒྱུད་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏི། རྒྱལ་པོ་གྲགས་པ། བོ་དྷི་ཨ་ཀ་ར། རིན་ཆེན་འོད་ཟེར། ཡང་དག་སྦྱིན་པ། རཏྣ་ཨ་ཀ་ར་ཤཱནྟི། ཇོ་བོ་ཆེན་པོ་ཨ་ཏི་ཤ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ། གྲུབ་ཐོབ་ཤོལ་པོ་བ། སངས་རྒྱས་དབོན་སྟོན།སངས་རྒྱས་སྟོན་ཚུལ། ཁྱུང་ཚང་པ་ཚུལ་ཁྲིམས་རྒྱལ་མཚན། སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་པ་བརྩོན་འགྲུས། བཀའ་བཅུ་པ་གཞོན་ནུ་སེངྒེ། གུང་ཆེན་པ་བཀྲ་ཤིས་བཟང་པོ། གཉགས་ཕུ་བ་བསོད་ནམས་བཟང་པོ།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་ཚལ་མིན་ཆོས་རྗེ་ཟེར། »སེངྒེ་དབལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ།རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འདི་རྨོར་ཆེན་པའི་གསན་ཡིག་ན་མ་བྱུང་ཡང༌། ལྔ་པ་ཆེན་པོའི་གསན་ཡིག་ན་ཆོས་རྗེ་ཀླུ་དབང་གླིང་པ་ཞེས་བྱུང༌། ཚེ་དབང་བཀྲ་ཤིས། ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲ། ས་བཅད་བཞི་པ་དང༌། ས་བཅད་དྲུག་པའི་ཨ་མོ་གྷ་ནས་བརྒྱུད་པ་གཉིས་ཀྱི་བརྒྱུད་པ་ནི། ཨ་མོ་གྷ་བཛྲ། པཎ་ཆེན་ནཱ་རོ་པ།«་་་་་ལམ་ཡིག་སོགས་སུ་ཇོ་བོས་ནཱ་རོ་པར་ཕྱག་མི་མཛད་པས་ཆོས་འབྲེལ་མེད་པ་འདྲ་ཞེས་ཟེར་ཡང་བཀའ་གདམས་གླེགས་བམ་དུ་བརྒྱུད་པའི་ཁྲོད་དུ་བགྲང་ཡོད་པ་འདི་དང་མཐུན་ནོ།།་་་་་»ཇོ་བོ་དཱི་པཾ་ཀ་ར། འབྲོམ་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། བྱ་འཆང་ཁ་བ། ཁྲ་ཕུ་བ། ཁྱི་ལོ་ཡོ་ག ཤཱི་ལ་པྲ་བྷ་ཝ། དོལ་ཀུ་མཱ་ར། ལྕན་བནྡེ། གསལ་བ་སྒང་པ། སློབ་དཔོན་དཔལ་མགོན། སློབ་དཔོན་བདེ་བ།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་སློབ་དཔོན་འོད་མ་ཞེས་སྣང་ངོ༌།། »གཉགས་དབོན་རིན་ཆེན་མན་འདྲ། ཡང་ན་ཨ་མོ་གྷ་བཛྲ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་བྱང་ཆེན་པ། བཀའ་བཅུ་པ་གཞོན་སེང་མན་འདྲ། ཚོགས་བདག་ཕྱག་བཞི་པའི་རྗེས་གནང་གི་བརྒྱུད་པ་ནི། གཞོན་ནུ་སེངྒེ་ཡན་གོང་ལྟར་ལས། དེ་ནས་སྲིབ་རི་བ་གཞོན་ནུ་རྒྱལ་མཚན། ལྷང་ཕུག་པ་རིན་ཆེན་འོད་ཟེར། བླ་མ་དཔལ་ལྡན་གྲུབ་པ། རིན་པོ་ཆེ་སངས་རྒྱས་འོད་ཟེར། གཙང་པ་བློ་བཟང་པ།བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། སྤྱན་སྔ་བསོད་ནམས་ཆོས་གྲགས་རྒྱལ་མཚན། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ས་བཅད་ལྔ་པ་གསང་སྒྲུབ་གསེར་ཆོས་ཀྱི་ལུང་བརྒྱུད་ནི་ཡར་ཀླུངས་པ་ཁུ་དབོན་ནས། བླ་མ་དགེ་བཟང་པ། དུང་གཟིམས་ཁང་དབོན་པོ། རྗེ་རཏྣ་བྷ་དྲ། ཚར་པ་རྡོ་རྗེ་འཆང་མན་འདྲའོ། །རྟགས་ཡོད་མེད་ལ་མ་ལྟོས་པ་ཚོགས་བདག་གི་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་ནི། མཁྱེན་བརྩེ་ཡན་གོང་ཚར་ཆེན་བརྒྱུད་པར་བཞུགས་སོ་ཅོག་ལྟར་ལས། དེ་ནས་བར་བར། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ།། ༈ །།དཔལ་ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད། པདྨ་ཧེ་རུ་ཀའི་དབང་དུ་བསྡུ་བའི་ལེའུ་སོགས་ནས་བསྟན་པའི་ཁྲོ་བོ་ཀག་ཆོལ་འདོད་པའི་རྒྱལ་པོའི་ཆོས་སྐོར་ནི། དཀར་ཆག་ལས། གསང་བའི་སྙིང་པོ་ཨཱ་ལི་ཀཱ་ལིའི་བཅུད། །གསང་སྔགས་འཛིན་པ་གཞན་ལ་མ་གྲགས་པའི། །གསང་ཆེན་ཆོས་ཀྱི་བདག་པོ་ས་སྐྱ་པའི། །གསང་བའི་གདམས་པ་ཟབ་མོ་འདི་ལྟར་སྣང༌། །ཞེས་དང༌། འཇམ་མགོན་མཁྱེན་བརྩེའི་ཞབས་ཀྱིས། གདམས་པ་འདི་དག་ཐུབ་པའི་བསྟན་པ་དང༌། །ཁྱད་པར་ས་སྐྱའི་རྗེ་བཙུན་བསྟན་པའི་ཆེད། །ཉམས་སུ་བླངས་ན་ཡིད་ཆེས་འཕེལ་དུ་འབྱུང༌། །ཞེས་བསྔགས་པར་མཛད་པ་དོན་དང་མཐུན་པས་བླ་མ་བ་རི་བས་མངའ་བདག་རྩེ་ལྡེ་སོགས་རྒྱ་བོད་མང་པོ་དབང་དུ་བསྡུས། བལ་པོར་བོད་ཐང་ཞེས་བྱའི་ས་གཞི་ཆེན་པོ་གསེར་དཔག་མེད་ཀྱི་རིན་གྱིས་ཉོས། བརྩེ་བ་ཆེན་པོ་ལ་འཕྲང་བྲག་དམར་གྱི་སྡེ་མགོན་གྱིས་སྐུ་དགྲ་བྱས་པ་འདིའི་སྒོ་ནས་དབང་དུ་བསྡུས། གཤེན་རྡོར་སེང་གིས་དཔལ་ཕག་མོ་གྲུབ་པ་དབང་དུ་མཛད། དོ་པ་སྟོན་ཚུལ་ངོམ་ཤོད་རྗེ་བཙད་ཀུན་གྱི་བླ་མར་གྱུར། རྒྱལ་ཚ་ལུང་མང་པོ་ཧོར་རྒྱལ་པོའི་ཏི་ཤྲཱིར་བསྐུར་བ་སོགས་ངོ་མཚར་ལོ་རྒྱུས་ངེས་ཤེས་ཅན་གྱི་མན་ངག་སྐོར་ལ། ས་པཎ་གྱི་ཡི་གེ་དང་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ཐུན་མོང་མ་ཡིན་པ་གསང་སྔགས་སྒྲའི་རྗེས་གནང་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་ལ། ཐུན་མོང་བ། ཐུན་མོང་མ་ཡིན་པ། དཀར་ཆག་ཏུ་མ་བཞུགས་པའི་སྐོར་དང་གསུམ། དང་པོ་ལ་འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་འདིའི་བརྒྱུད་པ་ནི་ཞེས་ཡོད་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་རོང་པ་དགེ་རིང་གིས་ཞུས་པའོའི་མཐའ་ཅན། འགོར་པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་སྒྲུབ་ཐབས་ཞེས་ཡོད་པའི་དབང་སྡུད་ལས་ཀྱི་འཁོར་ལོ་ཡང་སྡུད་ཐུགས་ཀྱི་འཁོར་ལོ་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པར་ཕྱེ་བ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ཆོས་ཀྱི་རྗེས་གསུངས་པའོའི་མཐའ་ཅན། དབང་སྡུད་ཀག་ཆོལ་མའི་ལུང་གི་རྗེས་གནང་གི་ཆོ་ག་༼གློ༽དཔལ་ལྡན་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ།བྱིན་རླབས་ཀྱི་ལུང་བླང་བའི་ཞལ་ཤེས་ས་སྐྱ་པཎྜི་ཏ་ཆེན་པོའི་མན་ངག་ཟབ་མོ། བླ་མ་ས་སྐྱ་པའི་གདམས་པ་༼གློ༽ནམ་མཁའ་མཛོད་ཀྱི་རྗེས་གནང་རྫོགས་སོའི་མཐའ་ཅན། གྲོ་གེ་མའི་སྒྲུབ་«ཀ་ཁ་མའི་སྒྲུབ་ཐབས་ཀྱང་ཟེར་་་་་་»ཐབས་ཀྱི་རྗེས་གནང་བླ་མའི་ཕྱག་བཞེས་བཞིན་སྔགས་འཆང་རྒྱལ་བ་དཔལ་གྱིས་ས་སྐྱའི་སྐུ་འབུམ་གྱི་གཙུག་ལག་ཁང་དུ་མཛད་པ།སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་མཆོག་སྒྲུབ་པའི་ཐབས་ཞེས་བྱ་བ་འདོད་རྒྱལ་གྱི་སྒྲུབ་༼གློ༽ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྒྱ་གར་གྱི་མཁན་པོ་དེ་བཞིན་གཤེགས་པ་བསྲུངས་པའི་དཔལ་གྱི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་བསྒྱུར་བ། གསལ་བྱེད་ཉི་མའི་འཁོར་ལོ་སྣོད་བཅུད་དབང་དུ་བྱ་བ་པཎྜི་ཏ་རྡོ་རྗེ་གདན་པས་མཛད་པ་རྒྱ་གར་གྱི་པཎྜི་ཏ་སྠ་བཱི་རའི་ཞལ་སྔ་ནས་དང་བ་རི་ལོ་ཙཱ་བས་བསྒྱུར་བ། དཔལ་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་༼གློ༽དབང་སྡུད་ལས་ཀྱི་འཁོར་ལོའི་མན་ངག་བ་རི་བས་བསྒྱུར་བ། ཁམས་གསུམ་དབང་དུ་བསྡུ་བའི་མན་ངག་རྡོ་རྗེ་གདན་པས་མཛད་པ། ཕྲིན་ལས་བཞིའི་སྒྲུབ་ཐབས་ཀྱི་དོན་ཡང་དག་པར་བསྡུས་པ་རྒྱ་སྒོམ་ཚུལ་ཁྲིམས་གྲགས་ཀྱིས་མཛད་པ། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི་སྒྲུབ་ཐབས་གསལ་བར་བྱེད་པའི་འགྲེལ་༼གློ༽པ་རིན་པོ་ཆེའི་མྱུ་གུ་རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པ། འགོར་ཞི་བ་ལ་ཁ་དོག་དཀར་པོ་ཞེས་ཡོད་པའི་ཕྲིན་ལས་བཞིའི་མན་ངག་ཞི་རྒྱས་དབང་དྲག་ཐམས་ཅད་དེ་དང་འདྲ་བར་གོ་བར་བྱའོའི་མཐའ་ཅན། འགོར་འདིར་འཁོར་ལོ་རབ་ཏུ་གནས་པ་བྱེད་པར་འདོད་པས་ཞེས་ཡོད་པའི་ལས་བཞི་འཁོར་ལོའི་རབ་གནས་སོ་སོའི་སྐབས་དང་སྦྱར་བར་བྱའོའི་མཐའ་ཅན། བསྙེན་པ། འཁོར་ལོ། དངོས་གཞི། ཙཀྲ་སྒྲུབ་པ། རྗེས་སྤོགས་པ། གནད་ཀྱི་མན་ངག དངོས་གྲུབ་དམ་ཚིག་སྟེ་སྤྱི་དོན་རྣམ་པ་དགུས་བསྟན་པའི་སྤྱིའི་མན་ངག་མདོར་བསྟན་ཞེས་བྱ་བ་དབང་གི་ཕྲིན་ལས་ཀྱི་ལག་ལེན་མངོན་རྟོགས་སྨར་ཁྲིད་དུ་དགེ་སློང་ཤཱི་ལ་ཀཱིརྟིས་བཀོད་པ།«་་་་་རྒྱ་སྒོམ་ཚུལ་ཁྲིམས་གྲགས། »འགོར་ཁྲོ་བོ་འདོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཝ་ཤཾ་ཀུ་རུ་ཧོ་ཡོད་པའི་དབང་སྡུད་ཀག་ཆོལ་གྱི་སྒྲུབ་ཐབས་རྗེ་ས་པཎ་གྱིས་མཛད་པ་འཛམ་གླིང་གསེར་གྱིས་བཀང་བ་བས་ཀྱང་འདི་མི་དགའ་རི་ཤིའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བ་རི་ལོ་ཙཱ་བའི་གསེར་ཆོས་རྗེ་ས་སྐྱ་པའི་ཞལ་གདམས་ཐུན་མོང་མ་ཡིན་པ། གོར་རྣལ་འབྱོར་པ་སྒྲུབ་པ་ལ་འཇུག་པའི་དུས་སུ་ཞེས་པའི་བཟླས་པའི་ཞལ་གདམས་བླ་མ་ས་སྐྱ་པའི་གསུང་མེ་སྤེལ་གསང་བའི་བཀའ་རྒྱས་བཏབ་པའོའི་མཐའ་ཅན། འགོར་གསང་སྔགས་ཀྱི་རྩ་བ་དབྱངས་ཡིག་དང་ཞེས་པའི་དབང་གི་གཏོར་མའི་མན་ངག་༼གློ༽དཔལ་ལྡན་ས་སྐྱ་པཎྜི་ཏའི་ཕྱག་བཞེས་སོའི་མཐའ་ཅན། དབང་གི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་བླ་མ་བ་རི་ལོ་ཙཱ་བའི་གདམས་པ། འགོར་ཐུན་བཞི་ལ་ཉེར་སྤྱོད་ཀྱི་མཆོད་པ་བྱེད་ན་ཞེས་ཡོད་པའི་མཆོད་པ་འབུལ་བའི་རིམ་པའོའི་མཐའ་ཅན། ས་པཎ་གྱིས་མཛད་པའི་བསྟོད་པ་རབ་དགའ་ཟླ་རྒྱས་མ། འགོར་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ལ་ཞེས་ཡོད་པའི་ཏིང་ངེ་འཛིན་གྱི་རིམ་པ་དང་འཁོར་ལོའི་ནང་ཚན་བསྟན་པ་བླ་མ་བ་རི་བའི་གདམས་ངག་གནད་ཁྱད་པར་དུ་འཕགས་པ། སྒོམ་པའི་དུས་ཀྱི་ཏིང་ངེ་འཛིན་གྱི་ཞལ་གདམས་བླ་མ་ས་སྐྱ་པའི་གདམས་ངག་ཤིན་ཏུ་ཟབ་པ་གཞན་ལ་གསང་བར་ཞུའི་མཐའ་ཅན། སྔགས་བྱང་འབྱིན་འཇུག་དང་བཟླས་ཐབས་བླ་མའི་ཞལ་ཤེས་སོའི་མཐའ་ཅན། གནད་ཀྱི་སྒྲུབ་ཐབས་སྙིང་དང་འདྲ་བ། འགོར་ཨོཾ་ཤཱིནྟཾ་ཀ་ར་ཎི་བྷྲཱུྃ་ཡོད་པའི་སྔགས་དང་འཁོར་ལོའི་གནད་ལུང་འབོགས་པ་རཱ་ཛ་ལ་སོགས་པ་དབང་དུ་བྱ་བའི་ཡིག་ཆུང་གཞན་རྣམས་གོང་དང་མཐུན་ནོའི་མཐའ་ཅན། བྲི་གཞི་སོགས་ལྔ། མཎྜལ་སོགས་ལྔ། སྣོད་སོགས་བརྒྱད་དེ་མན་ངག་གི་བསྡུས་དོན་ཉུང་ངུ་མཆན་བུ་དང་བཅས་པ། འགོར་བསྙེན་པ་འདོད་རྒྱལ་ལ་འབུམ་ཕྲག་ཉེར་བཞི་བསྐྱལ་ལ་ཞེས་ཡོད་པའི་ཀ་ཁ་འཁོར་ལོ་བརྩེགས་རིན་ཆེན་ཕྲེང་བ་ཞེས་བྱ་བ་ལ་མི་ཕྱེད་པ། དབང་དུ་འགྱུར་བ། འོང་བ་བཅིངས་པ་བཞིན་འགྱུར་བ། འགུགས་པ།ནོར་རྒྱས་པ། གནོད་སྦྱིན་མོ་སྒྲུབ་པ། རིག་བྱེད་མས་འགུགས་པ། བུ་མོ་དབང་དུ་བྱེད་པ། གནོད་སྦྱིན་མོའི་ནོར་འགུགས་པ། ཐམས་ཅད་དབང་དུ་བྱེད་པ། བྲན་དུ་འགྱུར་བ།འབྲུ་འཕེལ་བ། བང་མཛོད་མི་ཟད་པ། སྔར་མ་མཐོང་བའི་བུད་མེད་དང༌། རྒྱལ་པོའི་བཙུན་མོ་འགུགས་པ། བལྟས་པ། བྱིན་པ། བརྒྱབ་པ། རེག་པས་དབང་དུ་འགྱུར་བ། མི་འབྲལ་བ། རྒྱལ་པོ་དབང་དུ་བྱ་བ། ཌཱ་ཀི་ཐམས་ཅད་འོང་བ་ལ་སོགས་ལས་ཕྲན་ཚེགས་བསྟན་པའི་སྐོར། དབང་གི་སྦྱིན་སྲེག་གི་ལག་ལེན་བླ་མ་ཆེན་པོ་ས་སྐྱ་པའི་ཕྱག་བཞེས། སྐུ་གསུང་ཐུགས་ཀྱི་རབ་གནས་ཀྱི་ཞལ་གདམས་ཟིན་བྲིས། ཙཀྲའི་རབ་གནས་བྱ་ཐབས་བ་རི་ལོ་ཙཱ་བའི་མན་ངག བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བསྡུས་པ་བར་གཅོད་མི་འབྱུང་ཞིང་ལས་མྱུར་བ་ཡིན་གསུངས་པའི་མཐའ་ཅན། ཌཱ་ཀི་མའི་འགྲོ་བ་དབང་སྡུད་ཀྱི་གདམས་པ་ཞེས་པ་དབང་དྲག་གི་མན་ངག་ཞལ་གདམས་དང་བཅས་པ་གནང་ངོའི་མཐའ་ཅན། འགོར་ན་མོ་བུདྡྷཱ་ཨ་མོ་གྷ་སིདྡྷི་ཞེས་ཡོད་པའི་འཁོར་ལོས་བསྒྲུབ་བྱ་དགུག་པ་སོགས་བ་རི་ལོ་ཙཱ་བའི་གདམས་པ་དཔལ་ལྡན་ས་སྐྱ་པའི་ཞལ་གདམས་བོད་དུ་ཐོན་པའི་མན་ངག་ལ་འདི་ལས་ཟབ་པ་མེད་དོའི་མཐའ་ཅན། འཁོར་ལོའི་ཡི་གེ་ལ་གཏོར་མ་འབུལ་བའི་ཞལ་གདམས་བླ་མ་༼གློ༽ས་སྐྱ་པ་ཆེན་པོའི་ཕྱག་བཞེས། གནོད་སྦྱིན་རིན་ཆེན་སྒྲུབ་པའི་ཨུ་པ་དེ་ཤ འགོར་ཝ་ཤཾ་ཀུ་རུ་ཧོ་གྲོ་ག་མཛུབ་གང་པ་གཅིག་ལ་ཞེས་པའི་འཁོར་ལོའི་མན་ངག་གསུང་ཚད་མ་གྲུ་བཞིར་བྱའོའི་མཐའ་ཅན། འགོར་གྲོ་ག་མཛུབ་གང་ལ་ནང་དུ་སོར་བདུན་ཙམ་ཞེས་པའི་འཁོར་ལོ་བྲི་ཐབས་སྦ་བའི་མན་ངག་བཟླ་ཚེ་སྦྲེལ་ནས་བཟླ་ཞེས་པའི་མཐའ་ཅན། དབང་གི་ཙཀྲའི་ཞལ་གདམས་ནམ་མཁའ་མཛོད་ཀྱི་གདམས་པ་ཉུང་ངུ་ལ་འདུས་པ་ཁྱད་པར་དུ་འཕགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་གནད་བོད་དུ་འགྱུར་བའི་གདམས་པ་ཟབ་པ་ནུས་པ་ཆུང་ངུ་མི་འགྲོ་བའི་གནད་ཡིན་ནོའི་མཐའ་ཅན། འགོར་ཡར་གྱི་ཚེས་བརྒྱད་ལ་རྗེས་གནང་ཞུའོ་ཞེས་ཡོད་པའི་ཞལ་གདམས་ཟིན་བྲིས་ཇི་ལྟ་བ་བཞིན་དུ་འགྲུབ་བོ་རྫོགས་སོའི་མཐའ་ཅན། ཌཱ་ཀི་མའི་གདམས་པ་རྫུན་མི་སྨྲའོའི་མཐའ་ཅན། ཌཱ་ཀི་མའི་སྲོག་སྙིང་ཁོང་ནས་ཕྱུང་བ་བ་རི་ལོ་ཙཱ་བའི་གདམས་པ་ཆིག་བརྒྱུད། བླ་མ་བ་རི་བས་སག་ཐང་པ་དང་དོལ་པོ་བསོད་ནམས་འཕེལ་ལ་གནང་བའི་ཌཱ་ཀི་མ་སྒྲུབ་པའི་ལག་ལེན་ཞེས་པ་འཁོར་ལོ། བཟླས་སྒོམ་མཆོད་གཏོར། ལག་ལེན་གའུ་གཞུང་དང་མཐུན་ཞེས་པ་རྣམས་བསྟན་པ། རྟགས་ཀྱི་ཡི་གེ་༼གློ༽བ་རི་ལོ་ཙཱ་བ་བོད་དུ་འབྱོན་ཁར་བླ་མ་རྡོ་རྗེ་གདན་པས་གནང་བ། གཞན་དབང་དུ་བྱེད་པའི་གདམས་པ་རིན་པོ་ཆེའི་ཞལ་གདམས་མཐར་ཐུག་པ། ཚེ་བསྲིང་བའི་ཐབས། དེའི་ཞལ་ཤེས་པདྨ་ཁ་སྦྱོར་གྱི་ཏིང་འཛིན། རྒྱས་པའི་གཏོར་མའི་ཕྱག་བཞེས་དཔལ་ལྡན་ས་སྐྱ་པཎྜི་ཏའི་ཁྱད་པར་གྱི་མན་ངག དྲག་པོའི་ཕྲིན་ལས་སྒྲུབ་པར་འདོད་པས་འགྲུབ་ནས་དབེན་པར་སྦའོའི་མཐའ་ཅན། བླ་མ་ལ་ཕྱག་དང་མཎྜལ་ཕུལ་ནས་ལུང་འབོགས་པའི་གདམས་པ།ཆུ་དང་ཕྱག་རྒྱའི་ཉིན་སྲུང་མཚན་སྲུང་གི་མན་ངག དེའི་ཡི་གེ་མཆན་བུ་དང་བཅས་པ་བར་དུ་གཅོད་པ་རྣམས་སྲུངས་ཤིག་གི་མཐའ་ཅན་རྣམས་ཏེ། མན་ངག་འདིའི་མཇུག་ཏུ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས། གྲུབ་པའི་དབང་ཕྱུག་ས་སྐྱ་པའི། །དབང་སྡུད་མན་ངག་ཁྱད་པར་ཅན། །སྙན་བརྒྱུད་ཞལ་གདམས་མ་གཏོགས་པ། །ཐུན་མོང་ཆོས་སྐོར་ཚང་བར་བཞུགས། །སྣོད་ལྡན་སློབ་མ་འགའ་ཙམ་ལས། །གཞན་ལ་རྒྱ་ཆེར་སྤེལ་མི་བྱ། །རྡོ་རྗེ་ལྟ་བུར་རྟོགས་དཀའ་ཞིང༌། །རྟོགས་ན་ཡིད་བཞིན་ནོར་འདྲའི་ཆོས། །དེས་ན་འདི་ལྟའི་ཟབ་དོན་ལ། །མཁས་པས་གཅེས་སྤྲས་བྱ་བར་རིགས། །ཞེས་གསུངས་པ་ལྟར་ཤིན་ཏུ་ཟབ་ཅིང་དཀོན་པའི་ཆོས་འདི་སྙིང་གི་ཐིག་ལེར་འཆང་བའི་འོས་སོ།། ༈ །།གཉིས་པ་ཐུན་མོང་མ་ཡིན་པ་ལ། ཁམས་གསུམ་འགྲོ་བ་དབང་བྱེད་ཀག་ཆོལ་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་༼གློ༽མཁས་པ་ཡོན་ཏན་ཁྲིས་མཛད་པ། དབང་སྡུད་ཀག་ཆོལ་མའི་ཨཱ་ལི་ཀཱ་ལིའི་སྔགས་རིང་འདྲི་བཟླས་ཀྱི་༼གློ༽མན་ངག་ས་སྐྱ་པཎྜི་ཏས་དག་ཅིང་གསལ་བར་མཛད་པ། ཀག་ཆོལ་ཆེན་མོའི་རྩ་བའི་ཐོ་ཡིག་བརྗེད་བྱང་ཙམ་དུ་ཤྲྱཱ་ནནྡ་གརྦྷས་«་་་་་དཔལ་ཀུན་དགའ་སྙིང་པོ།» མཛད་པ། དེས་མཛད་པའི་དེའི་འགྲེལ་ཊཱིཀ་སྦས་པའི་མིག་འབྱེད་གསེར་གྱི་ཐུར་མ། འཁོར་ལོའི་རབ་གནས་བྱ་བའི་མན་༼གློ༽ངག་ཞལ་གདམས་དང་བཅས་པ་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། དེས་བཀོད་པའི་བདེ་བ་རྒྱས་བྱེད་མའི་སྐུ་༼གློ༽ལ་བརྟེན་པའི་དབང་གི་ནང་སྒྲུབ་ཟབ་མོ། གསང་སྒྲུབ་ཐ་ཆེན་གྱི་ཙཀྲའི་མན་༼གློ༽ངག་རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། དེས་མཛད་པའི་གནད་འབེབས་༼གློ༽ཉི་ཟླའི་འཁོར་ལོའི་གདམས་པ། མཁའ་འགྲོ་མའི་སྤོགས་ཆོག་གིས་གནད་ལ་དབབ་༼གློ༽པའི་མན་ངག་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། དེས་མཛད་པའི་སྦྱིན་སྲེག་བྱ་བའི་མན་ངག་༼གློ༽བླ་མའི་ཞལ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན། ཡུལ་བདག་དབང་དུ་བསྡུ་བའི་ཞལ་གདམས་བ་རིའི་མན་ངན་རྗེ་ས་སྐྱ་པའི་གདམས་པ། འགོར་བཟླས་པའི་སྔགས་ཀྱི་མན་ངག་ནི་ཞེས་ཡོད་པའི་སྔགས་ཀྱི་འབྱིན་འཇུག་གི་ཡི་གེ་ལས་དེ་བཞིན་དུ་འགྱུར་བའི་ཕྱིར་རོའི་མཐའ་ཅན། གསལ་བྱེད་ཉི་མའི་འཁོར་ལོའི་བསྡུས་དོན་རང་བསྲུང་ངོའི་མཐའ་ཅན། མ་གྲུབ་ན་སྤོགས་པའི་ཆོ་ག་མཉམ་པར་བཞེད་དོའི་མཐའ་ཅན། འཁོར་ལོ་བལྟབ་ཚིགས་ཀྱི་ཞལ་གདམས་སྨིན་མཚམས་སུ་རེག་པའོའི་མཐའ་ཅན། མ་གྲུབ་ན་གནད་འབེབས་ཀྱི་འཁོར་ལོ་གཅེས་པར་ཟུང་གི་མཐའ་ཅན། འགོར་ཁོ་བོའི་བླ་མ་འདི་སྐད་གསུང་ ཞེས་པ་ཡོད་པའི་ཕོ་མོ་གནད་འབེབས་ཀྱི་འཁོར་ལོ། འགོར་ཕྱི་སྒྲུབ་འཁོར་ལོ་ཆེན་མོ་ཞེས་པའི་གནད་འབེབས་ཉི་ཟླའི་གདམས་པ། འགོར་བླ་མའི་ཞལ་གདམས་འདྲི་བར་བྱ་ཞེས་པ་ཡོད་པའི་ཕོ་མོ་གནད་འབེབས་ཀྱི་འཁོར་ལོའི་ཞལ་གདམས་ས་སྐྱ་པ་ཆེན་པོའི་ཞལ་གྱི་གདམས་པ་མ་བུ་འདི་རྣམས་བྲིས་པ་ལེགས་ཀྱི་མཐའ་ཅན། འགོར་དངོས་གྲུབ་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་ཐ་ཆེན་འཁོར་ལོའི་གསང་བའི་སྒྲུབ་ཐབས་ཐེ་ཚོམ་མེད་དོའི་མཐའ་ཅན། དེའི་ཞལ་གདམས་བླ་མ་ས་སྐྱ་པའི་གདམས་ངག་ནོར་བུ་རིན་པོ་ཆེ་ཕག་མོ་གྲུབ་པ་ལ་གནང་བ། ཐ་ཆེན་འཁོར་ལོའི་ཡི་གེ་དབང་སྡུད་དམ་པ། འགོར་བླ་མ་བདེ་ཆེན་ལྷག་པའི་ལྷ་ཞེས་ཡོད་པའི་མཁའ་འགྲོ་མའི་རྫས་སྒྲུབ་གཤེན་བདེ་བའི་རྡོ་རྗེས་བླ་མ་ས་སྐྱ་པ་ཆེན་པོར་ཞུས་པ་ཁྱད་པར་གནད་ཀྱི་གདམས་པའོའི་མཐའ་ཅན། དེའི་གསལ་བྱེད་འགོར་མཁའ་འགྲོ་བདེ་བ་རྒྱས་བྱེད་ཀྱི་སྐུ་ཞེས་ཡོད་པའི་ཞང་བཙུན་སག་ཐང་བའི་ཞལ་གདམས། ཕྲིན་ལས་མྱུར་དུ་སྒྲུབ་པ་དབང་གི་རླུང་འཁོར་ཟབ་མོ་༼གློ༽དང་རླུང་ལྷ་ལས་ལ་གཞུག་པ་སོགས་གབ་པའི་མན་ངག་ས་སྐྱ་པའི་ཞལ་གདམས། འགོར་དཔལ་འཁོར་ལོ་བདེ་མཆོག་དང་ཞེས་ཡོད་པའི་ཨའི་གདམས་པ་ཟུར་གཅིག་འདྲི་བ་ཨཱ་ལི་གནད་ཀྱི་གདམས་པ་རིན་ཆེན་ཡིད་བཞིན་ནོར་བུ་བླ་མའི་བཀའ་རྒྱ་ཅན། དེའི་ཞལ་ཤེས་འགོར་སྤྱིར་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཞེས་ཡོད་པ་དབང་གི་གདམས་པའི་མཐའ་ཅན། ཨཱ་ལིའི་སྦྱིན་སྲེག་གཤེན་གྱི་ལུགས། རྗེ་ས་ཆེན་དང་འགྲོ་མགོན་ཕག་མོ་གྲུབ་པ་གཉིས་ཀྱིས་ཞུ་བ་༼གློ༽ཞུས་ལན་ཨཱ་ལི་ཀཱ་ལི་ལས་སྣ་ཚོགས་ལ་འཇུག་པ་ཞེས་པའི་གདམས་པ་ལེའུ་ཉི་ཤུ་རྩ་བརྒྱད་པ། འདོད་རྒྱལ་ཡབ་ཡུམ་སྦགས་ཏེ་སྒྲུབ་པའི་མན་ངག་ལག་ལེན་དུ་དྲིལ་བའི་ནག་པོ་འགྲོ་ཤེས་བཤེས་གཉེན་གྲ་བོ་རིན་ཆེན་ཕན་གྱི་དོན་དུ་སྔགས་འཆང་རྒྱལ་པོ་དཔལ་གྱིས་མཛད་པ། དེའི་ཞལ་ཤེས་དེ་ཉིད་ཀྱིས་མཛད་པའི་ས་སྐྱ་པའི་གདམས་པ་ཁྱད་པར་འཕགས་པ་འཛམ་གླིང་གསེར་གྱིས་བཀང་བ་ལས་ཆེས་ཆེར་དགའ་བ། ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཟུར་འདེབས་འཇམ་དབྱངས་མགོན་པོས་མཛད་པ། དབང་སྡུད་ལས་ཀྱི་འཁོར་ལོའི་འགྲེལ་༼གློ༽པ་འགྲོ་བའི་སྲོག་སྙིང་འགུགས་པའི་ལྕགས་ཀྱུ་རྫོགས་བྱང་གི་མཐའ་ཅན། ཁྱད་པར་གྱི་སྒྲུབ་ཐབས་ནོར་བུ་གསལ་འབར་སྙིང་གི་ཐིག་ལེའི་དྭངས་མ་དྲུང་ནམ་མཁའ་བཟང་པོས་བསྐུལ་ནས་རིན་པོ་ཆེ་བསོད་ནམས་རྒྱལ་བ་མཆོག་དབྱངས་ཀྱི་གསུང་ལས་སྐྱེས་པའི་རིག་པ་འཛིན་པ་རི་ཁྲོ་དབང་པོས་བསམ་གཏན་གླིང་དུ་མཛད་པ།«་་་་་མཁན་ཆེན་ངག་དབང་ཆོས་གྲགས་པའི་གསན་ཡིག་ན་བསམ་གཏན་གླིང་པ་དཔལ་ལྡན་བཟང་པོས་མཛད་ཅེས་སྣང༌། »འདི་གསེར་ཆོས་ཤིན་ཏུ་ཟབ་པའི་ཆིག་བརྒྱུད་དུས་གཅིག་ལ་སློབ་མ་གཅིག་ལས་མི་སྟོན་པའི་བཀའ་རྒྱ་ཅན་ཡིན་ཏེ། བདག་ཆེན་རྡོ་རྗེ་འཆང་གི་གསུང་ལས། སྙིང་དང་འདྲ་བའི་གདམས་པ་འདི། །སྣོད་ལྡན་སློབ་མ་གཅིག་ལ་ནི། །བསྟན་པར་བྱ་ཡིས་གཞན་དུ་མིན། །གསང་སྟེ་ཉམས་སུ་བླང་བར་རིགས། །ཞེས་པ་ལྟར་ས་བཅད་གཉིས་པ་འདི་བཀའ་དོག་པར་མཛད་པའི་རྒྱུན་མ་ཉམས་པར་ཡིད་ཀྱི་དྲན་གསོར་བསྟན་པར་རིགས་སོ། །གསུམ་པ་དཀར་ཆག་ཏུ་མ་བཞུགས་པ་ལ། དབང་སྡུད་འདོད་པའི་རྒྱལ་པོའི་མན་ངག་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་པདྨ་རཱ་གའི་ཆུན་པོ་ཚར་པ་རྡོ་རྗེ་འཆང་གིས་མཛད་པ། འགོར་རྩ་བའི་འཁོར་ལོ་འདི་ལ་ཞེས་པའི་འཁོར་ལོའི་བྲི་ཡིག་ཟིན་བྲིས་གསང་བ་ནི་གཅིག་ལ་ཡིན་ནའོའི་མཐའ་ཅན། འགོར་འདོད་པའི་རྒྱལ་པོའི་བསྙེན་པ་བྱེད་པར་འདོད་པས་ཞེས་པའི་འདོད་རྒྱལ་གྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གཏོར་མ་བྱ་ཁྱི་དང་མི་གཞན་ལ་མི་སྦྱིན་ནོའི་མཐའ་ཅན། བྱིན་རླབས་ཀྱི་ལུང་བླང་བའི་གསལ་བྱེད་ཚ་རོང་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། འདོད་རྒྱལ་ཡབ་ཡུམ་གྱི་རྗེས་གནང་གཅེས་སྤྲས་སུ་མཛད་པ་རྗེ་༼ངག༽དབང་ཕྱུག་རབ་བརྟན་གྱི་གསུང་ལས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ཟིན་ཐོར་བཏབ་པ། དེས་མཛད་པའི་གསང་སྔགས་སྒྲའི་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་༼ངག༽ཞར་བྱུང་ཐུན་མོང་གི་རྗེས་གནང་དང་བཅས་པ། ཉི་ཟླ་འཁོར་ལོའི་རིག་པ་བནྡེ་བསམ་གཏན་གླིང་པས་གཞན་ལ་ཕན་པའི་སེམས་ཀྱིས་མཛད་པ་རྣམས་སོ།«་་་་་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་ཡིག་ན་བསམ་གཏན་གླིང་པ་ཕྱི་མ་ཞེས་སྣང་བ་ནོར་བུ་གསལ་འབར་མཛད་མཁན་དང་གཅིག་གམ་སྙམ། »།དཔེ་རིས་སྐོར་ལ། སྒྲུབ་པའི་མཎྜལ་མི་འདྲ་བ་གསུམ། རབ་གནས་ཀྱི་མཎྜལ་མི་འདྲ་བ་གསུམ། གཏོར་མའི་མཎྜལ་ཞི་རྒྱས་དབང་དྲག་གི་ཕྱི་སྒྲུབ་ཀྱི་འཁོར་ལོ་བཞི། དྲག་པོའི་འཁོར་ལོ་འདྲ་མིན་གཉིས། ཡང་ས་ཆེན་གྱི་བཞེད་པ་དང་མཐུན་པ་གཅིག ལས་བཞི་སྒྲུབ་པའི་འཁོར་ལོ་ཁ་སྦྱོར་བཞི། སྦས་པ་མིག་འབྱེད་ནས་གསུངས་པའི་རྒྱས་པའི་འཁོར་ལོ། ཕོ་མོ་གནད་ཀྱི་འཁོར་ལོ་བཞི་ཡོད་པའི་རྗེ་བཙུན་རིན་པོ་ཆེའི་གསུང་དང་མཐུན་པ་དང་པོ། ཕག་གྲུའི་བཞེད་པ་དང་མཐུན་པ་གཉིས་པ། དཔེ་རིས་རྙིང་པ་ཁོ་ན་ལ་ཐུགས་གཙིགས་སུ་མཛད་པ་གསུམ་པ། གསུམ་པའི་མུ་ཁྱུད་ཀྱི་སྔགས་དུམ་བུ་གསུམ་དུ་བྱས་པ་བཞི་པ། གནད་འབེབས་ཉི་ཟླའི་འཁོར་ལོ་རིགས་མི་གཅིག་པ་གསུམ། དྲིལ་སྒྲུབ་ལ་དགོས་པའི་ཐ་ཆེན་འཁོར་ལོ། གསང་སྒྲུབ་ཐ་ཆེན་འཁོར་ལོ། ནང་སྒྲུབ་ཡབ་རྐྱང་དང་ཡུམ་རྐྱང་གི་འཁོར་ལོ་རེ། རླུང་འཁོར་དང་བཅས་པའི་རྗེས་གནང་ལུང་མན་ངག་ཕྱག་ལེན་དམར་ཁྲིད་དུ་ཐོབ་པ་ལས། ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་ངམ། དཔལ་མཆོག་རྡོ་རྗེ་ཆོས། ཌཱ་ཀི་བདེ་བ་རྒྱས་བྱེད་མ། གྲུབ་ཆེན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ།གྲུབ་ཆེན་ལ་ལི་ཏ་བཛྲ། པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ། བླ་མ་རྡོ་རྗེ་གདན་པ་ཆེ་བ། «ཐར་རྩེ་བ་སོགས་ངོར་པའི་གསན་ཡིག་རྣམས་སུ་རྡོ་རྗེ་གདན་པ། སྠ་བཱི་ར་ཞེས་པ་ལས་ཆེ་ཆུང་གཉིས་མ་བཤད་དོ།་་་་་»རྡོ་རྗེ་གདན་པ་ཆུང་བ། སྠ་བཱི་ར། བ་རི་ལོ་ཙཱ་བ། ལྕགས་ཐང་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། རྒྱལ་དབང་དང་རྨོར་ཆེན་པ་སོགས་ཀྱི་གསན་ཡིག་ཏུ་འདིར་སློབ་དཔོན་རིན་པོ་ཆེ་དཔལ་ལྡན་བསོད་ནམས་རྩེ་མོ་ཞེས་བྱུང་ཞིང་ངོར་པའི་གསན་ཡིག་རྣམས་སུ་མ་བྱུང་བ་བརྟག་བྱར་བཞག རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཁང་སྟོན་བསོད་ནམས་འབུམ། བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་གྲགས་པ།བླ་མ་བྱང་ཆུབ་སེངྒེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེངྒེ། རྡོ་རྗེ་འཆང་སངས་རྒྱས་སེངྒེ། མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང༌། བྲང་ཏི་ནམ་མཁའ་རིན་ཆེན། སེ་ཆེན་གན་ནམ་མཁའ་དཔལ་བཟང༌། འདྲེན་མཆོག་པྲཛྙཱ་སཱ་ག་ར།མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། རྡོ་རྗེ་འཆང་བ་ཆེན་པོ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་ལན་ཟུང་གི་བར་དུ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལ་ལན་མང་དུ་སྩལ་ཏོ། །ཡང་ན་ས་སྐྱ་པཎྜི་ཏ་ནས། འཕགས་པ་རིན་པོ་ཆེ། ཁང་སྟོན་བསོད་ནམས་འབུམ། གཞོན་ནུ་ཚུལ་ཁྲིམས། ཚུལ་ཁྲིམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་འདྲ། རྟགས་ཡོད་མེད་ལ་མ་ལྟོས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། མཁས་གྲུབ་དོ་པ་སྟོན་ཚུལ།རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། རིན་ཆེན་སེངྒེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། དཔོན་མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག ཡབ་སྲས་གཉིས་ཀ་ནས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་ལྷུན་གྲུབ། སྐྱོར་མདའ་པ་བསོད་ནམས་དབང་ཕྱུག ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན། དེས་བདག་ལའོ། །ཡང་ན་རྡོ་རིང་པ་ཆེན་པོ་ནས། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་པ་རྡོ་རྗེ་འཆང་མན་འདྲ།ཡང་ན་ཚར་ཆེན་ཡབ་སྲས་གཉིས་ནས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་མཁྱེན་བརྩེའི་ཞབས་ནས། དྲང་སྲོང་ཀ་བཞི་པའི་སྲས་གཞོན་ནུ་སྟོབས་ལྡན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་མཁྱེན་བརྩེ་ནས། མཁས་པ་གཞོན་ནུ་སྟོབས་ལྡན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་ལྷུན་གྲུབ་མན་སྔར་དང་འདྲའོ། །བ་རི་བས་སག་ཐང་པར་གསན་པའི་ཆོས་སྐོར་ནི། ཇོ་བཙུན་སག་ཐང་པ། བ་རི་ལོ་ཙཱ་བ། རྗེ་བཙུན་ལྕགས་ཐང་པ།«་་་་་གསན་ཡིག་གདྒཱའི་ཆུ་རྒྱུན་དུ་བར་འདིར་སེ་ཆུང་བ་ཞེས་པ་དང་འགའ་ཞིག་ཏུ་ལྕགས་ཐང་པ་མེད་པར་དེའི་ཚབ་ཏུ་སེ་ཆུང་བ་ཞེས་པ་བྱུང་ངོ༌།། »ས་སྐྱ་པ་ཆེན་པོ་མན་འདྲ།ངག་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། སྔགས་འཆང་ངག་དབང་བསོད་ནམས་ཆོས་འཕེལ་དང་རྗེ་དབང་རབ་གཉིས་ནས་མཁན་ཆེན་ངག་དབང་ཆོས་གྲགས། འཁོན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཁོན་སྟོན་བསོད་ནམས་དབང་ཕྱུག འཁོན་སྟོན་ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ཡང་རྗེས་གནང་ཐུན་མོང་བ་དང་གློའི་རྟགས་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཀུན་སྤངས་རྗེ་ནས། རྗེ་བཙུན་ཀུན་དགའ་གྲོལ་མཆོག འཇམ་མགོན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས་བླ་མ་གཞོན་ནུ་འབུམ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་གི་དབང་ཕྱུག མཁན་ཆེན་བྱང་ཆུབ་སེངྒེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བདག་ཆེན་གཞི་ཐོག་པ་ཀུན་དགའ་དབང་ཕྱུག བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲ། ཡང་ན་ས་པཎ་ནས། ཁང་སྟོན་བསོད་ནམས་འབུམ། བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་འདྲ། ཡང་ན་ས་པཎ་ནས། ཤར་པ་ཤེས་རབ་འབྱུང་གནས། དེའི་གཅུང་རྡོ་རྗེ་འོད་ཟེར། འདུལ་འཛིན་བསོད་ནམས་ཡེ་ཤེས། བླ་མ་བསོད་ནམས་དར། བག་སྟོན་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ།རྗེ་བཙུན་ཀུན་དགའ་གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ནས། ཆུ་མིག་བདག་ཆེན་བློ་གྲོས་དབང་ཕྱུག པཎ་ཆེན་ཤཱཀ་མཆོག བྲག་དཀར་སེམས་དཔའ་ཆེན་པོ། མཁན་ཆེན་བཀྲས་རྣམ་པ། རྗེ་གྲོལ་མཆོག་མན་འདྲའོ།། ༈ །།དཔལ་ས་སྐྱ་པའི་གསེར་ཆོས་ཛམ་དམར་སྲོག་སྒྲུབ་ཀྱི་སྐོར་ལ། ཡིག་རྙིང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་མཆན་མ་དང༌། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལྷན་ཐབས་ལྟར་སིནྡྷཱུ་རའི་དཀྱིལ་འཁོར་དུ་གནོད་སྦྱིན་དམར་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་པ་དམ་བཅའི་ལུང་དང་གཏོར་དབང་དོད་ཀྱི་ཆུ་སྦྱིན་དང་བཅས་པ་ནོས་ནས། ལུང་ལ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་ཡི་གེ་ལ་ནང་གསེས་ཀྱི་རྟེན་བཅའ་བ། བསྙེན་སྒྲུབ། ལས་ལ་བསྐུལ་བ་དང་བཅས་པ་བླ་མ་ཆེན་པོས་མ་སྦས་པར་དཔལ་ཁ་གདངས་སུ་ཡི་གེར་བཀོད་པ་ས་མཱཔྟ་མི་ཐིའི་མཐའ་ཅན། ལུང་བླང་བའི་མན་ངག་བླ་མའི་གསུང་བཞིན་དཔལ་ས་སྐྱར་སྦྱར་བ།«་་་་་འདི་ཡན་གྱི་མཆན་རྣམས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་ལ། དམ་བཅའ་བའི་མཆན་བུ་རྡོ་རྗེ་གདན་པས་མཛད་དོ། »།རྡོ་རྗེ་གདན་པས་མཛད་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་གསལ་བྱེད། གྲྭ་པ་དང་གསེར་ཆོས་ཀྱི་ཛམ་དམར་གཉིས་ཀྱི་རྗེས་གནང་ལྷན་ཅིག་པའི་ཕྱག་ལེན་གཞན་རྣམས་དཀྱུས་ཀྱི་ཡི་གེ་བཞིན་ནོའི་མཐའ་ཅན་དང་བཅས་པའི་ལུང་ལེགས་པར་ཐོབ་ནས། རྗེས་གནང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ། གྲུབ་དབང་ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། གཉིས་སྤངས་ཨ་ཝ་དྷཱུ་ཏཱི་པ། པཎ་ཆེན་ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་དཔལ་ལྡན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་སྒོམ་སེ་བོ། མཁས་གྲུབ་དོ་པ་སྟོན་ཚུལ།རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེངྒེ་བཟང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། བླ་མ་བསོད་ནམས་དར།དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་ཀུན་བཟང་རྩེ་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། བླ་མ་རྡོ་རྗེ་རྒྱལ་མཚན། ཤེས་རབ་རྒྱལ་མཚན། དཀོན་མཆོག་དཔལ་ལྡན། ཐར་རྩེ་པཎ་ཆེན། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། མཁན་ཆེན་བསོད་ནམས་བཟང་པོ། དེས་བདག་ལའོ། །ཡང་ན་རྨོར་ཆེན་པ་ནས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །ཡང་ན་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག མཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། རྗེ་བློ་གྲོས་རྣམ་རྒྱལ། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་པ་རྡོ་རྗེ་འཆང༌། འཇམ་དབྱངས་མཁྱེན་བརྩེ། ཡབ་སྲས་གཉིས་ཀ་ནས་རྡོ་རྗེ་འཆང་དབང་རབ་པ། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲ། ཡང་ན་རྗེ་ཤར་ཁང་པ་ནས། རྗེ་ཤཱཀྱ་འོད་ཟེར། ཤེའུ་ལོ་ཙཱ་བ་མན་འདྲ། ཡང་ན་ཤཱཀྱ་འོད་ཟེར་ནས་ཐར་རྩེ་པཎ་ཆེན་མན་འདྲའོ། །རྨོར་ཆེན་པས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་བདག་གིས་ནོས་སོ། །སྨྲས་པ། པདྨ་རཱ་གའི་ལྷུན་པོར་ཉི་གཞོན་གྱིས། །ལན་བརྒྱར་དཀྲིས་ལྟའི་འོད་འབར་རིགས་བྱེད་མ། །ཚོགས་བདག་འདོད་པའི་རྒྱལ་པོ་རྨུགས་འཛིན་བཅས། །ཁམས་གསུམ་དབང་སྡུད་གདམས་པ་མནོས་ཚུལ་ལོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། གསེར་ཆོས་དམར་པོ་སྐོར་གསུམ་དང་རྨུགས་འཛིན་དམར་པོ་སྲོག་སྒྲུབ་བཅས་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་ཉེར་གསུམ་པའོ།། ༈ །།ཕྱི་རོལ་ཡུལ་དུ་སྣང་བའི་དྲེགས་པ་གསུམ། །ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་ཁམས་གསུམ། །གསང་བར་སེམས་ཉིད་གསལ་སྟོང་ཟུང་འཇུག་གསུམ། །དབྱེར་མེད་སྲིད་ཞིའི་མགོན་པོའི་ཆོས་ཀྱི་སྐོར། །དེའང་འཛམ་གླིང་བསྟན་པའི་མངའ་བདག་ལྷ་མཆོག་འཇམ་པའི་དབྱངས་ཀྱི་སྒྱུ་འཕྲུལ་རོལ་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བསྟན་པ་བསྲུང་བའི་མཚོན་ཆར་ཆོས་སྐྱོང་བའི་སྲུང་མ་གྲངས་མེད་པ་ཞིག་བཀའ་བབས་པའི་ནང་ནས་རྒྱ་གར་མ་ག་དྷཱའི་རྡོ་རྗེ་གདན་གྱི་སྒོ་སྐྱོང་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་སྲུང་མའི་གཙོ་བོ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ནི། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ནག་པོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་འབྱུང་བ་ལྟར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་སྤྲུལ་པར་བསྟན་པས་ཕྱོགས་རེ་ཙམ་གྱི་སྤྲུལ་པའི་བསྟན་སྲུང་གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་བསྟན་སྲུང་ཀུན་གྱི་གཙོ་བོ་སྟེ། ཚུལ་དེ་ལ་དགོངས་ནས་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གིས། བགྲང་ཡས་བསྟན་སྲུང་ཀུན་གྱི་སྡེ་དཔོན་ཆེ། །དྲན་པས་སྙིང་གི་མུན་སེལ་རྡོ་རྗེ་གུར། །ཞེས་ཆེད་དུ་བརྗོད་པའང་སྒྲོ་སྐུར་གྱིས་དབེན་པའི་རང་བཞིན་བརྗོད་པའི་རྒྱན་ཁོ་ན་སྟེ། དེའང་དཔལ་ཀྱེ་རྡོ་རྗེའི་བཤད་པའི་རྒྱུད་རྡོ་རྗེ་གུར། མགོན་པོ་མངོན་པར་འབྱུང་བ། ལྷ་མོའི་ཁུངས་འཕགས་ཡུལ་ན་བཞུགས་པའི་གདན་བཞིའི་རྒྱུད་རྒྱས་པ་ལ་སོགས་པ་རྣམས་ལས་གསལ་བར་བསྟན། བཀའ་ལུང་གི་འགྲེལ་བྱེད་དམ་པ་འཕགས་པའི་ཡུལ་དུ་གྲུབ་པ་མཆོག་གི་ས་ལ་བཞུགས་པའི་སློབ་དཔོན་བྲམ་ཟེ་མཆོག་སྲེད་ལ་སོགས་པས་དར་ཞིང་རྒྱས་པར་མཛད། བསིལ་ལྡན་ཁ་བའི་ལྗོངས་འདིར་མ་ཧཱ་པཎྜི་ཏ་གྷ་ཡ་དྷ་ར་དང་དོན་ཡོད་རྡོ་རྗེ་དང་ཤྲདྡྷཱ་ཀ་ར་ཝརྨ་དང་ཤཱཀྱ་ཤྲཱི་རྣམས་ལས་བརྒྱུད་དེ་བྱོན་པ་འཇམ་དཔལ་རྡོ་རྗེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་ཆེས་ཆེར་གསལ་བར་མཛད་དེ། མ་ཧཱ་ཀཱ་ལའི་ཆོས་སྐོར་གྱི་བརྗེད་བྱང་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། ཁྱབ་བདག་གུར་གྱི་མགོན་པོའི་ཆོས་སྐོར་ནི། །འཕགས་པའི་ཡུལ་དུ་པཎ་གྲུབ་རྣམས་ཀྱིས་ཕྱེ། །རྒྱུད་རྒྱལ་མ་དྲོས་ཆུ་གཏེར་ལས་བྱུང་བའི། །བཀའ་བབས་རྣམ་བཞིའི་གདམས་པའི་ཆུ་རྒྱུན་ནི། །ལོ་ཙཱ་རྣམ་བཞིའི་གསུང་གི་འབབ་སྟེགས་ལས། །ལེགས་འོངས་ས་སྐྱའི་བླ་ཆེན་ཐུགས་མཚོར་འཁྱིལ། །གང་དེའི་གསུང་གི་བདུད་རྩིའི་ཟེགས་མ་ནི། །ཕྱོགས་བརྒྱར་འཕྲོས་པས་ཁ་བའི་སྨན་ལྗོངས་འདིར། །ཟབ་སྟོན་ལྦུ་ཕྲེང་བྱེ་བས་ཕྱུག་པ་ཡི། །རྗེས་འབྲངས་ཆུ་ཀླུང་རྣམ་བཞི་རིང་དུ་བབས། །ཞེས་པ་ལྟར་རྒྱུད་རྒྱལ་རྣམས་ཀྱི་གདམས་པའི་སྙིང་པོ་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་སྲོལ་རྒྱས་བསྡུས་སྣ་ཚོགས་སུ་བཏོད་པའི་ནང་ནས་རྣལ་འབྱོར་དབང་ཕྱུག་བིརྺ་པ་ལས་བརྒྱུད་པའི་ལམ་འབྲས་པའི་གུར་གྱི་མགོན་པོའི་གདམས་པ་ལོ་ཆེན་འབྲོག་མིས་བསྒྱུར་བ་དང༌། བླ་མ་རྡོ་རྗེ་གདན་པ་ལས་བརྒྱུད་པ་སྒྲུབ་ཐབས་ཀུན་ལས་བཏུས་པ་ལུགས་ཀྱི་མགོན་པོའི་གདམས་པ་བ་རི་ལོ་ཙཱ་བས་བསྒྱུར་བ་དང༌། པཎྜི་ཏ་དད་བྱེད་གོ་ཆ་ལས་བརྒྱུད་པའི་མགོན་པོའི་གདམས་པ་ལོ་ཆེན་རིན་བཟང་གིས་བསྒྱུར་བ་མལ་ལོ་ཙཱ་བའི་ལུགས་སུ་གྲགས་པ་དང༌། ཀཥྨི་རའི་བསོད་སྙོམས་པ་ཆེན་པོ་པཎ་ཆེན་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་མགོན་པོའི་གདམས་པ་ས་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བ་སྟེ་ལོ་པཎ་ཆེན་པོ་བཞི་ལས་བརྒྱུད་པའི་བཀའ་མ་ཆད་པ་ཆུ་བོ་ཆེན་པོ་བཞིའི་རྒྱུན་ལྟར་བབས་པའོ། །གྱི་ལྗང་ལུགས་ནི་ལོ་ཆེན་རིན་བཟང་ནས་མལ་ལོར་བརྒྱུད་པ་ཡིན་ནའང༌། སྟོད་ལུགས་སྨད་ལུགས་གཉིས་སུ་བྱུང་བའི་སྟོད་ལུགས་རྣམས་མལ་ལོ་ནས་བརྒྱུད་པ་ཡིན་པས་བཀའ་བབས་ཕྱི་མའི་ཁོངས་སུ་དོན་གྱིས་འདུ་ཞིང༌། ལྷ་བཅུ་བདུན་མའི་དབང་ལོ་ཆེན་ནས་བརྒྱུད་པ་དང་གྱི་ལྗང་སྨད་ལུགས་ཀྱི་གདམས་སྐོར་རྣམས་རྗེ་བཙུན་གོང་མ་རྣམས་ལས་མ་བརྒྱུད་ནའང༌། གཞི་ཐོག་པ་སྔགས་འཆང་ཀུན་དགའ་ཟླ་བ་ནས་ས་ལུགས་སུ་བཀའ་བབས་པས་དེང་སང་མན་ངག་རྣམས་ཕྱོགས་གཅིག་ཏུ་མཛད་པ་ཡིན་ནོ།། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply