གཉིས་པ་རྒྭ་ཨཱ་ནནྡ་དམ་པས་མཛད་པའི་ཡིག་ཆ་ལ། ནག་པོ་ཆེན་པོའི་སྒྲུབ་ཐབས་འདི་ལ་མང་དུ་གསུང་ཡང་དོན་གསུམ་དུ་འདུ་ཚུལ་སོགས་སྤྱིའི་ཁོག་བསྒྲིགས་ཨཱ་ནནྡ་ཀཱིརྟིའི་ཞལ་གྱི་བདུད་རྩིའོའི་མཐའ་ཅན། སྔོན་འགྲོ་རྟེན་དང་མཆོད་གཏོར་གྱི་སྐབས་ཉེ་བར་མཁོ་བའི་ཤོག་དྲིལ་བཅུ་པར་གྲགས་པའི་ནང་ཚན། འགོར་རྩ་བརྒྱུད་དཔལ་ལྡན་བླ་མ་དམ་པ་རྣམས་ཞེས་ཡོད་པའི་སྔོན་འགྲོ་ཤོམ་གྱི་ཤོག་དྲིལ་དམ་པ་ཀུན་དགའ་གྲགས་ཀྱིས་འཕགས་པ་རིན་པོ་ཆེར་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས་སྐུ་གསུང་ཐུགས་མཉེས་པའི་བཀའ་འབངས་དང་ཞབས་ཏོག་མཛད་པར་བརྟེན། ཕ་ཕོགས་ཀྱི་ཚུལ་དུ་གནང་བ་འཁོན་དྷརྨཱ་རཀྵི་ཏ་དང་ཞང་དཀོན་མཆོག་དཔལ་སོགས་ཀྱི་ཆེད་དུ་མཛད་པའི་རིན་ཆེན་ནོར་འདྲའི་མན་ངག་ཟབ་མོ་འདི་སུ་ཞིག་རྙེད་ནས་སྲོག་ལྟར་གཅེས་པར་ཟུང་གི་མཐའ་ཅན། སྐུ་གཟུགས་བཞེང་ཚུལ་ཡིད་བཞིན་ནོར་བུ་ཞེས་པ་དགོས་འདོད་ཐམས་ཅད་ཀྱི་འབྱུང་ཁུངས་བྲིས་སྐུ་སྒྲུབ་པའི་ཤོག་དྲིལ།ཕྱག་མཚན་གྲི་གུག་གིས་གསོད་པའི་ལས་སྒྲུབ་པའི་ཤོག་དྲིལ། ཕྱག་མཚན་ཐོད་པ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཤོག་དྲིལ། དགྲ་བགེགས་ཚར་གཅོད་གཎྜི་སྒྲུབ་པའི་ཤོག་དྲིལ། དམག་ཐོག་སེར་རླུང་གནོན་པ་རལ་གྲི་སྒྲུབ་པའི་ཤོག་དྲིལ། དགྲ་བགེགས་ཟིལ་གྱིས་གནོན་ཅིང་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ཐུགས་ཆེན་སྒྲུབ་པའི་ཤོག་དྲིལ། ཁྲོ་ཚོགས་ཕོ་ཉ་སྡུད་ཅིང་དགྲ་བགེགས་ཚར་གཅོད་པ་རྔ་ཆེན་སྒྲུབ་པའི་ཤོག་དྲིལ། ཉམས་ཆག་ཐམས་ཅད་སྐོང་ཞིང་བར་གཅོད་ཀྱིས་མི་ཚུགས་པ་ཁ་ཊྭཱཾ་སྒྲུབ་པའི་ཤོག་དྲིལ། གཏུམ་དྲག་མི་བཟད་ཕོ་ཉའི་ལས་རིམ་སྒྲུབ་པའི་ཤོག་དྲིལ་ཏེ་བཅུ། གཟུངས་འབུལ་བའི་ཚིགས་བཅད་ལུས་ཀྱི་མུན་ནག་ཟིལ་གནོན་མ། འགོར་དེ་ནས་རྟ་ནག་པོ་སོགས་རྟེན་རྣམས་ལ་ཚོན་དམར་པོ་བསྐུས་ཞེས་ཡོད་པའི་གཟུངས་བསྐྱེད་ཆོག་རྒྱས་པ་དང་བསྡུས་པ་ཧཱུྃ་ལས་བྱུང་བའི་རྟ་མཆོག་མ་དང་བཅས་པ་བླ་མ་ལ་གུས་པས་ཞུ་བར་བྱའོའི་མཐའ་ཅན། འགོར་ན་མོ་མ་ཧཱ་ཀཱ་ལཱ་ཡ་དང༌། མགོན་པོའི་མན་ངག་ཙིཏྟ་བརྟག་པའི་རིམ་པ་ནི་ཞེས་ཡོད་པའི་གསང་རྟེན་གྱི་སྐབས་སུ་གྲི་སྙིང་བརྟག་པའི་ཡི་གེ་ནག་པོའི་རྒྱུད་ལས་གསུངས་པའོའི་མཐའ་ཅན། དུས་གཅིག་ལ་ཆིག་བརྒྱུད་ཀྱི་གྲས། འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཅའ་བ་རྟེན་གྱི་སྐབས་སུ་གྲི་སྙིང་འཁོར་ལོ་ཞེས་ཡོད་པའི་གྲི་སྙིང་འཁོར་ལོ་ཐུན་མོང་མ་ཡིན་པའི་བཅའ་ཚུལ་རབ་གནས་ཞག་བདུན་མ་དང་བཅས་པའི་ཡིག་ཆུང་ཡིད་བཞིན་གྱི་ནོར་བུ་ཅི་བསམ་འགྲུབ་པར་འགྱུར་བ་དུས་གཅིག་ལ་ཆིག་བརྒྱུད་མ། སྦགས་སྒྲུབ་ཀྱི་སྐབས་སུ་འཁོར་ལོ་དང་ལིང་གའི་བྲི་ཡིག་༼མུ༽ཅེས་པ་མགོན་པོའི་འཁོར་ལོ་པད་འདབ་བཞི་པ། ལྷ་མོའི་བརྒྱད་པ། གནོད་སྦྱིན་ཕོ་མོའི་ལྟོ་འཁོར། འཇམ་ལུགས་ཀྱི་ཕོ་མོའི་འཁོར་ལོ། རྩུབ་ལུགས་ཀྱི་ཕོ་མོའི་འཁོར་ལོ། བཟློག་འཁོར། དགྲ་བོའི་སྙིང་གར་འཇུག་པའི་འཁོར་ལོ།«་་་་་རྫོང་ཆུང་པ་རྣམས་འདི་ལིང་གའི་བྲི་ཡིག་ཏུ་བཞེད། »མིང་སྲིང་གསུམ་གྱི་གཟུངས་འདྲི་ལུགས།ལིང་ག་འཁོར་ལོ་ཅན་«་་་་་འདི་རྫོང་ཆུང་པར་མེད། »གྱི་བྲི་ཡིག་རྣམས་སྟོན་པ། བསྙེན་སྒྲུབ་ལས་གསུམ་གྱི་ཞལ་གདམས་༼ཁྲ༽ཡིག་བརྒྱས་ཉམས་ཆག་ཁ་སྐོང་ངོའི་མཐའ་ཅན།འགོར་བསྙེན་སྒྲུབ་ལས་གསུམ་ལ་བསྙེན་པའི་དུས་སུ་མགོན་པོའི་སྔགས་ཐུང་ཞེས་ཡོད་པའི་སྔགས་ཀྱི་བཟླ་༼ཁྲ༽ཐབས་དེ་ནས་བརྒྱ་པ་བཟླའོའི་མཐའ་ཅན། འགོར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལ་ཞེས་ཡོད་པའི་ལས་བཞིའི་དམིགས་༼མུ༽༼ཁྲ༽པ་ཚར་གཅད་པར་བསམ་མོ་གུ་ཧྱ་ས་མ་ཡའི་མཐའ་ཅན། སྲོག་གཏའ་མར་འཛིན་པ། སྙིང་རྟེན་དུ་འཛིན་པ། འཁོར་ལོའི་དབྱེ་བ། རང་གཤེད་དབབ་པ། ཡི་དམ་གྱི་བསྙེན་གྲུབ། གཏོར་མའི་གནད་དེ་ཆིངས་ཆེན་དྲུག་གི་ཞལ་གདམས་སྣོད་མིན་དམ་ཚིག་མེད་པ་ལ་སྦྱིན་ན་ནག་པོ་ཆེན་པོས་སྙིང་ཁྲག་འཐུང་ཞིག་གི་མཐའ་ཅན། བསྒོམ་པ་ལྷའི་གནད་ཀྱི་མན་ངག་སྦྱོར་དངོས་རྗེས་རྣམ་པ་གསུམ་སྒྲུབ་པའི་མན་ངག་དམ་པ་ཡིན་ནོ་ཞེས་བླ་མ་གསུང་ངོ་ས་མཱཔྟ་མི་ཐིའི་མཐའ་ཅན། ཞར་བྱུང་བསྙེན་སྒྲུབ་ལས་གསུམ་གཏོར་མ་དང་བྲིས་སྐུ་ཙམ་ལ་བརྟེན་པ། གློ་བུར་ལས་བཅོལ་གསུམ་གྱི་ཐོ་ཙམ་བསྟན་པ།«་་་་་དཀར་ཆག་ན་མི་གསལ»། ཞི་རྒྱས་དབང་དྲག་གི་གཏོར་མ། ཉམས་ཆག་སྐོང་བ། འཆི་ལྟས་དང་རྨི་ལམ་ངན་པ་བཟློག་པ། ལོ་ཟླ་དུས་ཚོད་དང་རྫས་གནད། རྗེས་གནང་གི་ཁྱད་བཅོས།«་་་་་འདི་དཀར་ཆག་ན་མི་གསལ།»གཏོར་མ་ཕུལ་བས་རྟགས་མ་བྱུང་ན་ཉེས་པ་བསྒྲག་པ་གསང་འདུས་ལུགས་བཞིན་བྱ་བའི་ཞལ་འཕང༌། བྱད་ཤ་སྦགས་པ་དང་བཅས་པ་རྣམས་གཅིག་ཏུ་དྲིལ་བར་གཏོར་མའི་མན་ངག ཕ་རོལ་གྱི་རྦོད་གཏོང་དྲག་པོ་རླུང་སྦྱོར་གྱི་སྒོ་ནས་བཟློག་པ། འདི་ལས་འཕྲོས་པའི་མན་ངག་«་་་་་འདི་དཀར་ཆག་ན་མི་གསལ། »ཤིན་ཏུ་ཟབ་པའི་གནད་དང་བཅས་པ།སྤྲུལ་པའི་ཁྱུང་ཆེན་གྱི་མན་ངག་ས་མཱཔྟ་མི་ཐིའི་མཐའ་ཅན།«་་་་་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཕོ་ཉའི་ལས་སྦྱོར་ཞེས་སྣང༌། »འགོར་དཔལ་མ་ཧཱ་ཀཱ་ལ་ལ་ན་མཿ འདིར་གཏོར་མའི་བསད་ལས་རབ་དུར་ཁྲོད་ཀྱི་རྡུལ་ཚོན་ཞེས་ཡོད་པའི་ཤིན་ཏུ་དྲག་པོའི་གཏོར་ཆེན་གྱི་ཡིག་ཆུང་གདམས་པ་ཟབ་མོ་ས་མཱཔྟ་མི་ཐིའི་མཐའ་ཅན། དེ་ལྟར་གཏོར་བསྒྲུབ་བྱས་ནས་ཞེས་ཡོད་པའི་གཏོར་མའི་སྒོ་ནས་དགྲ་བགེགས་ཀྱི་སྟོབས་སྲོག་གཞོམ་པའི་ཞལ་ཤེས་བསད་མནན་གཉིས་ཀ་ཚང་བ་ཕྱི་མིག་མི་ལྟ་བར་འོང་བར་བྱའོའི་མཐའ་ཅན། མདུན་གང་འཕགས་པའི་སྲུང་འཁོར་གྱི་ཡི་གེ་བླ་༼མུ༽མའི་ཞལ་ལས་ཐོས་པ་ཉིད་དོའི་མཐའ་ཅན། ཞར་བྱུང་ཡུལ་ཕྱོགས་ཙམ་དུ་ཡང་ནད་རིམས་མི་འབྱུང་བའི་སྲུང་བ་༼མུ༽དང་སེར་བ་སྲུང་«་་་་་རྫོང་པོད་ན་འདི་མ་གཏོགས་ཞར་བྱུང་གཞན་གཉིས་པོ་མེད། »བ་མྱོང་གྲུབ་མ་ཡིན་ནོའི་མཐའ་ཅན།«་་་་་ཞར་བྱུང་གསུམ་པོ་འདི་གོང་གི་ཁོངས་སུ་བགྲངས་པ་ལས་དཀར་ཆག་ན་མི་གསལ།་་་་་»འགོར་ཡུལ་ཕྱོགས་ཀྱི་ནད་རིམས་སྲུང་བའམ་གཅོད་པ་ཞེས་ཡོད་པའི་མདུན་གང་འཕགས་པའི་སྲུང་འཁོར་གྱི་ཞལ་ཤེས་གཞུང་བཞིན་བྱའོའི་མཐའ་ཅན། བྱད་མ་སྲུང་འཁོར་ཅན་གསོད་པའི་གདམས་པ་སྔགས་ནུས་ཅན་ལ་ལྷག་པར་འགྲོ་གསུང་བའི་མཐའ་ཅན། རྨི་ལྟས་ངན་པ་བཟློག་པའི་ཟ་བ་རླུང་སྦྱོར་གྱི་གདམས་པ་སྙིང་དང་འདྲ་བ་ལ་སྦྱིན་གྱི་གཞན་ལ་མ་ཡིན་ནོའི་མཐའ་ཅན། དྲག་པོའི་སྦྱིན་སྲེག་ཚིགས་བཅད་༼མུ༽༼ཞ༽༼༽མ་གཞན་ཕན་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་མཐའ་ཅན། ལས་བཞིའི་བྲོ་བརྡུང་གི་ཡི་གེ་བཅོམ་ལྡན་དཔལ་ཆེན་མི་བསྐྱོད་མ་རྣམས་སོ། །གསུམ་པ་བར་སྐབས་ཀྱི་སྙན་བརྒྱུད་འཛིན་པའི་གསུང་སྒྲོས་ཀྱི་ཡི་གེ་ལ། ཟབ་པའི་གནད་ཀྱི་མན་ངག་གི་རྩ་བའི་བསྙེན་པའི་ཡི་གེའི་ཆོས་སྐྱོང་གི་ཟབ་༼སྡིངས༽གནད་ཐམས་ཅད་གཅིག་ཏུ་དྲིལ་ནས་བསྙེན་པའི་མན་ངག་སྦས་པའི་རྣལ་འབྱོར་བར་སྡིངས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་དུས་གཅིག་ལ་ཆིག་བརྒྱུད་གྲས།ལས་མགོན་ཟངས་གྲི་ཅན་གྱི་སྔགས་དང་བསྐྱེད་ཆོག་གི་ཡི་གེ་ཞབས་གཉིས་བརྐྱང་བསྐུམ་གྱིས་བཞུགས་པར་བསྐྱེད་དོ་གུ་ཧྱ་ས་མ་ཡ་ཁ་ཐམ་གྱི་མཐའ་ཅན། སྔགས་འཆང་ཀུན་དགའ་ཟླ་བས་མཛད་པའི་དབང་ཕྱུག་ཆེན་པོའི་སྲས་པོ་དྲག་པོ་ཆེན་པོའི་བསྙེན་སྒྲུབ་ལས་ལ་འཇུག་པ་དོན་གསུམ་མ་ཞེས་པ་ཐུན་མོང་མ་ཡིན་པའི་བསྙེན་པའི་ཡི་གེ་ཆིག་བརྒྱུད་མའི་གྲས།དེས་མཛད་པའི་བསྙེན་སྒྲུབ་ལས་གསུམ་གྱི་དུས་སུ་རྨི་ལམ་གཏན་ལ་དབབ་པའི་མན་ངག་རྟགས་ཡིག་ཏུ་གྲགས་པ། པུ་ཏྲའི་གཏོར་ཆོག་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་དཔལ་ཉན་པོའི་གཙུག་ལག་ཁང་དུ་མཛད་པ། གུར་ཞལ་རྣམ་གཉིས་ཀྱི་བླ་བརྒྱུད་བདག་ཆེན་རྡོ་རྗེ་འཆང་ཡན་གྱི་མཚན་བྱང་སྐད་གཉིས་སྦྱར་བ། ནག་པོ་ཆེན་པོ་འཁོར་དང་བཅས་པའི་སྤྱན་འདྲེན་སྔགས་བྱང་དང་བཅས་པ་དད་པ་དམ་ཚིག་མ་འབྱུག་རྫས་ཀྱི་ངོས་འཛིན་དང་བཅས་པ་རྗེ་བཙུན་གྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ། ཤཱ་ས་ནའི་སྔགས་དོན་༼ཨེ༽«་་་་་གསེར་པོད་ན་ཨི་དཾ་དུཥྚཱཾ་ཡན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་འགྲོལ་བར་མཛད། དེ་མན་ཞབས་ཏོག་ཏུ་བྲིས་ཟར་བ་འདུག »དཀྱུས་སུ་བཀྲལ་པ་གཅིག«་་་་་དཀར་ཆག་ན་གུར་ཞལ་ལས་མཁན་དང་བཅས་པའི་སྔགས་བྱང་ཟེར་བ་ལས་ངོར་པ་དང་ས་བཟང་པ་སོགས་ནང་གསེས་ཀྱི་དབྱེ་གསལ་མི་འདུག་་་་་»ཡང་ས་བཟང་མ་ཏིས་རྒྱ་དཔེ་བདུན་ལ་གཏུགས་ནས་མཆན་བུས་༼ཨེ༽༼མུ༽བཀྲལ་བ་གཅིག«་་་་་ལྷ་མོའི་སྔགས་ཀྱང་བཀྲལ་འདུག »དེས་ཤཱ་ས་༼ཨེ༽༼མུ༽ན་བོད་«་་་་་འདི་གླེགས་བམ་དུ་བཞུགས་ཀྱང་དཀར་ཆག་ཏུ་མི་གསལ།»སྐད་ཀྱི་ཚིགས་བཅད་དུ་བསྡེབས་པ་གཅིག གུར་ཞལ་ལས་མགོན་དང་བཅས་པའི་སྔགས་བྱང་རྒྱས་པ་མཆན་བུས་བཀྲོལ་བ།«་་་་་གོང་གསལ་གྱི་སྔགས་བྱང་གསུམ་པོ་དཔེ་ཚན་གཅིག་ཏུ་ཡོད། »མགོན་ཆེན་ལས་མགོན་དང་བཅས་པའི་འགྲོལ་མེད་པའི་སྔགས་བྱང་༼མུ༽བསྡུས་པར་གྲགས་པ་བླ་མ་དམ་པ་ངག་དབང་གྲགས་པའི་དཔལ་གྱིས་གོང་མའི་ཕྱག་དཔེ་ལ་གཏུགས་ཏེ་མཛད་པ། ཡང་སྔགས་བྱང་མཇུག་ན་ཀུན་ལ་ངག་འཛིན་བྱེད་པ་ཕྱག་ལེན་ཡིན་ཞེས་ཡོད་པའི་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཞུས་དག་མཛད་པ་ལྟར་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་དཔལ་གྱིས་ཀླུའི་དགོན་པར་བྲིས་པའི་ཕྱག་བྲིས་དངོས་ལས་བཤུས་པ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་དང་བསྟན་མ་བཅུ་གཉིས་ཀྱི་སྲོག་སྔགས་དང་བུམ་རྫས་ལྔ་ཚན་ལྔའི་ངོས་འཛིན་ཕན་ཡོན་དང་བཅས་པ་རྣམས་སོ། །བཞི་པ་བདག་ཆེན་རྡོ་རྗེ་འཆང་གི་གསུང་ལ། དེ་ཉིད་ཀྱིས་མཛད་པ་དངོས་དང་དེའི་གསུང་སྒྲོས་ཟིན་བྲིས་སུ་བྱས་པ་གཉིས། དང་པོ་ལ། འགོར་བླ་མ་དང་རྡོ་རྗེ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ནག་པོ་ཆེན་པོའི་མན་ངག་གི་ཐོ་བླ་མའི་ཞལ་ལས་བྱུང་བ་ཅུང་ཟད་བརྗོད་ན་ཞེས་ཡོད་པའི་སྒྲུབ་སྐོར་གྱི་ཁོག་ཕུབ་ཀྱི་ཡི་གེ་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་གི་མཐའ་ཅན། མེ་འབར་མའི་དཀར་ཆག་ཡིད་བཞིན་ནོར་བུའི་བང་མཛོད། མགོན་པོ་ལྷ་བརྒྱད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ཡིད་བཞིན་ནོར་བུ། དེང་སང་གསང་བའི་མགོན་ཁང་ལ་གསང་བ་ཡིད་བཞིན་ནོར་བུའི་མགོན་ཁང་ཞེས་པའང་སྒྲུབ་ཡིག་འདི་ལ་བརྟེན་ནས་ཐོགས་ཤིང༌། ཐོག་མར་སློབ་དཔོན་སངས་རྒྱས་དཔལ་བར་ཟིན་བྲིས་ཙམ་ཞིག་གནང་བ་ཁོང་གི་གྲོགས་དམ་པ་ཞིག་ནས་འཕེལ་བའི་ཕྱག་ཏུ་འབྱོར་བས་མན་ངག་ཤེས་པར་འདོད་ན་མེད་ཁ་མེད་ཅིག་བྱུང་འདུག་པར་དགོངས་ནས་ཆོས་ཀྱི་བུ་དང་རིགས་ཀྱི་ཚ་བོ་རྣམས་ཀྱི་དོན་དུ་ཞུས་དག་དང་མཇུག་གི་ཆགས་བཅད་སོགས་གནང་བ་ཡིན་ལ། དེ་ཡང༌།གངས་ཀྱི་ཆུ་དང་འོ་མ་འདྲེས་པ་དེ། །ངང་པའི་རྒྱལ་པོས་འབྱེད་ཤེས་གཞན་མིན་ལྟར། །མ་ནོར་གནད་ཀྱི་བཅུད་རྣམས་ལེན་ཤེས་པ། །ད་ལྟའི་དུས་ན་བདག་ལས་གཞན་སུ་ཞིག །དེ་ལྟའི་བློ་གྲོས་གང་གིས་མཐུས་བྱུང་བ། །མཁྱེན་བརྩེ་ནུས་མཐུ་མཆོག་གི་འབྱོར་པ་ཅན། །དཔལ་ལྡན་བླ་མ་ནམ་མཁའི་མཚན་ཅན་ཞབས། །འདྲེན་མཆོག་དེ་ཡི་དྲིན་ལས་རྙེད་པར་གྱུར། །ཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་སྙིང་ནང་གི་ཁྲག་ལྟ་བུ་སྙན་ནས་སྙན་ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་པ་རྣམས་ནི་ཡབ་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ཁོ་ན་ལས་གསན་ཞིང༌། དེ་ཡན་དུ་གདམས་པ་ཁ་འཐོར་ནས་ཤེས་རློམ་ཕལ་ཆེར་གྱིས་ཟིང་ཟིང་པོར་གྱུར་ནས་རྟོགས་དཀའ་བ་དག་བསྟན་པ་རིན་པོ་ཆེའི་ལྕགས་རིར་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་གནང་བ་ཡིན་པས། སྤྱིར་སྙན་བརྒྱུད་ཀྱི་གླེགས་བམ་ཡོངས་རྫོགས་བཀའ་དམ་པར་མ་ཟད། གསང་བ་ཡིད་བཞིན་ནོར་བུའི་ཡི་གེ་འདི་དུས་གཅིག་ལ་སྣོད་ལྡན་གྱི་སློབ་མ་གཅིག་ལ་ཆིག་བརྒྱུད་དུ་སྤེལ་བའི་ཕྱག་ལེན་ཉམས་པ་མེད་ཅིང༌། དེའི་རྒྱུ་མཚན་ཡང་ཇི་སྐད་དུ། མཐུ་ཆེན་དྲེགས་པའི་དབང་ཕྱུག་གདོང་བཞི་ལ། །གཉེར་དུ་གཏད་དོ་དམ་ཉམས་སྣོད་མིན་ལ། །སྤེལ་ན་དེ་ཡི་སྙིང་ཁྲག་གསོལ་བར་མཛོད། །བླ་མ་ལ་གུས་དམ་ཚིག་སྙིང་རྗེར་ལྡན། །བསྟན་ལ་སེམས་པའི་སྣོད་ལྡན་བྱུང་གྱུར་ན། །ཐོག་མར་དམ་བཏགས་ཆིག་བརྒྱུད་ཚུལ་དུ་སྦྱིན། །དེ་མཐར་བཀའ་རྒྱས་གདབ་པ་ཤིན་ཏུ་གཅེས། །ཞེས་གསུངས་པ་བརྒྱུད་འཛིན་མཐའ་དག་གིས་སྙིང་གི་དཔལ་བེའུར་བཅངས་ཤིང་འཆང་བར་འགྱུར་བ་ཤ་སྟག་གོ། །།འགོར་ན་མོ་གུ་ར་ཝེ། འདི་ལྟར་ཕྱི་ནང་གིས་བསྡུས་པའི་ད་ལྟར་གྱི་འཆར་སྒོ་རྟོག་རིགས་བག་ཆགས་དང་བཅས་པ་འདི་དག་ཅེས་ཡོད་པའི་ནང་སྒྲུབ་དང་གསང་སྒྲུབ་ཀྱི་གནད་ཀྱི་ཟིན་བྲིས་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་མཚོན་པའོའི་མཐའ་ཅན། ནང་གསང་གི་ཁྲིད་མ་ཐོབ་པར་ལུང་མི་མཛད་པ་ཕྱག་ལེན་ནོ། །མགོན་པོ་ཁྲོ་བཅུའི་སྲུང་འཁོར་ལ་ཉེ་བར་མཁོ་བའི་ཁྲོ་བཅུའི་མན་ངག་ཞལ་༼ཞ༽༼༽གདམས་དང་བཅས་པ་བྱ་འགྱུར་རྡོ་རྗེའི་ཕོ་བྲང་དུ་ཀུན་དགས་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་མཛད་པ་རྣམས་སོ། །གཉིས་པ་གསུང་སྒྲོས་ཟིན་བྲིས་ཀྱི་སྐོར་ལ། བཀའ་བབས་བཞིའི་རྣམ་གཞག སྐུ་གསུང་ཐུགས་ཕྱི་ནང་གསང་བའི་རྟེན་བཤམ་ཚུལ། བསྙེན་སྒྲུབ་ལས་སྦྱོར། གཏོར་མ་དང་མཆོད་པའི་རིམ་པ། དམ་པའི་ཤོག་དྲིལ་དྲུག་གི་ལག་ལེན་རྣམས་གསལ་བར་སྟོན་པའི་ཟིན་བྲིས་ཆེན་༼ཞ༽མོར་གྲགས་པ། མཇུག་ན་ཇི་སྐད་དུ། འདི་ལས་ཕུན་ཚོགས་དགེ་བ་གང་ཐོབ་དེས། །བློ་གྲོས་ཁང་བཟང་སྙན་བརྒྱུད་ནོར་གྱིས་གཏམས། །རྒྱལ་མཚན་འཕྱར་བས་གཟི་བརྗིད་ཁམས་གསུམ་འགེངས། །དཔལ་འབྱོར་བཟང་པོས་དབུལ་ཕོངས་ཞི་བར་ཤོག །ཅེས་པའི་མཐའ་ཅན། འདི་ཡང་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང༌། ཡང་མགོན་མཁན་ཆེན་དཔལ་ལྡན་བཀྲ་ཤིས་པས་ཟིན་བྲིས་སུ་བཏབ་པའི་སྐོར་ལ། འགོར་ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དམ་ཅན་སྲུང་མའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཅེས་ཡོད་པའི་རྒྱུད་སྡེ་བཞིའི་དབྱེ་བ། བརྒྱུད་ནས་ཆོས་སྐྱོང་བསྟེན་ཚུལ། བརྒྱུད་པའི་ལོ་རྒྱུས། རྐྱང་སྒྲུབ་སྦགས་སྒྲུབ། ཕྱི་རྟེན་ཕྱི་རུ་བཅའ་བ། ནང་རྟེན་ནང་དུ་བཅའ་བ་བསྙེན་སྒྲུབ་ལས་སྦྱོར། གསང་རྟེན་གསང་བར་བཅའ་བ་འཁུ་ལྡོག་སྤོང་བ། ཕྱི་སྒྲུབ་ཤོག་དྲིལ་དྲུག་གི་ལག་ལེན་སོགས་སྟོན་པའི་ཟིན་བྲིས་རྒྱས་པ་གཞན་གྱི་རྐྱེན་བཟློག་ཏུ་སོང་བའི་ཉེན་ཡོད། ས་སྐྱ་པའི་ཐུན་མོང་མ་ཡིན་པའི་མན་ངག་གོའི་མཐའ་ཅན།དུས་གཅིག་ལ་ཆིག་བརྒྱུད་མའི་གྲས། འགོར་ས་སྐྱ་པའི་མགོན་པོའི་རུ་མཚོན་བཅའ་ཐབས་ལ་ཞེས་ཡོད་པའི་ཐུན་མོང་མ་ཡིན་པའི་རུ་མཚོན་གྱི་ཟིན་བྲིས་བསྟོད་པ་བྱེད་ཚུལ་རྣམས་གཞན་དང་འདྲའོའི་མཐའ་ཅན། མགོན་པོའི་གཏོར་ཆེན་བྱེད་ཚུལ་ལ་རྣལ་འབྱོར་པ་ཁ་ལྷོ་ལ་བལྟས་པའི་མདུན་དུ་ཞེས་ཡོད་པའི་གཏོར་ཆེན་གྱི་ཟིན་བྲིས་རྐང་རྗེས་རྣམས་རྡོ་རྗེ་རྒྱ་གྲམ་དུ་བསམ་མོའི་མཐའ་ཅན། འགོར་མདོས་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལ། དང་པོ་ནི་ཞེས་གཉིས་སོགས་ཡོད་པའི་མདོས་ཀྱི་ཟིན་བྲིས་མཁའ་འགྲོ་རྣམས་ཀྱི་འཁུ་ལྡོག་མི་འབྱུང་ཞིང་བཟོད་པར་གསོལ་གྱི་མཐའ་ཅན། དེའི་ཆ་ལག་མདོས་བྱིན་གྱིས་བརླབ་པ་«་་་་་འདི་དཀར་ཆག་ན་མི་གསལ་ཡང་གོང་གི་འཕྲོས་ཡིན་ནམ་སྙམ། »བདག་གི་བསམ་པའི་སྟོབས་དང་ནི་ཞེས་སོགས་བརྗོད་དོའི་མཐའ་ཅན། ཡང་མགོན་མཁན་ཆེན་པའི་ཟིན་བྲིས་འདི་རྣམས་ངོ་མཚར་བའི་ལེགས་བཤད་དང་ནོར་འཁྲུལ་ཅུང་ཟད་ཀྱང་ཡོད་ཅེས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གསུངས་པས་སླད་མར་ཡང་ཡི་གེ་མན་ངག་གཞན་དག་དང་བསྟུན་པའི་དཔྱད་དགོས་པར་སྣང་ངོ༌། །ལྔ་པ་རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པའི་ཡི་གེ་ལ། ནག་པོ་ཆེན་པོའི་འཁུ་ལྡོག་སྤང་བ། བཟླས་པ་སྤྱིའི་སྔོན་དུ་འགྲོ་བ་བརྒྱད་དང་སོ་སོའི་ཁྱད་པར་གསུམ་བསྟན་པའི་ཐུན་མོང་མ་ཡིན་པའི་བསྙེན་པ། སྲོག་ཕུར་གྱི་མན་ངག་རྣམས་བདག་ཆེན་རྡོ་རྗེ་འཆང་གིས་ཡིག་རིས་སོ་སོར་བཀོད་པ་སློབ་མའི་དོན་དུ་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་མི་དགག་པའི་མཚན་མ་བྱུང་བར་བརྟེན། བཅོས་བསླད་མེད་པར་གཅིག་ཏུ་བསྡོམས་ནས་ཁའུ་སྐྱེད་ལྷས་ནས་མགོ་བརྩམས་དཔལ་ཨེ་ཝཾ་ཆོས་ལྡན་དུ་རྫོགས་པར་གྲུབ་པའི་ཡི་གེ་མཇུག་ཏུ། འཕགས་པ། དམ་པ་ཀུན་དགའ་གྲགས། བཛྲ་ཤྲཱི་མངྒ་ལ་སིདྡྷི།བར་སྡིངས་པ། འཇམ་དབྱངས་ཆོས་རྗེ་རྣམས་ལས་རིམ་པར་བརྒྱུད་པ་བདག་ཆེན་རྡོ་རྗེ་འཆང་གིས་བཀའ་རྒྱས་བཏབ་ནས་གནང་ཚུལ་བཅས་ཡོད་པ་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བ། མངའ་རིས་པ་དགེ་སློང་ཆོས་སྐྱོང་གྲགས་དང་དམར་ཁམས་པ་གྲགས་པ་དཀོན་མཆོག་སེངྒེས་ལོ་དྲུག་བདུན་གྱི་བར་དུ་བསྐུལ་བ་ལ་བརྟེན་ནས་ཆོས་སྐྱོང་ལ་གསོལ་བ་བཏབ་པས་མི་དགག་པའི་གནང་༼ཞ༽༼ཁྲ༽བ་བྱུང་བར་བརྟེན་ལྕགས་བྱ་སྣྲོན་ཟླ་བའི་ཉེར་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་དུ་མཛད་པའི་ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་མན་ངག་གི་ཡི་གེ་དུས་གཅིག་ལ་ཆིག་བརྒྱུད་མའི་གྲས། དེའི་མཇུག་ཏུ་ལྷ་དབྱེའི་ངག་འདོན་གྱི་རིམ་པ།«་་་་་འདི་དཀར་ཆག་ན་མི་གསལ་བ་གོང་གི་འཕྲོས་སུ་གཏོགས་སམ་སྙམ། »ནག་པོ་ཆེན་པོའི་ནང་སྒྲུབ་ཐུན་མོང་མ་ཡིན་པའི་གསང་སྒྲུབ་ཀྱི་ཁྲིད་ཡིག་༼འ༽རབ་འབྱམས་པ་བློ་གྲོས་རབ་གསལ་གྱིས་བསྐུལ་བ་ལ་བརྟེན། དཔལ་མགོན་པོར་གསོལ་བ་བཏབ་པས་གནང་བའི་སྐབས་ཐོབ་ནས་ཁའུ་བྲག་རྫོང་དུ་མཛད་པ། སྲུང་འཁོར་རྡོ་རྗེ་བྲག་རྫོང་གི་ཉམས་ལེན་གྱི་ཡི་གེ་རྒྱས་པ་ཚར་ཆེན་གྱིས་ཡུན་རིང་ནས་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་ནག་པོ་ཆེན་པོས་གནང་བའི་སྐབས་ཐོབ་སྟེ་ཁའུ་བྲག་རྫོང་གི་གནས་མཆོག་ཏུ་སྦྱར་བ། འགོར་ན་མོ་གུ་ར་ཝེ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་བྲག་རྫོང་གི་ནང་གི་ཉམས་ལེན་ཞེས་ཡོད་པའི་དྲག་པོ་སྔགས་རྒོད་ཀྱི་མན་ངག་གསུང་གི་བདུད་རྩི་ཨི་ཐིའི་མཐའ་ཅན། འགོར་བླ་མ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །བསྒོམ་པའི་མན་ངག་ལ་གསུམ་གྱི་དང་པོ་ཞེས་ཡོད་པའི་ནང་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་གསང་བའི་བྲག་རྫོང་མའི་ཡི་གེ་སྣོད་དང་ལྡན་པ་ལ་སྦྱིན་གྱི་གཞན་ལ་ནི་མ་ཡིན་ནོའི་མཐའ་ཅན། ཕྱི་ནང་གི་ཁྲིད་ཡིག་འདི་རྣམས་ཉམས་ཁྲིད་མ་ཐོབ་པར་གནང་སྲོལ་མི་འདུག་གོ །སེར་བ་སྲུང་བའི་ཡི་གེ་འཇུག་ཏུ། འདི་འདྲའི་མན་ངག་གདམས་པས་ནི། །སེར་བ་ཐུབ་པ་ཐེ་ཚོམ་མེད། །རང་གི་སློབ་མས་བསྐུལ་ནས་ནི། །སྙན་བརྒྱུད་གདམས་པ་བྲིས་པ་ལ། །བླ་མ་མཁའ་འགྲོས་བཟོད་པར་མཛོད། །ཅེས་སོགས་ཀྱི་ཚིགས་བཅད་ཡོད་པ། སྔགས་པ་ནང་རྒྱས་ཀྱི་མན་ངག་ཤིན་ཏུ་གསང་ཞིང་སྦ་བར་བྱ་ཞེས་པའི་མཐའ་ཅན་དུས་གཅིག་ཏུ་ཆིག་བརྒྱུད་ཀྱི་གྲས། ལས་མགོན་བྲན་བདུད་གཤིན་རྗེ་ནག་པོའི་གཏོར་ཆོག་ཚར་ཆེན་གྱིས་བསྐུལ་བ་ལ་བརྟེན་ནས་ཁའུ་བྲག་རྫོང་དུ་མཛད་པ་རྣམས་སོ། །དྲུག་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཡི་གེ་ལ། མེ་འབར་མའི་དཀར་ཆག་སྙིང་པོ་གནད་ཀྱི་སྒྲོན་མེ་ཚིགས་བཅད་མ། མགོན་པོའི་མན་ངག་ཟབ་བསྡུས་ཁ་སྐོང་རྣམས་ཀྱི་དཀར་ཆག་ཟབ་དོན་གསལ་བའི་སྒྲོན་མེ། སྙན་བརྒྱུད་ཞལ་ཤེས་ཡི་གེར་བཀོད་པའི་དཀར་ཆག་གསང་ཆེན་གནད་ཀྱི་ཟ་མ་ཏོག གྱི་ལྗང་ལུགས་ཀྱི་ཁོག་ཕུབ་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག འདོད་ཁམས་དབང་ཕྱུག་དུད་སོལ་མའི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ལྷ་དང་ཆོས་སྐོར་བྱུང་ཚུལ་གྱི་ལོ་རྒྱུས་མན་ངག་གི་ཁོག་ཕུབ་སྙན་བརྒྱུད་རིན་པོ་ཆེའི་ལྡེ་མིག འགོར་ན་མཿཤྲཱི་གུ་རུ་བཛྲ་མ་ཧཱ་ཀཱ་ལ་ཡ། གུར་གྱི་མགོན་པོ་ཁྲོ་བཅུའི་ཞེས་ཡོད་༼ཞ༽པའི་མགོན་པོ་ཁྲོ་བཅུའི་རྗེས་གནང་གི་ཡི་གེ་བཀྲ་ཤིས་སེངྒེ་དེས་བདག་བློ་གསལ་ལའོའི་མཐའ་ཅན། ལས་མགོན་ཟངས་གྲི་ཅན་རྣམ་གཉིས་ཀྱི་རྗེས་གནང་གི་ཡི་གེ་ཆོས་རྗེ་ཚུལ་ཁྲིམས་པ་དེས་བདག་ལའོའི་མཐའ་ཅན། དཔལ་ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམས་ལ་གཏོར་མ་འབུལ་བའི་ཆོ་ག་སྙན་བརྒྱུད་ཟབ་མོའི་མན་ངག་གིས་རྣམ་པར་བརྒྱན་པའི་ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ། འགོར་བླ་མ་མཆོག་དང་དཔལ་ཧེ་རུ་ཀ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞེས་ཡོད་པའི་མགོན་པོ་ལྕམ་དྲལ་གྱི་གཏོར་ཆོག་མི་དབང་གཞོན་ནུའི་གསུང་གིས་བསྐུལ་བའི་ངོར་གཙང་སྟོད་ཞྭ་ལུའི་ཆོས་གྲྭར་སྦྱར་བ། འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞེས་ཡོད་པའི་ལྕམ་དྲལ་གྱི་གཏོར་ཆོག་ཤིན་ཏུ་བསྡུས་པ། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ་སོགས་བརྗོད་ཀྱི་མཐའ་ཅན། འགོར་ན་མཿཤྲཱི་མ་ཧཱ་ཀཱ་ལཱ་ཡ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པ་ཞེས་ཡོད་པའི་གུར་མགོན་དཀར་པོའི་ཚེ་སྒྲུབ་ཀྱི་ཡི་གེ་དགྱེས་པས་བསྐྱང་དུ་གསོལ་གྱི་མཐའ་ཅན། མགོན་པོའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བླ་མ་མཆོད་པའི་ཆོ་ག་༼ཞ༽དངོས་གྲུབ་རིན་ཆེན་བང་མཛོད། བརྒྱུད་འདེབས་རྣམ་ཀུན་མཆོག་ལྡན་མ། སྲུང་འཁོར་༼འ༽གསང་ཁྲིད་«་་་་་ལྗགས་ལུང་དངོས་གཞིའི་སྐབས་གསང་ཁྲིད་མན་གྱི་དཔེ་མ་འབྱོར། »དང་བཅས་པ་རྒྱུན་དུ་ཉམས་སུ་ལེན་ཚུལ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་སྙན་བརྒྱུད་ཡིད་བཞིན་ནོར་བུ་རྡོ་རྗེའི་མཆེད་ཟླ་ཨརྠ་སིདྡྷི་ཤྲཱི་མཾ་གྱི་ཉམས་ལེན་དུ་ཞོ་ལུང་མཚོ་ཁའི་རི་ཁྲོད་དུ་མཛད་པ། དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་སྦགས་ཏེ་བསྒྲུབ་པའི་སྲུང་འཁོར་མདུན་ཁང་འཕགས་པའི་ཡི་གེའི་གསལ་༼ཞ༽བྱེད་རྗེ་བླ་མ་མ་ཧཱ་ཀཱ་ལའི་གསུང་གི་བདུད་རྩི་མྱངས་ཏེ་ཐོ་ཙམ་བཀོད་པ། འདིའི་ཉམས་ལེན་ཡོད་ན་ནད་ཡམས་སོགས་ཡུལ་ཕྱོགས་ཙམ་དུ་ཡང་མི་འབྱུང་ཞེས་རྒྭ་ཨཱ་ནན་དམ་པས་ཆེ་བ་དཔག་ཏུ་མེད་པ་མཛད་པས་ཟབ་གནད་མའོ། །འགོར་གུ་རུ་བཛྲ་ནྷ་ར་ན་མོ། གསང་སྒྲུབ་ཀྱི་སྐབས་སུ་རྗེ་བླ་མའི་གསུང་ནས་ཞེས་ཡོད་པའི་གསང་སྒྲུབ་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གསུང་སྒྲོས་སྙིང་གི་དཀྱིལ་ལས་གཞན་དུ་མ་ཡིན་ནོའི་མཐའ་ཅན་ཆིག་བརྒྱུད་ཀྱི་གྲས། རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་དཀྱིལ་འཁོར་ཆེན་པོ་བསྡུས་པའི་རྟོག་པ་ལས་ནང་སྒྲུབ་དང་གསང་སྒྲུབ་བསྟན་ཚུལ་ཕ་རྒོད་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མའི་གསུང་ཇི་ལྟ་བ་བཞིན་དེ་མ་ཐག་ཏུ་ཟིན་བྲིས་བགྱིས་པ། གསང་རྟེན་བླ་རྡོ་བཅང་ཐབས། འདིའི་སྦྱར་བྱང་དུ། དམ་ཅན་འཁུ་ལྡོག་སྤོང་བའི་གདམས་པའི་བཅུད། །རྩ་བརྒྱུད་བླ་མས་ཅུང་ཟད་ཡིག་རིས་སུ། །མཛད་ཀྱང་ནམ་མཁའི་མཛུབ་རིས་ཇི་བཞིན་དུ། །སྙན་བརྒྱུད་ཞལ་ཤེས་བྲལ་བས་རྟོགས་མི་ནུས། །འདིར་ནི་མ་སྦས་ལག་ལེན་ལྷུག་པར་བྲིས། །བཀའ་དྲིན་དྲན་ནོ་རྗེ་བཙུན་ཁའུ་པ། །གསང་ཆེན་བསྟན་པ་གཏད་དོ་སྙིང་གི་བུ། །ཞེས་མདོ་ཁམས་རྡོ་རྗེ་བཀྲ་ཤིས་ལ་གནང་བ་ཡིན་པས་བཀའ་རྒྱ་ཤིན་ཏུ་དམ་པར་འདུག་ཅིང་ཆིག་བརྒྱུད་ཀྱི་གྲས་ཀྱང་ཡིན། ནང་སྒྲུབ་ཀྱི་འཁོར་ལོ་ལྔའི་ལས་སྦྱོར་ཐུན་མོང་མ་ཡིན་པ་སྤུ་གྲི་སོ་འདེབས་ཀྱི་གདམས་པ་རྗེ་བཙུན་རྡོ་རིང་པ་ཆེན་པོའི་ཕྱག་བྲིས་དངོས་ཟིན་བྲིས་ཐོར་བུ་འཁྲུགས་ཅན་དུ་བཞུགས་པ་ལས་བཀའི་གནང་བ་ཞུས་ཏེ་དཀྱུས་སུ་བྲིས་པ་ཆིག་བརྒྱུད་མའི་གྲས། འགོར་ན་མོ་བཛྲ་ཨཱ་ཙཱརྻ། དམ་ཅན་རྒྱ་མཚོའི་ཡུམ་ཆེན་མ། །ཞེས་ཡོད་པའི་ཨེ་ཀ་ཛ་ཊཱི་ལ་བརྟེན་ནས་རིམས་ནད་བསྲུང་བའི་གདམས་པ་རྗེ་བཙུན་རྡོ་རིང་པའི་གསུང་གི་ཉིང་ཁུ་ས་མཱཔྟ་མི་ཐིའི་མཐའ་ཅན། ནག་པོ་ཆེན་པོ་ལ་ཀླུ་བརྒྱད་ཀྱིས་བསྐོར་བའི་སྒོ་ནས་ཆར་འབེབས་པའི་ཡི་གེ་ཞག་གསུམ་ཚུན་ལ་འབབ་པར་འགྱུར་རོའི་མཐའ་ཅན། འགོར་ན་མོ་གུ་རུ། བླ་མ་དང་མ་ཧཱ་ཀཱ་ལའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་མགོན་པོ་དབྱེར་མེད་དུ་བསྲེ་བ་ཞེས་ཡོད་པའི་ཆོས་སྐྱོང་གི་སྙིང་ཆུ་བསྲེ་བའི་ཞལ་ཤེས་ཀྱི་ཡི་གེ་མཁས་གྲུབ་རིན་པོ་ཆེའི་གསུང་བརྗེད་བྱང་དུ་བཀོད་པའོའི་མཐའ་ཅན། སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཟབ་གནད་ཀྱི་བསྡུས་དོན་ནམ་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་ས་བཅད་མཐོང་སྨིན་དགེ་ལེགས་ཀུན་འབྱུང་དུ་གྲགས་པ། བྲག་རྫོང་མའི་མདེ་ཁ་གདགས་པའི་མན་ངག་ཕྱི་རོལ་རྫས་ཀྱི་སྦྱོར་བའི་མན་ངག་ཞལ་ཤེས་མལ་ཕུར་གྱི་ཡི་གེ དབོན་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་ནས་མཛད་པ་བཀའ་རྒྱ་དམ་པའི་གྲས། འགོར་ཨོཾ་སྭ་སྟི།དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཡིག་ཆུང་ལས་ཞེས་ཡོད་པའི་གཏོར་མ་ལ་བརྟེན་ནས་དགྲ་བགེགས་རང་གཤེད་རང་ལ་དབབ་པའི་མན་ངག་གི་ཡི་གེ་ལྟ་བའི་ངང་དུ་བཞག རྗེས་སྤྱི་ལྟར་བྱའོའི་མཐའ་ཅན། སེར་བ་སྲུང་འབེབས་ཀྱི་མན་ངག་དུག་གི་རླུང་ཆེན་ནག་པོ་ཞར་འབྱུང་ཐོག་སྲུང་ཤྭ་བཟློག་དང་བཅས་པ་དཔལ་བྲག་མིག་ཆོས་རྫོང་གི་ཡང་དབེན་དུ་མཛད་པ། དམ་ཅན་སྲུང་མ་རྣམས་ལ་ཕྱི་རྟེན་འཛུགས་པའི་ལག་ལེན་གྱི་ཡི་གེ་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་གཙང་རོང་མཚོ་ལའི་མགུལ་གྱི་རི་ཁྲོད་བསམ་གཏན་རྩེར་སྦྱར་བ། གནས་དེ་ཉིད་དུ་མཛད་པའི་དམ་ཅན་སྲུང་མ་རྣམས་ཀྱི་ཐུན་མོང་གི་རུ་མཚོན་འཛུགས་པའི་ཡི་གེ ཟབ་གནད་འདི་དག་ལ་བརྟེན་ནས་ཆོས་སྲུང་རྣམས་མཚོ་ལ་ངང་པ་དང་ཤ་རུལ་ལ་སྦྲང་མ་ལྟར་འདུས་པས་ཁའུ་སྐྱེད་ལྷས། རྩེས་ཐང་བསམ་གཏན་གླིང༌། ཕན་ཡུལ་དཔལ་ལྡན་རྩེ་སོགས་སྲུང་མ་རང་བཞིན་གྱིས་འདུ་བའི་གནས་ཡིན་ཞེས་པའང་གནད་འགག་ཟབ་མོ་ལ་བརྟེན་པ་ཡིན་གྱིས། སྣང་ཤས་དབང་གིས་ཁང་པའི་ཡང་ཐོག་རྩེར། །རྔ་ཐུག་འཛུགས་པའི་སྐྱེ་བོ་མང་ན་ཡང༌། །བརྒྱུད་པའི་མན་ངག་ལག་ལེན་དང་ལྡན་པ། །འདི་འདྲ་ཤེས་པའི་སྔགས་འཆང་ཉིན་སྐར་ཙམ། །ཞེས་གསུངས་པ་དོན་ལ་གནས་པས་ཟབ་གནད་མི་ཤེས་པའི་ལྡེར་བཟོ་གོག་པོ་ཙམ་ལ་ཡིད་གཏོད་པར་མི་བྱའོ། །ནག་པོ་ཆེན་པོའི་དམར་ཆེན་གཏོར་བཟློག་གི་ཆོ་ག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ། འདི་ནི་མགོན་པོ་ལ་བརྟེན་པའི་གཏོར་བཟློག་གི་ཆོ་ག་འཁྲུལ་པ་མེད་པ་ཡིན་ལ། དེང་སང་དམར་ནག་འཇིགས་གསུམ་གྱི་ཚབ་ལ་མགོན་པོ་དང་ལས་གཤིན་གྱི་ཚབ་ཏུ་པུ་ཏྲས་བྱས་པའི་མགོན་པོ་དྲུག་ཅུ་པར་གྲགས་པ་སོགས་ནི་ཟུར་ཟ་བའི་ཡུལ་དུ་བྱེད་པའང་ཡོད་དོ། །བསྟོད་བསྐུལ་འོག་མིན་བདེ་ཆེན་མ། དམ་ཅན་པུ་ཏྲའི་བསྐང་གསོ་ཕྲིན་ལས་ལྷུན་གྲུབ། དེའི་བསྐང་རྫས་བྱིན་རླབས་རླུང་ལྟར་འཚུབ་སྟེ་བྱོན་པར་གྱུར། བཛྲ་ས་མཱ་ཛའི་མཐའ་ཅན། ཆོས་སྐྱོང་གི་དྲི་བ་ལྷག་བསམ་རབ་དཀར་རྣམས་སོ། །བདུན་པ་དཀར་ཆག་ཏུ་མི་བཞུགས་པའི་ཡིག་ཆའི་སྐོར་ལ། མཐུ་ཆེན་ཨཱ་ནན་དམ་པས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ།རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པ།ཁྱབ་བདག་མཁན་ཆེན་ཞྭ་ལུ་པས་མཛད་པ། ཁའུ་བྲག་རྫོང་པའི་ཕྱག་ལེན་དུ་མཛད་པའི་བསྟོད་འབུམ་དང་བཅུ་གཉིས། དང་པོ་ནི། ནང་སྒྲུབ་ལ་བརྟེན་པའི་བསྙེན་པ། མི་འཁུ་མི་ལྡོག་སྲོག་ཏིག་བླང་བའི་གནད་འཇམ་པར་བསྒྲུབ་པ། ལས་སྦྱོར། མྱུར་བའི་གནད། གཏོར་མའི་མན་ངག་དང་བཅས་པ། མ་ཧཱ་ཀཱ་ལའི་སྤུ་གྲི་སོ་འདེབས་ཀྱི་མན་ངག་ཤིན་ཏུ་རྣོ་མྱུར་དུ་བསྒྲུབ་པར་གྲགས་པ། དུས་གཅིག་ཏུ་ཆིག་བརྒྱུད་ཀྱི་གྲས། གཉིས་པ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། མཁའ་འགྲོ་འཁུ་ལྡོག་སྤོང་བར་༼ཞ༽རྒྱུ་རྟགས་ཉེས་དམིགས། མི་ལྡོག་པའི་མན་ངག་གི་ཕྱི་རོལ་ལྷ་སོགས་གནད་དྲུག«་་་་་འདི་གཉིས་གཞན་དུ་ཞལ་འཕངས།་་་་་»ནང་སྔགས་སོགས་གནད་དྲུག་གི་མན་ངག གསང་བ་ཡང་ཏིག་སེམས་ཀྱི་གནད་ལྔ་ལ་བརྟེན་ནས་བྲན་བཞིན་བཀོལ་བའི་ཟབ་པའི་གནད་ཀྱི་མན་ངག་སྤོགས་ཆོག«་་་་་འདི་གཞན་དུ་ཁ་འཕངས། »དང་བཅས་པ་སྙིང་ནང་གི་ཁྲག་ལྟ་བུ་གཞན་ལ་ཕན་པའི་བློས་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་བཏབ་སྟེ་མདོ་སྨད་གཉན་ཚེའི་སའི་ཆར་སྦྱར་བ། མཇུག་ན། བླ་མ་ལ་གུས་སྙིང་རྗེར་ལྡན། །བསྟན་ལ་སེམས་པའི་བུ་ཡི་མཆོག །སྙིང་དང་འདྲ་བ་ཅིག་ལ་སྦྱིན། །གཞན་ལ་མང་དུ་སྤེལ་གྱུར་ན། །ལས་མཁན་པུ་ཏྲ་འཁོར་བཅས་ཀྱིས། །མགོ་ཆོད་སྙིང་ཁྲག་ཞལ་དུ་གསོལ། །ཞེས་བཀའ་རྒྱ་དམ་པར་སྣང་ངོ༌། །འཁུ་ལྡོག་སྤོང་བའི་ས་བཅད་བཞི་པའི་ཞལ་འཕངས་པ་སྤོགས་ཆོག་གི་གསལ་བྱེད་སྲོག་ཕུར་གྱིས་གནད་དུ་བསྡིགས་པས་ལས་མྱུར་དུ་འགྲུབ་པ་སྙིང་ནང་གི་ཁྲག་ལྟ་བུའི་ཡི་གེ་རང་གི་དྲན་པ་གསོ་ཕྱིར་བྲིས་པ།«་་་་་རྗེ་བཙུན་རྡོ་རིང་པས་མཛད་པའི་ཡིག་ཆ་འདི་རྣམས་འཁྲུགས་སྡེབས་སུ་གོང་དུའང་བཞུགས། »འགོར་ན་མོ་གུ་རུ། མགོན་པོའི་གཏོར་ཆེན་བྱ་བར་འདོད་པས་རྣལ་འབྱོར་པ་ཁ་ལྷོར་བལྟས་ཞེས་ཡོད་པའི་མགོན་པོ་ལྷ་བརྒྱད་༼ཞ༽ཀྱི་གཏོར་བཟློག་གི་ཕྱག་ལེན་དབེན་གནས་ཁའུ་བྲག་རྫོང་དུ་སྦྱར་བ་རྣམས། བཟླས་པ་སྤྱིའི་སྔོན་འགྲོ་བརྒྱད། སོ་སོའི་ཁྱད་པར་བསྟན་པ་གསུམ་གྱི་ཞལ་ཤེས་སྐལ་བར་༼ཞ༽ལྡན་པ་རྣམས་ཀྱི་དོན་དུ་ལེགས་པར་སྦྱར་བ། མཇུག་ན། སྙིང་དང་འདྲ་བའི་མན་ངག་དམ་པ་འདི། །ཀུན་ལ་མི་སྦྱིན་གསང་བའི་བཀའ་རྒྱ་ཡོད། །སྣོད་ལྡན་དག་ལ་ཆིག་བརྒྱུད་ཚུལ་དུ་སྦྱིན། །གཞན་ལ་རྒྱ་ཆེར་མང་དུ་སྤེལ་གྱུར་ན། །ལས་ཀྱི་མགོན་པོས་ཟངས་གྲི་རྣོན་པོ་ཡིས། །དེ་ཡི་མགོ་ཆོད་ཡན་ལག་རྒྱན་དུ་གྱིས། །མན་ངག་རིན་ཆེན་སྙིང་གི་དཀྱིལ་དུ་ཆོངས། །ཞེས་སྣང་ངོ༌། །ཆོས་ཚན་བཞི་པོ་དུས་གཅིག་ལ་ཆིག་བརྒྱུད་དུ་གནང་བའི་བཀའ་རྒྱ་ཅན་ཡིན་ཅིང༌། ལས་སྦྱོར་གྱི་སྔོན་འགྲོ་ཞེས་པ་ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་མན་ངག་ལུང་ཡང་སྣང་ངོའི་མཐའ་ཅན། རིག་སྔགས་གོ་ལྡོག་ཡིག་ཆུང༌། ནག་པོ་ཆེན་པོའི་སྒོ་ནས་ཕྲིན་ལས་གང་སྒྲུབ་ཀྱང་གཏོར་མ་བཅའ་ཤེས་དགོས་སོགས་ཞི་རྒྱས་དབང་དྲག་གི་གཏོར་མའི་རྣམ་༼ཞ༽གཞག་བཟོད་པར་གསོལ་བའི་མཐའ་ཅན། ལྕམ་དྲལ་གྱི་གཏོར་མ་༼ཞ༽བཤམ་ཐབས་དོན་གསུམ་པ་དམ་པ་ཀུན་དགའ་གྲགས་ལས་བརྒྱུད་པ་མན་ངག་ཨི་ཐིའི་མཐའ་ཅན། གསུམ་པ་རྗེ་བཙུན་རྡོ་རིང་པས་མཛད་པ་ནི། སྤྱི་དོན་གསུམ་པ་དགྲ་བོ་རང་གཤེད་རང་ལ་དབབ་པའི་ཞལ་ཤེས་གཏོར་མ་༼ཞ༽འཕངས་ན་དེ་ནི་རང་གཤེད་རང་གིས་བྱེད་ངེས་སོའི་མཐའ་ཅན། བཞི་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་དང་གསུང་རྒྱུན་ཟིན་བྲིས་ལ། ནག་པོ་ཆེན་པོའི་ཆོས་སྐོར་གྱི་ཁོག་ཕུབ་མན་ངག་གི་རྣམ་པར་བཤད་༼ཞ༽པ་ཟབ་དོན་སྙན་བརྒྱུད་ཀྱི་རོལ་མཚོ་ལེགས་བཤད་ཀྱི་རྦ་རླབས་རྣམ་པར་གཡོ་བ་མཆོད་པ་བཤམ་པ་མན་འཕྲོར་ལུས་པ། ཁྲོ་བཅུའི་རྗེས་གནང་གི་སྐབས་ཉེ་བར་མཁོ་བའི་སྐུ་གསུང་ཐུགས་མི་འགྱུར་བའི་མན་ངག་རཀྵ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ་ཕཊ་སྭཱ་ཧཱའི་མཐའ་ཅན། རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་བཀའ་གཏད་ཀྱི་ཡི་གེ་སྙན་བརྒྱུད་སྦས་དོན་གསལ་བ་ནག་པོ་འགྲོ་ཤེས་སུ་བཀོད་པ། འགོར་ན་མོ་བཛྲ་དྷ་རཱ་ཡ། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ལ་ཞེས་ཡོད་པའི་མགོན་པོ་ལྷ་༼ཕ༽བརྒྱད་ཀྱི་སྲུང་འཁོར་གྱི་ཡི་གེ་སྙན་བརྒྱུད་རྡོ་རྗེའི་གོ་ཁྲབ་ས་མཱཔྟ་མི་ཐིའི་མཐའ་ཅན། འགོར་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་བའི་འཁོར་ལོའི་ཞལ་ཤེས་ནི་ཞེས་ཡོད་པའི་བྲག་རྫོང་མའི་སྲུང་འཁོར་ཐུན་མོང་མ་ཡིན་པའི་ཞལ་ཤེས་ཟིན་བྲིས་རྡོ་རྗེའི་གོ་ཁྲབ་ཁྱད་པར་གྱི་མན་ངག་མདེ་ཁ་གདགས་པ་དང་བཅས་པ་བཀྲ་ཤིས་བདེ་བས་ཁྱབ་པ་དེང་འདིར་སྩོལ་གྱི་མཐའ་ཅན་ཆིག་བརྒྱུད་མའི་གྲས། ནང་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ལས་སྦྱོར་གྱི་ནང་ཚན་སྙིང་ག་ཆོས་ཀྱི་འཁོར་ལོའི་ལས་སྦྱོར་རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་མཚོན་ཆ་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ལ་གནང་བ། འདིའི་མཇུག་ཏུ། སྙན་བརྒྱུད་ཉིང་ཁུ་ཡིན་གྱི་བསླུས་པ་མེད། །སྙིང་དཀྱིལ་སྦོས་ལ་བསྙེན་སྒྲུབ་ཚད་དུ་སྐྱོལ། །ཁས་ཞན་སྐྱབས་དང་བྲལ་བའི་དུས་བྱུང་ན། །མཚོན་འདི་ཕྱུང་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། །དེ་མིན་ཉེས་ཆུང་ཙམ་ལ་མི་རྩོམ་ཞིང༌། །ཞེས་གསུངས་པས་བག་དང་ལྡན་པ་གནད་དུ་ཆེ་ཞིང་ཆིག་བརྒྱུད་མའི་གྲས་སོ། །རྡོ་རྗེའི་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མཉེས་བྱེད་གཏོར་སྒྲུབ་བསྐང་གསོའི་ཕྱག་ལེན་གྱི་གསལ་བྱེད་ལྷན་ཐབས་དངོས་གྲུབ་རོལ་མཚོ་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་ལེན་འཁྲུལ་མེད་དུ་བཀོད་པ། དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་གཏོར་མ་གསུམ་གྱི་རྣམ་བཤད་ཀྱི་ཞལ་ཤེས་ཐུན་མོང་མ་ཡིན་པ་སྙིང་གི་ཁྲག་ལྟ་བུའི་གདམས་པ་ཟོར་འཕེན་པ་མན་ཅུང་ཟད་མཛད་འཕྲོར་ལུས་པ་ཆིག་བརྒྱུད་མའི་གྲས། གུར་མགོན་ཕོ་བརྒྱུད་མོ་བརྒྱུད་ཞལ་སྟག་ཞོན་དང་བཅས་པའི་དམོད་བཅོལ་གྱི་ཡི་གེ་འགོར་སོ་སོའི་སྔགས་དང་གུར་བཞིན་འདྲིའོའི་མཐའ་ཅན། མང་མཁར་ཐུབ་བསྟན་དགེ་འཕེལ་༼ཞ༽གུར་མགོན་ལ་བཅོལ་བའི་དམ་བསྒྲགས། གསུང་སྒྲོས་ཟིན་བྲིས་ལ། འགོར་ཨོཾ་སྭ་སྟི། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་ཞེས་ཡོད་པའི་མགོན་ཆེན་གྱི་དམ་ཚིག་གསོ་བའི་བསྐང་གསོའི་ཟིན་བྲིས་རྗེས་ཆོག་རྣམས་དཀྱུས་བཞིན་མཛད་དོའི་མཐའ་ཅན། གུར་ཞལ་སྤྲེལ་མའི་གཏོར་ཆེན་གྱི་ཟིན་བྲིས་ཟོར་ལམ་དབྱེ་བ་སོགས་ལྷན་ཐབས་ཇི་ལྟ་བ་བཞིན་མཛད་དོའི་མཐའ་ཅན། སྐུ་རྟེན་བྲིས་འབུར་བཞེང་ཚུལ། རབ་གནས་ཞག་བདུན་མ། གསུང་རྟེན་གླེགས་བམ། ཐོད་རྔ། རྔ་ཆེན། རྐང་གླིང་བཞེང་པ། ཐུགས་རྟེན་རྡོ་རྗེ་གྲི་གུག ཐོད་པ། གཎྜི། རྩེ་གསུམ་བཞེང་པ། ཕྱི་རྟེན་རྟ་གཡག་སོགས་ཕྱི་རུ་བཅས་ཏེ་ནོར་རྫས་བསྲུང་བ། ནང་རྟེན་ནང་དུ་བཅས་ཏེ་བང་མཛོད་བསྲུང་བ་ཞར་བྱུང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རུ་མཚོན། བྱང་ཆེན་མཆོད་རྟེན། འཕན་ནག བ་དན།ཞྭ་ནག ལྷྭམ་ནག གོས་ནག གསང་མདོས། ཕོ་མོའི་གསང་རྟེན། གསང་རྟེན་གསང་བར་བཅས་ཏེ་མཁའ་འགྲོ་འཁུ་ལྡོག་སྤོང་བ། གཞན་ཡང་པུ་ཏྲའི་ཐུན་མོང་མ་ཡིན་པའི་རྟེན།ནོར་སྲུང་གནོད་སྦྱིན་ཕོ་མོའི་ཚུལ་དུ་བསྒྲུབ་པའི་རྟེན་དང་བཅས་པ་རྣམས་ཀྱི་ཞལ་ཤེས་ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རྒྱུན་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ཀྱིས་ཟིན་བྲིས་སུ་བཀོད་པ་སྣོད་དང་ལྡན་ངེས་ལ་ཆིག་བརྒྱུད་མ། འདི་ལུང་རྒྱུན་ལྟ་ཅི་དཔེ་རྒྱུན་ཡང་དཀོན་ཞིང་འདི་ནས་རབ་གནས་ཞག་བདུན་མ་ཁོལ་དུ་ཕྱུང་སྟེ་ཟུར་དུ་བྲིས་པའི་ཡི་གེ་ཡང་མཐོང་ངོ༌། །ལྔ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་སྙན་བརྒྱུད་ཐུན་མོང་མ་ཡིན་པའི་ཁྲིད་ཡིག་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་པའི་སྙིང་ནང་གི་ཟུངས་ཁྲག་ལྟ་བུ་ལྕགས་བྱི་སྣྲོན་གྱི་ཟླ་བའི་ཉེར་ལྔ་ལ་ཚོང་འདུས་འདོད་དགུ་འབྱུང་བའི་ལྟེ་བ་རྒྱལ་པོའི་ཕོ་བྲང་ཆེན་པོའི་གཟིམས་ཆུང་ཆོས་རྒྱལ་ཕོ་བྲང་དུ་མཛད་པ། དེའི་སྦྱར་བྱང་དུ། རང་བཟོའི་འཇིགས་འཇིགས་བསྒྲིགས་པའི་རྡོ་ཕལ་མདོག །འབྲེལ་མེད་མགལ་དུམ་སྤེལ་བའི་རྙོག་མ་ཅན། །ཉམས་ལེན་འོད་དཀར་སྤྲོས་ཚེ་སྐལ་ལྡན་གྱི། །སྙིང་གི་པདྨོ་ཟུམ་དང་འདི་མི་འདྲ། །ཞེས་གསུངས་པ་རྡོ་རིང་ཀུན་རྒྱན་པ་སོགས་ཀྱིས་མན་ངག་མ་ཚང་བའི་རས་རུལ་བསྡུས་ནས་འཆད་པ་རྣམས་ལ་དགོངས་པ་འདྲའོ། །རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་སྒྲུབ་པ་ནང་སྒྲུབ་དང་གསང་བ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པའི་གསང་ཁྲིད་ཡིད་བཞིན་ནོར་བུ། ཁྲིད་མ་ཐོབ་པར་ལུང་གི་གནང་བ་དཀྱུས་གཅིག་ཅིང་སྦྱར་བྱང་དུ། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །སྙན་བརྒྱུད་ཁོ་ནར་བྱོན་པའི་གསང་ཆེན་འདི། །སྙིང་དབུས་ཆོངས་ལ་ཉམས་ལེན་རྒྱུན་དུ་སྐྱོངས། །ཀུན་ལ་མ་སྤེལ་སྣོད་ལྡན་གཅིག་ལ་བྱིན། །ཞེས་པ་ལྟར་རྗེ་བཙུན་ཁའུ་པ་ཡབ་སྲས་ཡན་ལ་ཆིག་བརྒྱུད་ཁོ་ནར་བཞུགས་པས་ཀུན་ལ་མ་གྲགས་ཤིང༌། དཔྱོད་ལྡན་གྱིས་དཔྱད་ན་རྗེ་བཙུན་གོང་མའི་གསུང་རབ་ཀྱི་ཚིག་ཟུར་ལ་ཟབ་གནད་འདི་འདྲ་ཐུགས་ལ་གབ་ནས་ཡོད་པར་ཤེས་ནུས་ཀྱང༌། རྗེ་བཙུན་གྲོལ་མཆོག་སོགས་རྗེས་འབྲང་མང་པོའི་ཐུགས་སུ་མ་ཆུད་པ་ཙུ་ཏའི་ཡུལ་གྱི་རྐང་གཉིས་པ་ལྟར་རོ། །འགོར་ཨོཾ་སྭ་སྟི། བདག་གི་བླ་མ་ཚར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཞེས་ཡོད་པའི་ལྷ་བརྒྱད་ཀྱི་རྗེས་གནང་༼༽ཐུན་མོང་མ་ཡིན་པའི་ཡི་གེ་ཕ་བླ་མའི་བཀའ་གནང་ཐོབ་ནས་བརྗེད་ཐོར་བཀོད་པ་ཤུ་བྷཾ་གྱི་མཐའ་ཅན། འགོར་ཨོཾ་སྭ་སྟི། བདག་ཅག་གི་བླ་མ་ཐམས་ཅད་མཁྱེན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ཡོད་པའི་ལྷ་བཅུ་གཉིས་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་བགྱིས་སོའི་མཐའ་ཅན། འགོར་བྲན་བདུད་ཀྱི་རྗེས་གནང་ཐུན་མོང་བའི་ཕྱག་ལེན་ནི་ཞེས་ཡོད་པའི་ཟིན་བྲིས་རྗེས་གནང་བཀའ་རྒྱ་ཅན་ནོའི་མཐའ་ཅན། འདི་གསུམ་རྗེས་གནང་མ་ཐོབ་པར་མི་གནང་བའི་བཀའ་རྒྱ་ཅན། འགོར་ན་མཿཤྲཱི་གུ་རུ་མ་ཧཱ་ཀཱ་ལཱ་ཡ།དེ་ལ་རྡོ་རྗེ་ནག་པོ་ཆེན་པོའི་བསྙེན་པ་ལ་གསུམ་༼ཞ༽སྟེ་ཞེས་ཡོད་པའི་བསྙེན་པའི་མན་ངག་དཔེ་འདི་མི་ལ་མི་སྟོན་པའི་བཀའ་རྒྱས་བཏབ་ཡོད་ལགས་ཀྱི་མཐའ་ཅན་ཆིག་བརྒྱུད་མའི་གྲས། ལྷ་བརྒྱད་མཁའ་འགྲོ་སྦགས་སྒྲུབ་ཀྱི་མཆོད་པའི་ཆོ་ག་དམ་ཅན་འདུ་བའི་མཆོད་༼ཞ༽སྤྲིན་མི་དབང་མ་ཎི་བྷ་དྲའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་བདེ་གསལ་རབ་བརྟེན་དུ་བཀོད་པ། བཀའ་སྲུང་ཟངས་གྲི་སྐོར་གསུམ་གྱི་གཏོར་འབུལ་༼ཞ༽སྡེ་སྣོད་རྒྱུད་སྡེ་འཛིན་པའི་དྲུང་པ་བསླབ་གསུམ་པས་བསྐུར་བར་བརྟེན་ནས་འབྲུག་ལོ་ཟླ་བ་བདུན་པའི་ཉེར་གསུམ་ལ་མཛད་པ། མ་ཧཱ་ཀཱ་ལའི་ཆོས་སྐོར་ཐོབ་པའི་བརྗེད་༼ཞ༽བྱང་བསམ་འཕེལ་ནོར་བུའི་ཕྲེང་བ་རྣམས་སོ། །དྲུག་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ་ལ། འགོར་ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པ་ལ་ཐོག་མར་གཞི་སྐྱེ་མེད་དངོས་པོའི་གནས་ཚུལ་ཞེས་ཡོད་པའི་ཡར་ཀླུངས་པའི་གུར་མགོན་༼ཞ༽ནང་ཁྲིད་ཀྱི་ཞལ་ཤེས་མཐུ་སྟོབས་ཀྱི་དབང་ཕྱུག་དགོན་གསར་པ་བསོད་ནམས་ཆོས་འཕེལ་གྱི་གསུང་རྒྱུན་ཟིན་བྲིས་སུ་མཛད་པ་ཧཱུྃ་ལ་སེམས་གཏད་ནས་བསྒོམ་པ་སོགས་སྔར་བཞིན་ནོའི་མཐའ་ཅན་ཆིག་བརྒྱུད་གྲས། གསང་ཁྲིད་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་༼ས༽གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་གིས་བསྐུལ་བ་ལ་བརྟེན་ནས་བླ་མ་མགོན་པོ་དང་བཅས་པ་ལ་གསོལ་བ་བཏབ་ནས་མཛད་པ་འདིའི་རྗེས་གནང་དང་ལུང་མ་ཐོབ་པ་ལ་རྣ་བའི་ལམ་ཙམ་དུ་ཡང་མི་བསྒྲག་པའི་བཀའ་རྒྱ་ཅན། དྲི་ཆུ་ལ་བརྟེན་པའི་རིམས་བསྲུང་༼ཞ༽མི་འདྲ་བ་རྣམས་ཀྱི་ནང་ནས་ཕ་བླ་མ་བསླབ་གསུམ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་ཐུགས་གཙིགས་སུ་གནང་བ་ཟིན་བྲིས་སུ་བཀོད་པ། མགོན་པོ་ཁྲོ་བཅུའི་བརྒྱུད་འདེབས་བདུད་ལས་རྣམ་པར་རྒྱལ་༼ཞ༽བ་རིགས་བརྒྱའི་མཁྱེན་བརྩེ་མ་མི་དབང་ཚེ་དབང་དོན་གྲུབ་ཀྱིས་བསྐུལ་ནས་ཞྭ་ལུ་རི་སྦུག་ཏུ་མཛད་པ། ཡང་རྗེ་བསླབ་གསུམ་པའི་གསུང་ལ་ཟིན་བྲིས་སུ་མཛད་པའི་རྡོ་རྗེ་བྲག་རྫོང་མའི་བསྡུས་༼ཞ༽དོན་གྱི་ཡི་གེ་རྗེ་ཉིད་ཀྱི་སྤྱན་སྔར་ཞུས་དག་པ་ཉམས་ཁྲིད་འདི་ཉིད་མཁན་ཆེན་བསླབ་གསུམ་པ་ཁོ་ནའི་བཀའ་དྲིན་ལས་བྱུང་བས། སྦྱར་བྱང་དུ། བློ་འདས་གདོད་མའི་མགོན་པོ་རྡོ་རྗེ་འཆང༌། །གང་འདུལ་དག་པའི་ཟློས་གར་དྲིན་ཆེན་རྗེ། །བཀའ་དྲིན་དྲན་ནོ་ཕ་རྒོད་བསླབ་གསུམ་ཞབས། །སྙིང་ནས་འདུ་འབྲལ་མེད་དོ་ཐུགས་རྗེས་སྐྱོང༌། །ཞེས་དྲིན་བཟོའི་ཚུལ་དུ་བསྟོད་པ་ནི་བརྒྱུད་པ་དང་བླ་མ་ལ་ཅི་ཡང་མི་སེམས་པའི་ཆོས་འདོད་མཁན་པོ་རྣམས་ལ་དགོངས་པ་འདྲའོ། །བྲག་རྫོང་མའི་གཏོར་མ་ལ་བརྟེན་ནས་རང་གཤེད་འབེབས་པའི་མན་ངག་རྒྭ་ཨཱ་ནན་དམ་པ་སོགས་གོང་མ་མང་པོའི་ཡི་གེར་ཐོ་ཙམ་ལས་མི་གསལ་བའི་གསལ་བྱེད་ནག་འགྲོས་སུ་མགོན་པོ་ཁྲོ་བཅུའི་གཏོར་བཟློག་གི་ཆོ་ག་༼ཞ༽བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། སྐྱེད་ཚལ་མཁན་པོ་ཐར་པ་བཟང་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཆོས་སྡེ་དེ་ཁའི་མགོན་ཁང་དུ་མཛད་པ་རྣམས་སོ། །བདུན་པ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ་ལ། མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་༼ངག༽ཡིན་པ་བླ་མ་གོང་མའི་རྗེས་གནང་༼ཤ༽གི་ཡི་གེ་རྙིང་པ་ལས་ཚིག་སྣ་བསྲིངས་ཏེ་རྒྱས་སུ་བཏང་བ། ཟངས་གྲི་ཅན་སྐོར་གསུམ་གྱི་རྗེས་གནང་གི་ཟུར་༼ངག༽འདེབས་རྗེ་བླ་མ་དབང་ཕྱུག་རབ་བརྟན་གྱི་ཕྱག་བཞེས་རང་གི་ཡིད་ལ་གང་ཟིན་ཙམ་ཞིག་ཕྱག་ལེན་ཟིན་བྲིས་སུ་བཀོད་པ། འདི་གཉིས་རྗེས་གནང་མ་ཐོབ་པར་མི་གནང་བའི་བཀའ་རྒྱ་ཅན། མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ་གྱི་གསུང་རྒྱུན། ཕྱི་སྲུང་བའི་འཁོར་ལོ་ལ་བརྟེན་ནས་སྒྲུབ་པའི་བྲག་རྫོང་གི་ཁྲིད་ཀྱི་ཡི་གེ་འདོད་༼ངག༽དགུའི་དཔལ་སྟེར་ཚ་ལུང་དགོན་པར་ཤིང་རྟའི་ལོར་ཟིན་བྲིས་སུ་མཛད་པ། རིན་པོ་ཆེ་རྟ་རྭ་བས་ནང་གི་བྲག་རྫོང་མའི་ཁྲིད་རྒྱ་༼ངག༽འདྲེ་ཚར་བཅད་པའི་ལོ་རྒྱུས་ཀྱང་སྣང་བས་ཤིན་ཏུ་ཟབ་གསུང་ངོའི་མཐའ་ཅན། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་གྱི་ཁྲིད་༼ངག༽རིག་སྔགས་འཆང་བའི་གཙུག་རྒྱན་བསོད་ནམས་ཆོས་འཕེལ་གྱི་གསུང་ལ་ཚ་ལུང་དགོན་པར་ཟིན་བྲིས་སུ་མཛད་པ། ནག་པོ་ཆེན་པོའི་གསང་ཁྲིད་ཀྱི་ཡི་གེ་རིན་པོ་ཆེ་རྟ་རྭ་བའི་གསུང་སྒྲོས་ཡིད་བཞིན་ནོར་བུ་༼ངག༽དེ་བླ་མའི་བཞུགས་གནས་ཚ་ལུང་དགོན་པར་ཟིན་བྲིས་སུ་ཟླ་བ་དགུ་པའི་ཉེར་གསུམ་གྱི་ཉིན་རྫོགས་པར་གྲུབ་པ་རྣམས་ཉམས་ཁྲིད་མ་ཐོབ་པར་མི་གནང་བ་ཕྱག་ལེན་གྱི་རྒྱུན་བཞིན་ནོ། །བརྒྱད་པ་ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པ་ལ། ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད་ཀྱི་༼ལོ༽ཉམས་ལེན་རྗེ་བླ་མ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གསུང་བཞིན་དཔལ་ལྡན་ས་སྐྱའི་ལྷ་ཆེན་གསང་བའི་མགོན་ཁང་དུ་སྦྱར་བ། བྲག་རྫོང་མའི་སྔགས་པ་ནང་རྒྱས་ཀྱི་མན་ངག་གི་ཞལ་ཤེས་ལུས་དབྲལ་བ། སྟོབས་གཞོམ་པ།རྣམ་ཤེས་སྤོར་བ་གསུམ་གྱི་གདམས་པ་༼ལོ༽ཁྱད་པར་ཅན་སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གསུང་བཞིན་འཇམ་དབྱངས་གདུང་བརྒྱུད་ལ་ཡབ་ཆོས་ཕུལ་བའི་ཚེ་ལྷ་ཆེན་གསང་བའི་མགོན་ཁང་དུ་སྦྱར་བ།«་་་་་འདི་དང་དབྱིབས་འདྲ་བ་ཞིག་ཚར་ཆེན་དང་འཇམ་དབྱངས་མཁྱེན་བརྩེས་མཛད་པ་དེང་སང་ལུང་རྒྱུན་ཆད་འདུག་པས་འདི་ཉིད་མཁོ་བར་སྣང་ངོ༌།། »ཡི་གེ་གཉིས་ཀ་ཆིག་བརྒྱུད་ཀྱི་གྲས། དགུ་པ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པ་ནི། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐུ་རྟེན་བཞེང་ཚུལ་༼འ༽དང་ཁྱད་པར་གྱི་རབ་གནས་བྱ་ཚུལ་གསལ་བའི་མེ་ལོང་ཆིག་བརྒྱུད་མ། བཅུ་པ་ཁྱབ་བདག་ཞྭ་ལུ་༼ཞ༽པས་མཛད་པ་ནི། བྲག་རྫོང་མའི་རྫས་བཟློག་ལས་ཀྱི་མཚོན་ཆ། ཚད་མེད་བཞི།ལྕེ་བྱིན་བརླབ། བཟླས་པ། སྐྱབས་ཡུལ། དགྲ་བགེགས་ཀྱི་ས་བོན། ཐལ་རྡེབ། འཁོར་ལོ་འཁོར་ལུགས། ཐུན་བསྡུ་བ། བཟློག་པའི་སྐུའི་ཚད་རྣམས་ཀྱི་ཞལ་ཤེས་རྣམས་ཀྱང་ཆིག་བརྒྱུད་མའོ། །བཅུ་གཅིག་པ་ཁའུ་བྲག་རྫོང་པའི་ཕྱག་ལེན་དུ་མཛད་པའི་བསྟོད་འབུམ་ལ། སྲིན་གཟུགས་མའི་ཤླཽ་ཀ་གསུམ།«་་་་་འདི་ཡན་མེ་འབར་མར་ཡང་ཡོད། »འགོར་ཡོད་པའི་དཔལ་ལྡན་མགོན་པོ་མ་༼མུ༽འཕགས་པས་མཛད་པ།«་་་་་རྫོང་ཁ་བས་རྒྱུད་ནས་ཕྱུང་གསུང་ཡང་ལྷག་བསམ་རབ་དཀར་གྱི་དྲི་ལན་དུ་པོད་མར་བཞེད་པས་དཔྱད་དོ།།»ཨེ་ཀ་ཛ་ཊཱིའི་བསྟོད་པ་ཀུན་བཟང་མ། ལྷ་མོའི་བསྟོད་པ་༼མུ༽ཏིལ་མར་མ། དེའི་བསྟོད་པ་རྒྱ་༼མུ༽མཚོའི་ཀློང་གནས་མ། ཞལ་གྱི་བསྟོད་པ་ས་པཎ་གྱིས་མཛད་པའི་དཔལ་ལྡན་དབང་ལྡན་མ། མཆོག་སྲེད་ཀྱིས་མཛད་པའི་གུར་གྱི་བསྟོད་པ་༼མུ༽སྔོན་ཚེ་བདེ་གཤེགས་མ།«་་་་་མེ་འབར་མ་དང་གྱི་ལྗང་པོ་ཏིར་ཡང་ཡོད། »མལ་ལོས་ལྷ་མོར་བསྟོད་པ་༼མུ༽གང་གི་སྐུ་གསུང་མ།«་་་་་རྫོང་ཆུང་པ་འཕགས་པ་རིན་པོ་ཆེས་མི་ཉག་ཏུ་མཛད་པར་བཞེད། »འཕགས་པས་མཛད་པའི་ཕྲིན་བཅོལ་ཁྱོད་ཀྱི་ཕྲིན་ལས་མ། གནམ་ཁའུ་པས་མགོན་པོ་གདོང་བཞི་པ་ཞལ་གཟིགས་དུས་བསྟོད་པའི་རྡོ་རྗེ་འཆང་དབང་མ།«་་་་་ཞབས་བཏགས་མར་ཡང་ཡོད། »འཕགས་པས་མགོན་པོར་བསྟོད་པ་གང་༼མུ༽ཐུགས་མ།«་་་་་འདི་མེ་འབར་མར་ཡང་ཡོད། »པཎྜི་ཏ་ལོ་ཀ་ཤྲཱིའི་སྒྲུབ་ཐབས་ལས་བྱུང་བའི་མཆོག་སྲེད་ཀྱིས་ལྷ་༼མུ༽མོ་ལ་བསྟོད་པ་མི་ཕམ་སྲིད་གསུམ་མ།«་་་་་དུད་སོལ་ཕྱི་སྒྲུབ་ཀྱི་རྒྱ་གཞུང་ནའང་ཡོད།»གཉན་ལོས་ཞལ་ལ་བསྟོད་པ་པཾ་པད་རཾ་ཉི་མ། ལས་མགོན་རྣམས་ཀྱི་བསྟོད་པ་མགོན་པོའི་བཀའ་༼མུ༽ཉན་མ། བསྟོད་པ་ནག་པོ་རྔམས་པ་མ།«་་་་་དཔལ་ལྡན་དབང་ལྡན་མའི་ཤླཽ་ཀ་གཅིག་བཅུག་འདུག་པ་མ་གཏོགས་ཁ་སྐོང་བསྟོད་འབུམ་དང་ཞབས་བཏགས་མར་ཡང་ཡོད། »བསྐུལ་མགོན་པོ་མ་ཧཱ་ཀཱ་ལ་མ་རྣམས། གཞན་ཡང་ཁྲོ་བཅུའི་ཕྲིན་ལས་བསྐུལ་བ་མཁའ་དབྱིངས་དག་ཀློང་མ་ས་རྟ་རྒྱལ་ཟླ་ལ་ཕོ་བྲང་དུ་འཕགས་པ་རིན་པོ་ཆེས་མཛད་པ། ཁྲོ་བོ་བཅུ་གཅིག་གི་གཏོར་འབུལ་དང་བསྟོད་པ་སེར་སྣ་རྣམ་དག་མ་མཁན་ཆེན་གནས་དྲུག་པས་རྒྱུད་ལས་ཕྱུང་བ། ཡང་དེས་རྒྱུད་ལས་ཕྱུང་བའི་བསྐུལ་བྱང་ཆུབ་སེམས་བསྐྱེད་མ། དེས་མཛད་པའི་བསྟོད་པ་མེ་སྟག་ཐིམ་འགྱུར་མ་རྣམས་ཀྱང་ཐོབ་བོ། །རྩ་བའི་གསུམ་པ་བླ་མ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་གྱི་ལྗང་པོ་ཏིའི་སྐོར་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཁོག་ཕུབ་ཡི་གེའི་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག དེ་ལས་བྱུང་བའི་ཆོས་སྐོར་ལ། སྔོན་དུ་འགྲོ་བ་ལོ་རྒྱུས་ཀྱི་ཡི་གེ སྣོད་རུང་དུ་བྱ་བ་དབང་དང་རྗེས་གནང་གི་ཡི་གེ རྩ་བར་གྱུར་པ་རྒྱུད་ཀྱི་ཡི་གེ ཉམས་སུ་ལེན་པ་སྒྲུབ་ཐབས་ཀྱི་ཡི་གེ དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་དང་ལྔ། དང་པོ་ལ། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ནག་པོ་ཆེན་པོའི་སྐྱེ་རྒྱུད་ནི་ཞེས་ཡོད་པའི་ཡིག་རྙིང་༼མཆོད་རྟེན༽གུར་མགོན་གྱི་སྐྱེ་རྒྱུད་རྫོགས་སོའི་མཐའ་ཅན། འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ལ་སྔོན་གྱི་དུས་ན་རྒྱལ་བུ་གཅིག་དང་བློན་པོའི་བུ་གཅིག་གིས་ཞེས་ཡོད་པའི་༼རྡོ་རྗེ༽ལྷ་དངོས་ཀྱི་ལོ་རྒྱུས་དང་བྲམ་ཟེ་མཆོག་སྲེད་སོགས་བརྒྱུད་པའི་བླ་མ་རྣམས་སྟོན་པའི་ཡི་གེ་དགེ་སློང་དྷརྨཱ་གཟི་བརྗིད་ལ་གནང་བ་ལགས་སོའི་མཐའ་ཅན།«་་་་་རྫོང་ཆུང་པ་དམ་པས་མཛད་པའི་ལྕམ་དྲལ་གཉིས་ཀའི་ལོ་རྒྱུས་འདྲེན་པས་མཚོན་ཏེ། རྒྱུད་སྒྲུབ་ཐབས་བསྟོད་པ་ཐམས་ཅད་དུ་ལྷ་མོའི་རྣམ་གཞག་མཛད་ཀྱང་ལུགས་འདི་ལ་ལྷ་མོའི་སྒྲོས་མེད་པས་འཐད་པར་མ་མངོན་ཞིང་ཀུན་མཁྱེན་རྡོ་རྗེ་གདན་པ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་གཉིས་ཀྱང་མི་བཞེད་དོ།། »འདི་དྷརྨ་གཟི་བརྗིད་ཀྱིས་མཛད་ཅེས་དཀར་ཆག་ན་འདུག་གོ །གཉིས་པ་སྣོད་རུང་དུ་བྱ་བ་དབང་དང་རྗེས་གནང་གི་ཡི་གེ་ལ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་བྲམ་༼རྡོ་རྗེ༽༼མུ༽ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ལ་ལི་ཏ་བཛྲ་དང་བོད་ཀྱི་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ།«་་་་་རྡོ་རྗེ་གདན་པ་གཅིག་ལྷ་ལྔ་དང་གཅིག་བཅུ་བདུན་པའི་དབང་ཆོག་ཡིན་པར་བཞེད་པ་གསན་ཡིག་དང་ཕྱག་དཔེ་གཉིས་ཀར་འདུག་པ་བརྗོད་དོན་ལྷག་པོ་མི་འདུག་པས་དཔྱད་དགོས་པར་སྣང་ངོ༌།་་་་་»།འདི་དང་ཚིག་སྣ་རིང་ཐུང་ཅུང་ཟད་ཡོད་པའི་མཆན་བུ་དང་བཅས་པ་ནག་པོ་རོ་འཛིན་དང་གྱི་ལྗང་གིས་བསྒྱུར་བ་དང་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་དབང་ཆོག ལ་ལི་ཏ་བཛྲ་འདི་ཕལ་ཆེར་དུར་ཁྲོད་རྣམས་སུ་བཞུགས་པས་མཚན་དུར་ཁྲོད་ནག་པོ་རོ་འཛིན་དུ་གྲགས་ཞེས་ཁོག་ཕུབ་དང་རྡོ་རྗེ་གདན་པའི་གསན་ཡིག་ཏུ་སྣང་ནའང་འདིར་དབང་ཆོག་འདྲ་མིན་གཉིས་བྱུང་བའི་སྔོན་མར་ལ་ལི་ཏ་དང༌། ཕྱི་མ་ལ་ནག་པོ་རོ་འཛིན་ཞེས་སོ་སོར་བྱུང་བ་དང་འབྱུང་ཁུངས་བསྡུས་དོན་ན་མི་གཅིག་པར་བཤད་ཅིང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ནའང་སོ་སོར་སྣང་བ་བརྟག་དགོས་འདུག་གོ །འགོར་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་འདི་ལ་སྤྱི་དོན་གསུམ་སྟེ་ཞེས་ཡོད་པའི་དབང་ཆོག་རྒྱ་གཞུང་གི་ས་༼རྡོ་རྗེ༽བཅད་དཀྱིལ་འཁོར་གཤེགས་སུ་གསོལ་བའོ་རྫོགས་སོའི་མཐའ་ཅན་དྷརྨ་གཟི་བརྗིད་ཀྱིས་མཛད་པ། འགོར་ཡེ་ཤེས་མགོན་པོའི་དབང་བསྐུར་བའི་རྗེས་ལ་ཞེས་ཡོད་པའི་བྲན་བདུད་རྗེས་གནང་གི་ཟུར་༼མུ༽འདེབས་ཀྱི་ཡི་གེ་ལས་མགོན་གྱི་རྗེས་གནང་རྫོགས་སོའི་མཐའ་ཅན་རྣམས་སོ།«་་་་་ཡིག་ཆ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་རྗེས་གནང་གི་ཡི་གེ་རྙིང་པ་ཞེས་སྣང་ངོ༌།། »གསུམ་པ་རྩ་བར་གྱུར་པ་རྒྱུད་ཀྱི་ཡི་གེ་ལ། འགོར་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་ཡོད་པའི་གཙོ་རྐྱང་སྟོན་༼མཆོད་རྟེན༽པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས་ཕྱུང་བ།«་་་་་འདི་མེ་འབར་མར་ཡང་བཞུགས།»ལྷ་བཅུ་བདུན་དངོས་སྟོན་པ་དུར་ཁྲོད་ནག་པོའི་རྒྱུད་བརྟག་པ་བཅུ་གཉིས་༼རྡོ་རྗེ༽༼མུ༽པ་བླ་མ་ནག་པོ་རོ་འཛིན་དང་གྱི་ལྗང་དབུ་དཀར་གྱིས་ཞུས་ཏེ་གཏན་ལ་ཕབ་པ།«་་་་་འདིའི་སྔགས་བཏུའི་ལེའུའི་འགྱུར་ཁྱད་ཚིགས་བཅད་མ་ལོ་པཎ་གཉིས་ཀྱི་གཡར་དམ་བརྒྱུད་པ་ཞེས་དཀར་ཆག་ཏུ་གསུངས་པ་ལེའུ་བཅུ་གཅིག་པ་འདི་ཁ་ལས་ལོགས་སུ་མ་རྙེད་ཅིང་རྗེ་མཁྱེན་བརྩེའི་གསན་ཡིག་ནའང་མི་སྣང་ངོ༌།། »ནག་པོ་ཆེན་པོ་འདིའི་རྒྱུད་ལ་དུར་ཁྲོད་ཆེན་པོ་སྐུའི་རྒྱུད། དུར་ཁྲོད་ནག་པོ་གསུང་གི་རྒྱུད། གྲི་གུག་བརྩེགས་པ་ཐུགས་ཀྱི་རྒྱུད་ཅེས་གསུམ་ཡོད་པ་ལས་གླེགས་བམ་དུ་ཡང་དུར་ཁྲོད་ནག་པོའི་རྒྱུད་ལས་མི་བཞུགས་ཤིང་ཉམས་ལེན་མན་ངག་རྣམས་ཀྱང་འདི་ཁོ་ན་ལ་བརྟེན་པའོ། །རྫོང་ཆུང་པའི་དཀར་ཆག་ན་ལྷ་མོ་སྲོག་གི་འཁོར་ལོའི་རྒྱུད་དྲངས་ཤིང་གཏེར་མ་ཡིན་པས་གྱི་ལྗང་དུ་འཐད་མི་འཐད་ཐེ་ཚོམ་མཛད་འདུག་ཀྱང་རང་ལུགས་ལ་དོགས་པ་ཙམ་ཡང་མ་དགོས་སོ།། >རྗེས་མ།>>>
རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།