དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

ན་མོ་བཛྲ་སཏྭཱ་ཡ། ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ་ཞེས་ཡོད་པ་གཉིས་ཀ་ཆུ་མོ་གླང་གི་ལོར་ཁའི་ཕིང་ཧུར་མཛད་པ། གསན་ཡིག་དབང་གི་རྒྱལ་པོར་ཆེ་བརྗོད་དང་མཆོད་གར་གསུངས་པ་དེ་ཡིན། སྲུང་བ་ལྔའི་སྡོམ་རིང་«༼༩༽»ཐུང་གཉིས་ཀྱི་འགོར། རིགས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས། །ཞེས་དང༌། རྗེ་བཙུན་མ་རིག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ། །དེ་ནས་རིག་སྔགས་འཆང་བ་ཞེས་ཡོད་པ། དེའི་མཚམས་«༼༩༽»གཅོད་འགོར་གནས་དང་ཡོ་བྱད་བྱིན་ཕབ་ནས་ཞེས་དང༌། རོལ་མོ་དང་བཅས་ཏེ་གཏོར་མ་གཏོང་ངོའི་མཐའ་ཅན། དེའི་སྒྲུབ་«༼༩༽༼༢༤༽»ཐབས་བསྡུས་པ་འགོར་སྲུང་བ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ་དང༌། དེའི་སྒྲུབ་«༼༩༽༼༢༤༽»ཐབས་རྒྱས་པ་འགོར་གོང་གི་ཚིག་དེ་ཉིད་ཡོད་པ་གཉིས་ཤིང་མོ་ཡོས་བུའི་ལོར་མཛད་པ།དེའི་བསྟོད་པ་འགོར་སྲུང་«༼༩༽༼༢༤༽»བ་ལྔའི་ལྷ་མོ་ལ་བསྟོད་པ་ཞེས་ཡོད་པ་མིའི་དབང་པོ་གོ་པེ་ལའི་ཕོ་བྲང་དུ་སྦྱར་བ། ཡང་དེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་«༼༩༽༼༢༤༽»འགོར་སྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་བསྟོད་པ་ཞེས་ཡོད་པ། འདི་སློབ་དཔོན་ཤཱནྟི་པས་མཛད་པ་ལ་འཕགས་པས་ཁ་སྐོང་མཛད་གསུང༌། ཕྱོགས་ཀྱི་གཏོར་མ་«༼༩༽༼༢༤༽»འགོར་དེ་ནས་ཕྱོགས་ཀྱི་གཏོར་མ་གཏོང་བའི་ཕྱིར་ཞེས་ཡོད་པ། གཟའ་«༼༩༽༼༢༤༽»སྐར་གྱི་གཏོར་མ་འགོར་གཟའ་དང་རྒྱུ་སྐར་ལ་མཆོད་ཅིང་གཏོར་མ་ཕུལ་ནས་འདི་སྐད་ཅེས་ཡོད་པ། བྱུར་«༼༩༽༼༢༤༽»བསལ་བ་དེ་ནས་དབང་བསྐུར་བའི་སྔོན་དུ་བྱུར་བསལ་བའི་ཕྱིར་ཞེས་ཡོད་པ། དུག་«༼༩༽༼༢༤༽»དབྱུང་བ། སངས་རྒྱས་ཀུན་གྱི་གཟི་བརྗིད་དང༌། །ཞེས་ཡོད་པ།རྒྱལ་«༼༩༽༼༢༤༽»བར་བྱེད་པ་འགོར་ན་མོ་བུདྡྷཱ་ཡ་ཞེས་ཡོད་པ། དབང་«༼༩༽༼༢༤༽»བསྐུར་བ་དངོས་འགོར་དེ་ནས་ཡོན་གྱི་བདག་པོས་མཎྜལ་ཕུལ་ལ་ཞེས་ཡོད་པ། འདི་ཡན་དཀོན་མཆོག་ལྷུན་སྒྲུབ་པའི་གསན་ཡིག་དང་དབང་གི་རྒྱལ་པོ་གཉིས་ཀར་གཟའ་སྐར་གྱི་གཏོར་མ་སོགས་གསུངས་པས་སོགས་ཁོངས་སུ་བསྡུས་པར་ངེས་ཤིང་ཕྱི་མོ་མང་པོ་ན་ཡང་དཔེ་ཚན་གཅིག་ཏུ་བྱས་འདུག དབང་བསྐུར་བའི་གཟུངས་ཕྱི་མ་འགོར། ཏདྱ་ཐཱ་ཨོཾ་གི་རི་གི་རི་ཞེས་ཡོད་པ། བདེན་པའི་སྟོབས་བརྗོད་པ་འགོར་བདེན་པ་དང་བདེན་པའི་མཆོག་གང་གིས་ཞེས་ཡོད་པ། ཤིས་པ་བརྗོད་པ་འགོར་ནད་པའི་ཟས་དང་སྐོམ་དང་ཞེས་ཡོད་པ་སྟེ་བཅོ་ལྔ་པའོའི་མཐའ་ཅན། བོད་དུ་འགྱུར་བའི་རྒྱུད་སྡེ་ཕལ་ཆེ་བའི་དཀར་«༼༩༽༼༢༤༽»ཆག་འགོར། ན་མོ་གུ་རུ་བྷྱཿན་མཿཤྲཱི་བྷཊྚཱ་ར་ཀ་བཛྲ་དྷ་རཱ་ཡ་ཞེས་དང༌། བདེ་ལེགས་ཤོག་གི་མཐའ་ཅན། མགོན་པོའི་སྒྲུབ་«༼༩༽༼༢༤༽»ཡིག་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁྱེན་བརྩེའི་བདག་ཉིད་བླ་མ་དང༌། །ཞེས་ཡོད་པ་ཆུ་ཕོ་བྱི་བའི་ལོར་མི་ཉག་གི་ཡུལ་དུ་སྦྱར་བ། བདུད་རྩི་«༼༩༽༼༢༤༽»ལྔ་མཆོད་འགོར།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ཞེས་ཡོད་པ། མགོན་པོའི་བསྟོད་པ་«༼༩༽༼༢༤༽»འགོར། ན་མོ་གུ་རུ་བྷྱཿན་མཿཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཧཱུྃ་གང་གི་ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང༌། །ཞེས་ཡོད་པ། ལྕགས་ཕོ་ཁྱིའི་ལོར་མི་ཉག་གི་ཡུལ་བྱང་ངོས་སུ་སྦྱར་བ།གསན་ཡིག་དབང་གི་རྒྱལ་པོར་བསྟོད་པ་གཉིས་གསུངས་ཀྱང་འདི་ལས་མ་བྱུང་བས་ཡིག་སྐྱོན་ཡིན་ནམ་བརྟག ལྕམ་«༼༩༽༼༢༤༽»དྲལ་གྱི་གཏོར་ཆོག་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང་ཞེས་ཡོད་པ་ཇིམ་གྱིན་ལ་ཕུལ་བ་གསུངས་པ་འདི་ཡིན།བཤགས་«༼༩༽༼༢༤༽»པ་འགོར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་ཞེས་ཡོད་པ་ཚིག་ལྷུག་པ། གདོང་བཞི་པའི་བསྟོད་«༼༩༽༼༢༤༽»པ་འགོར་དཔལ་གདོང་བཞི་པའི་བསྟོད་པ་ཞེས་དང༌། སངས་རྒྱས་གཅིག་བསྡུས་ཞེས་ཡོད་པ། ཛམྦྷ་ལ་སེར་པོའི་སྒྲུབ་«༼༩༽༼༢༤༽»ཐབས་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་ཛམྦྷ་ལ་བསྒོམ་པར་ཞེས་ཡོད་པ་དཔལ་ས་སྐྱར་སྦྱར་བ། ཕྱོགས་བཞིའི་གཏོར་མ་«༼༩༽༼༢༤༽»འགོར། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་སུ་ལྷ་ཐམས་ཅད་པའི་གཏོར་མ་ཞེས་པ་ནས་བྱང་ཕྱོགས་སུ་བྱ་བ་གནོད་སྦྱིན་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོའི་མཐའ་ཅན། ས་སྐྱ་པའི་ཉིན་ཞག་ཕྲུགས་གཅིག་ལ་ཐུགས་«༼༩༽༼༢༤༽»དམ་དུ་མཛད་པའི་གཏོར་མའི་རིམ་པ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱིས་ཉིན་ཞག་ཕྲུགས་གཅིག་ལ་ཞེས་ཡོད་པ་ལས་དང་པོ་པ་རྣམས་ཀྱི་ངོར་ལྕགས་མོ་ལུག་གི་ལོ་ལ་ཤིང་ཀུན་ཏུ་མཛད་པ། ཆ་གསུམ་གཏོར་མ་འབྲིང་པོ་འགོར་བགེགས་གཏོར་ནི། བསང་བ་ནས་ཞེས་ཡོད་པ།ཀླུ་«༼༩༽༼༢༤༽»གཏོར་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཀླུ་གཏོར་གཏང་བར་འདོད་པས་ཞེས་ཡོད་པ་རྡོ་རྗེ་གདན་བཞིའི་རྒྱུད་ལས་ཕྱུང་བཞིན་མཛད་པ། ཆུ་གཏོར་གཏང་བའི་རིམ་«༼༩༽༼༢༤༽»པ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུ་དང་ཚེགས་ཆུང་ཞིང་ཕན་ཡོན་དང་ཞེས་དང་རྫོགས་བྱང་གི་མཐའ་ཅན། བསྟོད་དབྱངས་རྒྱ་མཚོ་སྙན་ངག་རིན་པོ་ཆེའི་རྒྱན་«༼༩༽༼༢༤༽»རྣམ་པར་བཀྲ་བ་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ་དང་ཚིག་སྔ་མ་དེ་ཉིད་ཡོད་པ་ས་མོ་ལུག་གི་ལོར་ཅང་ཏོའི་མཁར་དུ་མཛད་པ། གསན་ཡིག་དབང་གི་རྒྱལ་པོར་ཆོས་རྗེ་ས་པཎ་ལ་བསྟོད་པ་གསུངས་པ་འདི་ཡིན། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་«༼༩༽༼༢༤༽»ཐུབ་པའི་བསྟོད་པ་འགོར་ཚིག་དེ་ཉིད་ཡོད་པ། ཤིང་ཕོ་སྟག་གི་ལོར་འདི་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་མཐོང་ཚེ་བསྟོད་པ་ཡིན། འཇམ་དཔལ་ལ་མཚན་དོན་གྱི་སྒོ་ནས་«༼༩༽༼༢༤༽»བསྟོད་པ་འགོར། ན་མོ་མཉྫཱུ་གྷོ་ཥཱ་ཡ། སྐྱབས་མཆོག་སངས་རྒྱས་ཀུན་གྱི་དངོས། །ཞེས་ཡོད་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་ཡོད་པ་དང༌། འཇམ་དཔལ་ལ་ཉེ་བར་བསྔགས་པ་མེ་ཏོག་གི་ཕྲེང་«༼༩༽༼༢༤༽»བ་འགོར། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཤེས་བྱ་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་ཞེས་ཡོད་པ། འཇམ་དབྱངས་ལ་རི་བོ་རྩེ་ལྔར་བསྟོད་པ་ནོར་བུའི་ཕྲེང་བ་«༼༩༽༼༢༤༽»འགོར། ན་མོ་མཉྫུ་ནཱ་ཐཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོར་འཁྲུངས། །ཞེས་ཡོད་པ་གསུམ་ཀ་མེ་མོ་སྦྲུལ་གྱི་ལོར་རི་བོ་རྩེ་ལྔར་མཛད་པ། ཕྱག་མཚན་རི་མོའི་བསྟོད་ཚིག་ལ་«༼༩༽༼༢༤༽»སྤེལ་བ་འགོར། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཐུབ་པས་ས་གསུམ་སྙན་པར་བསྒྲགས། །ཞེས་ཡོད་པ། འཇམ་དཔལ་བརྟན་«༼༩༽༼༢༤༽»པའི་འཁོར་ལོ་ལ་བསྟོད་པ་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ལས་གྲུབ་པས། །ཞེས་ཡོད་པ། རི་བོ་རྩེ་ལྔའི་རྩེ་མོ་རྣམས་སུ་ཕྱག་འཚལ་དུ་བྱོན་པའི་ཚེ་རིགས་སོ་སོ་དང་མཐུན་«༼༩༽༼༢༤༽»པར་བསྟོད་པ་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ། བྱམས་པའི་ལྟེ་བ་རབ་ཏུ་བརྟན་ཅིང་ཞེས་ཡོད་པ། ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་«༼༩༽༼༢༤༽»བོའི་འཁོར་ལོ་བྲིས་པ་འགོར། པཉྩ་སརྦ་ཏ་བི་ཀྲི་ཌཱ་ཞེས་དང་དཔའ་བོའི་འཁོར་ལོ་ཉིད་བྲིས་པ་ཞེས་པའི་མཐའ་ཅན། འཇམ་དཔལ་ལ་བསྟོད་པ་«༼༩༽»འགོར།ན་མོ་མཉྫུ་གྷོ་ཥཱ་ཡ། རྣམ་པ་སྣ་ཚོགས་ལོ་འདབ་ཀྱིས་བཀྲ་ཞེས་གྲུ་མུར་དུ་ཡུད་ཙམ་ལ་སྦྱར་བ་ཡོད་པ། སྐྱིད་གྲོང་གི་འཕགས་པ་ཝ་ཏི་ལ་མནལ་«༼༩༽༼༢༤༽»ལམ་དུ་བསྟོད་པ་འགོར། ན་མཿཤྲཱི་ལོ་ཀེ་ཤྭ་རཱ་ཡ། འཕགས་པ་འཇིག་རྟེན་མགོན་པོ་ཞེས་དང་བྱ་ལོ་ཟླ་བ་བཞི་པའི་ཉི་ཤུ་བརྒྱད་ཀྱི་ཉིན་རྨི་ལམ་དུ་བྱུང་ངོ༌། །ལྷག་མ་རྣམས་མ་དྲན་ནོའི་མཐའ་ཅན། བྱམས་«༼༩༽༼༢༤༽»པ་མགོན་པོ་ལ་བསྟོད་པ་འགོར། བྱམས་པའི་ཐུགས་ཀྱིས་བྱང་ཆུབ་ཐུགས་བསྐྱེད་ནས། །ཞེས་ཡོད་པ་གྲུ་མུར་དུ་ཡུད་ཙམ་ལ་སྦྱར་བ། གནས་བརྟན་བཅུ་དྲུག་«༼༩༽»ལ་བསྟོད་པ་འགོར། དགྲ་བཅོམ་བློ་མཆོག་དབང་དུལ་བ། །ཞེས་ཡོད་པ། ཡན་ལག་«༼༩༽༼༢༤༽»བཅུ་པ་འགོར། དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་དུ། །ཞེས་ཡོད་པ། ཡན་ལག་བདུན་པ་ཕྱག་མཆོད་སྡིག་བཤགས་བསྔོ་བ་དང་«༼༩༽༼༢༤༽»བཅས་པའི་ཚིགས་བཅད་འགོར། དུས་གསུམ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས། །ཞེས་ཡོད་པ། སེམས་བསྐྱེད་ཀྱི་ཆོ་ག་«༼༩༽༼༢༤༽»བསྡུས་པ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོ་ཉིད་ཅག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཞེས་དང་ཆོས་བཞིན་དུ་འགྲུབ་པར་གྱུར་ཅིག་གི་མཐའ་ཅན། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་«༼༩༽༼༢༤༽»དང་བཅས་པ་འབྲིང་དུ་བསྟན་པ་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྤྱིར་བསྟན་པའི་གཞི་སྐྱབས་སུ་འགྲོ་བ་ཡིན་ཞེས་དང༌། བྱང་ཆུབ་ཆེན་པོ་ཐོབ་པར་ཤོག་གི་མཐའ་ཅན། ཡང་དེ་གསུམ་«༼༩༽༼༢༤༽»བསྡུས་པ་ཡུལ་སྐྱོང་མགོན་པོ་དཔལ་བཟང་གི་དོན་དུ་མཛད་པ། སྐྱབས་འགྲོའི་རྣམ་«༼༩༽༼༢༤༽»གཞག་བོ་ལོད་ཀྱི་དོན་དུ་མཛད་པ། སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་གྱི་བསླབ་«༼༩༽༼༢༤༽»བྱ་རྒྱལ་པོ་ཨ་རོག་ཆེ་ལ་ཕུལ་བ། རྒྱལ་པོ་ལ་གདམས་པའི་«༼༩༽༼༢༤༽»རབ་ཏུ་བྱེད་པ་འགོར་ཚིག་དེ་ཉིད་ཡོད་པ་ཤིང་ཀུན་དུ་སྦྱར་བ། དེའི་བསྡུས་དོན་འགོར་མཁྱེན་རབ་ཀྱི་དབང་«༼༩༽༼༢༤༽»ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་ཡོད་པ་ཏྲེའི་ས་ཆ་དགའ་ལྡན་གནས་གསར་དུ་སྦྱར་བ། ཐེག་པ་ཆེན་པོ་གསལ་«༼༩༽༼༢༤༽»བ་ཞེས་བྱ་བ་ཡི་གེའི་མ་མོ་ལ་སྤེལ་བའི་རབ་ཏུ་བྱེད་པ་འགོར་ཚིག་དེ་ཉིད་ཡོད་པ། དེའི་བསྡུས་«༼༩༽༼༢༤༽»དོན་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ། ཐེག་པ་ཆེན་པོ་གསལ་བ་ལ་དོན་གསུམ་ཞེས་ཡོད་པ་རོང་པོའི་སྙིའི་ལུང་པར་མཛད་པ། ལས་འབྲས་གསལ་བའི་མེ་ལོང་ཚིགས་སུ་བཅད་«༼༩༽༼༢༤༽»པ་བཞི་བཅུ་པ་འགོར་མིང་དེ་ཉིད་ཡོད་པ་ས་ཕོ་རྟའི་ལོར་སྦྱར་བ། རྒྱལ་བུ་ཇི་བིག་དེ་མུར་ལ་གཏམ་«༼༩༽༼༢༤༽»དུ་བྱ་བ་ནོར་བུའི་ཕྲེང་བ་འགོར་ཚིག་དེ་ཉིད་ཡོད་པ་ས་སྐྱར་སྦྱར་བ།རྒྱལ་བུ་མངྒ་ལ་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་མེ་ཕོ་བྱི་བའི་ལོར་མདོ་ཁམས་ཀྱི་ཆར་སྦྱར་བ། རྒྱལ་བུ་ནོ་མོ་གན་ལ་སྤྲིང་བའི་རབ་ཏུ་བྱེད་པ་ཚིགས་སུ་བཅད་པ་«༼༩༽༼༢༤༽»བརྒྱ་རྩ་བརྒྱད་པ་འགོར་ཚིག་དེ་ཉིད་ཡོད་པ་ཤིང་ཀུན་དུ་སྦྱར་བ། རྒྱལ་པོ་ཧོ་ཀོའི་དོན་དུ་མཛད་པའི་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་རྣམ་«༼༩༽༼༢༤༽»གཞག་འགོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་རྒྱལ་པོ་ཧོ་ཀོའི་དོན་དུ་ཞེས་ཡོད་པ་ཤིང་ཀུན་དུ་མཛད་པ། རྒྱལ་བུ་དེ་གུས་བྷོ་ག་ལ་གདམས་པ་བདུད་རྩིའི་འབྱུང་གནས་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་མེ་ཕོ་བྱི་བའི་ལོར་མཛད་པ། རྒྱལ་བུ་དེ་མུར་བྷོ་ག་ལ་གདམས་«༼༩༽༼༢༤༽»པ་ཟླ་བའི་འོད་ཟེར་འགོར་ཚིག་དེ་ཉིད་ཡོད་པ་གནམ་དུ་སྦྱར་བ། དཔོན་མོ་པུནྡ་རིའི་དོན་དུ་མཛད་པ་སྒྲུབ་པའི་རིམ་པ་རབ་ཏུ་གསལ་བ་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་ལ་ཕྱི་དང་ནང་གི་ཞེས་ཡོད་པ་ལྕགས་འབྲུག་གི་ལོར་དཔལ་ས་སྐྱར་སྦྱར་བ། རྒྱལ་སྲས་ཇིམ་གྱིན་ལ་སྤྲིང་བ་«༼༩༽༼༢༤༽»འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་ཞེས་ཡོད་པ་བྱི་བའི་ལོར་གྲ་མདའ་ནས་བསྐུར་བ། ཡང་ཇིམ་གྱིན་ལ་སྤྲིང་བ་«༼༩༽༼༢༤༽»གཉིས་ཀྱི་འགོར། བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རང་བཞིན་སངས་རྒྱས་རིན་ཆེན་ཏེ། །ཞེས་པ་དང༌། བརྩེ་བའི་དབང་ཕྱུག་«༼༩༽༼༢༤༽»ཐམས་ཅད་མཁྱེན་པ་ཞེས་ཡོད་པ་རྨ་ཆུ་འགྲམ་ནས་སྤྲིངས་པ། ཨ་ཙ་ར་ལ་སྤྲིང་བ་«༼༩༽»འགོར། མི་གང་དལ་བ་འབྱོར་པ་ཐོབ་གྱུར་ཅིང༌། །ཞེས་ཡོད་པ་ཤིང་ཀུན་དུ་མཛད་པ། དགེ་བའི་བཤེས་གཉེན་ལྡོང་སྟོན་གྱི་དོན་དུ་སྤྲིང་«༼༩༽»བའི་ཡི་གེ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལས་སངས་རྒྱས་ཆོས་ཚོགས་ཀུན་འབྱུང་ན། །ཞེས་ཡོད་པ་ས་སྐྱར་མཛད་པ། ཡེ་ཤེས་འབུམ་ལ་གདམས་པ་«༼༩༽»བདུད་རྩིའི་ཐིག་ལེ་འགོར་བསྟན་བཅོས་ཀྱི་མིང་དེ་ཉིད་ཡོད་པ་ཅང་ཏོར་མཛད་པ། རིགས་པར་སྨྲ་བ་གྲགས་«༼༩༽༼༢༤༽»བཟང་ལ་སྤྲིང་བ་འགོར་ཚིག་དེ་ཉིད་ཡོད་པ་ཟླ་བ་མིག་གིས་མཐོང་ཚེ་བྲིས་པ། བདེན་པ་གཉིས་རྣམ་པར་ངེས་པ་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་ཁའི་ཕིང་ཧུར་སྦྱར་བ། ཟབ་མོ་སྣང་བ་ཞེས་«༼༩༽༼༢༤༽»བྱ་བའི་རབ་ཏུ་བྱེད་པ་འགོར་ཚིག་དེ་ཉིད་ཡོད་པ་མདོ་ཁམས་ས་ཆར་སྦྱར་བ། ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་མན་«༼༩༽༼༢༤༽»ངག་འགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཅེས་ཡོད་པ་རི་བོ་རྩེ་ལྔར་སྦྱར་བ། དེའི་ཁྲིད་ཡན་ལག་«༼༩༽༼༢༤༽»བདུན་ལྡན་འགོར་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་མན་ངག་ཡན་ལག་བདུན་པ་ཞེས་ཡོད་པ་མི་ཉག་གི་ཡུལ་དུ་མཛད་པ། ཡན་ལག་བདུན་གྱི་གཏམ་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་རྒྱའི་ཡུལ་དུ་སྦྱར་བ། དམ་ཆོས་པད་དཀར་གྱི་ཚིག་དོན་ལ་གཞན་གྱི་ལོག་པར་རྟོག་པ་«༼༩༽༼༢༤༽»དགག་པ་འགོར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་པདྨ་དཀར་པོ་ལས་བྱུང་བའི་གསུང་རབ་ཀྱི་ཞེས་ཡོད་པ་མེ་གླང་ལོར་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་ཡང་དག་«༼༩༽༼༢༤༽»པར་བསྡུས་པ་འགོར་ཐེག་པ་ཆེན་པོའི་མན་ངག་ཡང་དག་པར་བསྡུས་པ་ཞེས་ཡོད་པ་ས་སྦྱར་བ། སྙིང་པོའི་«༼༩༽༼༢༤༽»སྡོམ། ཐབས་ལ་མཁས་«༼༩༽༼༢༤༽»པའི་སྡོམ། ཏིང་ངེ་«༼༩༽༼༢༤༽»འཛིན་གྱི་སྡོམ། བྱང་ཆུབ་སེམས་«༼༩༽༼༢༤༽»དཔའི་སའི་སྡོམ། སངས་རྒྱས་«༼༩༽༼༢༤༽»ཀྱི་སའི་སྡོམ་སྟེ་ཟབ་མོའི་མདོ་ལྔར་གྲགས་པའི་སྡོམ་རྣམས་ཀྱི་འགོར་སོ་སོའི་ཚིག་དེ་རྣམས་ཡོད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་«༼༩༽༼༢༤༽»དོན་འགོར། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང༌། །ཞེས་ཡོད་པ་རྒྱ་ཡུལ་གོ་པེ་ལའི་ཕོ་བྲང་དུ་སྦྱར་བ། སྐྱོ་བའི་གཏམ་«༼༩༽༼༢༤༽»འགོར། ན་མོ་གུ་རུ་མཉྫུ་ནཱ་ཐཱ་ཡ། ཐུགས་ཀྱི་བང་མཛོད་ཡོན་ཏན་ནོར་བུས་གཏམས། །ཞེས་ཡོད་པ་ས་མོ་ལུག་གི་ལོར་སྦྱར་བ། ངན་པའི་སྤྱོད་ཚུལ་ལ་ཁྲེལ་«༼༩༽༼༢༤༽»བའི་གཏམ་འགོར། འདིར་སྨྲས་པ། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན། །ཞེས་ཡོད་པ་མེ་སྦྲུལ་རྒྱལ་གྱི་ཟླ་བར་སྦྱར་བ། ཐེག་པའི་རྣམ་«༼༩༽༼༢༤༽»པར་དབྱེ་བ་འགོར་ཚིག་དེ་ཉིད་ཡོད་པ་མདོ་ཁམས་ཀྱི་སའི་ཆར་ཟླ་སྙིང་མར་མེ་མདོར་སྦྱར་བ། བསམ་གཏན་ཤེས་རབ་ཀྱི་དྲིས་«༼༩༽༼༢༤༽»ལན་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་ཅན། །ཞེས་ཡོད་པ་འདམ་དུ་བྲིས་པ། ཀ་སོགས་སུམ་«༼༩༽༼༢༤༽»ཅུ་ལ་སྤེལ་བའི་ཚིགས་བཅད་འགོར། ན་མོ་མཉྫུ་གྷོ་ཥཱ་ཡ། ཀ་ལ་པིངྐའི་དབྱངས་ལྟར་སྙན་གསུང་གིས། །ཞེས་ཡོད་པ་ཡི་གེ་སྦྱོར་ཚུལ་འགོར། ཡང་དག་ལམ་ལ་ཞེས་ཡོད་པ། ལྡན་ཡུལ་དུ་སྐྱེས་པའི་སྟོན་པ་བརྩོན་འགྲུས་ཀྱི་དྲིས་ལན་«༼༩༽༼༢༤༽»འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་དྲིས་པའི་ལན་ཅུང་ཟད་གདབ་པར་བྱ་སྟེ་ཞེས་ཡོད་པ་ཤིང་མོ་ཕག་ལོར་གདུ་བུའི་ཟླ་བར་སྦྱར་བ། བྱང་ཆུབ་«༼༩༽༼༢༤༽»ལམ་གྱི་སྙིང་པོ་བསྒོམ་པའི་རིམ་པ་འགོར་ཚིག་དེ་ཉིད་ཡོད་པས་སྟག་གི་ལོར་དཔལ་ས་སྐྱར་སྦྱར་བ། དྲན་པ་གསོ་«༼༩༽༼༢༤༽»ཐབས་འགོར། གང་གི་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ལྟ་བ་སྟོན་པའི་ཚིགས་བཅད་གསུངས་པ་འདི་འདྲ། དབུས་གཙང་གི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིང་བ་འགོར། བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་ཚོགས་དཔག་མེད་རིན་ཆེན་ལས་བསྒྲུབས་ཤིང༌། །ཞེས་ཡོད་པ། ཚ་རོང་པ་«༼༩༽༼༢༤༽»ལ་སྤྲིང་བ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཉིས་མེད་ཐུགས་རྗེའི་དཀྱིལ་འཁོར་རྒྱ་ཆེ་ཞིང༌། །ཞེས་ཡོད་པ། སྡོམ་བརྩོན་ཅིག་«༼༩༽༼༢༤༽»ལ་སྤྲིང་བ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་ཤིང༌། །ཞེས་ཡོད་པ། ཟབ་མོ་ཉམས་སུ་ལེན་«༼༩༽༼༢༤༽»ཚུལ་འགོར་བསྡུས་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྟག་ཏུ་འཆི་བ་བསམ་པར་བྱ། །ཞེས་ཡོད་པ། རྒྱལ་བུ་ཇི་བིག་དེ་མུར་«༼༩༽»ལ་སྤྲིང་པ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀུན་ནས་བརྩེ་བའི་ཐུགས་མངའ་བ། །ཞེས་ཡོད་པ། ཡང་དེ་ལ་སྤྲིང་པ་འགོར། ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ཤིང༌། །ཞེས་ཡོད་པ། ཡི་གྱང་ཇུས་གླེགས་བམ་བསྒྲུབས་པ་ལ་བསྔགས་«༼༩༽»པ་འགོར། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །ཞེས་ཡོད་པ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་བཏང་བའི་རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ་«༼༩༽༼༢༤༽»གནང་བའི་བཀའ་ཡིག་གསེར་གྱི་རྡོ་རྗེའི་རྟེན་ཅན་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟག་པ་མེད་དབྱིངས་ནམ་མཁའི་ཁམས། །ཞེས་ཡོད་པ།རྒྱལ་བུ་ཨལ་གོ་ལ་སྤྲིང་པ་«༼༩༽༼༢༤༽»འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསོད་ནམས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་པ། །ཞེས་ཡོད་པ་ཅང་ཏོར་མཛད་པ། རིན་ཆེན་པཀྵི་ལ་སྤྲིང་པ་«༼༩༽༼༢༤༽»འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རབ་རྒྱས་ཤིང༌། །ཞེས་ཡོད་པ་ཅང་ཏོར་མཛད་པ། བྲམ་ཟེའི་པཎྜི་ཏ་ལཀྵྨཱི་ཀ་ར་ལ་«༼༩༽༼༢༤༽»སྤྲིང་པ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་བློ་གྲོས་ཀྱི་མིང་དང་ལྡན་པ་ཞེས་ཡོད་པ་ཅང་ཏོར་བྲིས་པ། ཤོང་སྟོན་ལོ་ཙཱ་བ་ལ་སྤྲིང་པ་«༼༩༽༼༢༤༽»བླ་མ་འཕགས་པས་ཞེས་ཡོད་པ། རྭ་དབོན་ལ་«༼༩༽༼༢༤༽»སྤྲིང་པ་འགོར། གཞུང་ལུགས་བརྒྱ་ཕྲག་དུ་མའི་ཆུ་ཀླུང་དང༌། །ཞེས་ཡོད་པ།རིགས་«༼༩༽༼༢༤༽»པའི་རལ་གྲི་ལ་སྤྲིང་བ་འགོར། མཁའ་དབྱིངས་དག་པ་སྐྱེ་དགུའི་སྒྲོན་མེའི་དཔལ། །ཞེས་ཡོད་པ། སྤྱི་བོ་ལྷས་«༼༩༽༼༢༤༽»པ་བཤེས་གཉེན་རིན་ཆེན་ལ་བསྐུར་བ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གདོད་ནས་ཉེར་ཞི་ཞི་བའི་ལམ་གྱིས་ཞེས་ཡོད་པ་ཁྱི་ལོར་ཕོ་བྲང་ཁའི་ཕིང་ཧུར་བྲིས་པ། ཆག་«༼༩༽༼༢༤༽»ལོ་ཙཱ་བ། དབུས་«༼༩༽༼༢༤༽»གཙང་གི་མཚན་ཉིད་པ་སྤྱི། དབུས་ཀྱི་བཀའ་«༼༩༽༼༢༤༽»གདམས་པ་སྤྱི། སྟག་«༼༩༽༼༢༤༽»ལུང་པ། དབུས་ཀྱི་སྒོམ་«༼༩༽༼༢༤༽»ཆེན་པ་སྤྱི་རྣམས་ལ་རིམ་པ་བཞིན་དུ་མ་ཆགས་ལོ་བདག་ཅེས་པ་དང༌། དམིགས་མེད་ཐུགས་རྗེའི་ཞེས་པ་དང༌། ཇི་བཞིན་གཟིགས་པས་ཞེས་པ་དང༌། སྲིད་དང་ཞི་བའི་ཞེས་པ་དང༌། ཏིང་ངེ་འཛིན་དང་ཞེས་པ་རྣམས་ཀྱི་དབུ་ཅན། རྒྱལ་བུ་ཇི་བིག་དེ་མུར་ལ་སྤྲིང་བ་«༼༩༽༼༢༤༽»གསུམ་གྱི་འགོར་ཡེ་ཤེས་དཀྱིལ་འཁོར་ཞེས་པ་དང༌། སྤྲོས་པ་མེད་པའི་ཞེས་པ་དང༌། མཁྱེན་པའི་དཔལ་ཞེས་བྱ་བ་རྣམས་རིམ་པས་ཡོད་པ། དཔོན་མོ་དུ་གལ་དུར་མིས་ལ་«༼༩༽༼༢༤༽»བསྐུར་བ་གཉིས་ཀྱི་འགོར། དཔལ་ལྡན་དོན་ཡོད་ཞེས་པ་དང༌། ཆོས་ཀྱི་དབྱིངས་ལས་ཞེས་ཡོད་པ། རྒྱལ་«༼༩༽༼༢༤༽»བུ་ཇིམ་གྱིན། ཧོ་«༼༩༽༼༢༤༽» གྲགས་«༼༩༽༼༢༤༽»བཟང༌། སྟོན་གཞོན་«༼༩༽༼༢༤༽»རྣམས་ལ་སྤྲིང་བའི་འགོར། འདིར་སྨྲས་པ། དེང་སང་འདི་ན་ཞེས་པ་དང༌། སྟོབས་སོགས་ཡོན་ཏན་ཞེས་པ་དང༌། མདངས་དང་དྲི་རོ་ཞེས་པ་དང༌། བློ་ཆེ་རློམ་ཆེ་ཞེས་བྱ་བ་རྣམས་རིམ་པས་ཡོད་པ། གོས་དར་ལྔ་སྟོང་དང་«༼༩༽༼༢༤༽»དགུ་བརྒྱ་བཞི་བཅུ་ཕུལ་བའི་དུས་ཀྱི་མཆོད་བརྗོད་དང་བསྔོ་བ་འགོར། ཆོས་ཀྱི་དབྱིངས་ཀྱི་མཁའ་ལས་མངོན་འཕགས་ཤིང༌། །ཞེས་ཡོད་པ། ཚེ་དཔག་མེད་ལ་«༼༩༽»བསྟོད་པ་འགོར། སྣ་ཚོགས་འདབ་རྒྱས་ཆུ་སྐྱེས་ཞེས་བྱ་བ་ཡོད་པའི་ཤླཽ་ཀ་གཅིག ཡང་འདི་ལ་མ་«༼༩༽»དམིགས་ཞེས་པ་དང༌། ཡན་ལག་«༼༩༽»དྲུག་ཅུ་ཞེས་པའི་ཚིགས་བཅད་འཐོར་བུ་གཉིས། མགོན་གཡག་«༼༩༽༼༢༤༽»ལ་བསྔགས་པ་འགོར། གང་ལུས་ཆར་སྤྲིན་ཕུང་པོ་ནི། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་གླང་པོ་ཆེ་ལ་བསྔགས་པ་གསུངས་པ་འདི་ཉིད་ལ་ཡིག་སྐྱོན་ཞུགས་པ་འདྲ། ཆང་ལ་«༼༩༽༼༢༤༽»བསྔགས་པའི་རབ་ཏུ་བྱེད་པ་བདུད་རྩིའི་བུམ་པ་འགོར། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། །ས་ཡི་སྙིང་པོ་འགྲོ་བའི་ཉེར་འཚོ་དང༌། །ཞེས་ཡོད་པ། མཆོད་འོས་ལ་བསྔགས་པ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལས་སངས་རྒྱས་ཆོས་ཚོགས་ཞེས་ཡོད་པ། ལྔ་བསྡུས་སྒྲ་གཅན་གཟའ་«༼༩༽༼༢༤༽»ལྔ་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ་འགོར། བླ་མ་དམ་པའི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །སྲིད་དང་མྱ་ངན་འདས་པའི་གཙོ། །ཞེས་ཡོད་པ། ཉི་ཁྱིམ་འཕོ་བའི་ངེས་པ་«༼༩༽»འགོར། གསལ་ཞིང་ཐོགས་མེད་མྱུར་དུ་འཇུག །ཅེས་ཡོད་པ། དཔལ་དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་«༼༩༽༼༢༤༽»བའི་སྒྲོན་མེ་འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། དེའི་དོན་ཡང་དག་པར་བསྡུས་«༼༩༽༼༢༤༽»པ་འགོར།དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་བྱུང་སོགས་བསྡོམས་བཅུ་གཉིས་ཞེས་ཡོད་པ། གདོད་མའི་དུས་གསལ་«༼༩༽༼༢༤༽»བར་བྱེད་པ་ཞེས་བྱ་བའི་རྩིས་འགོར་ཚིག་དེ་ཉིད་ཡོད་པ། རྩིས་ཀྱི་གཙུག་ལག་«༼༩༽༼༢༤༽»དང་མཐུན་པར་ངེས་པ་ཞེས་བྱ་བ་འགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཉི་འོད་རབ་གསལ་ཞིང༌། །ཞེས་ཡོད་པ། དྷྲཱུ་བ་གཉིས་«༼༩༽༼༢༤༽»པའི་རྩིས་འགོར། ན་མོ་གུ་རུ་རཏྣ་བྷཊྚཱ་ར་ཀཱ་ཡ། གང་གི་ཐུགས་རྗེས་འགྲོ་ཀུན་རབ་བཟུང་ནས། །ཞེས་ཡོད་པ། ལོ་བདག་ཉི་ཤུ་རྩ་«༼༩༽༼༢༤༽»གཉིས་ཀྱི་རྩིས་འགོར། མཁྱེན་པས་ཤེས་བྱ་ཀུན་གཟིགས་ནས། །ཞེས་ཡོད་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་རིན་པོ་ཆེའི་སྒྲོན་མ་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། ཆོས་འཁོར་དུས་ཀྱི་བསྟན་«༼༩༽»རྩིས་འགོར་སངས་རྒྱས་བལྟམས་པའི་དུས་ལ་སོགས་ནས་ཞེས་ཡོད་པ། སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན་འགོར། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་ནས་ཞེས་ཡོད་པ། བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞེངས་པའི། གསལ་«༼༩༽༼༢༤༽»བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ་འགོར་ཚིག་དེ་ཉིད་ཡོད་པ་རྒྱལ་པོ་ཇིམ་གྱིན་གྱི་དོན་དུ་དཔལ་ས་སྐྱར་སྦྱར་བ། ཡང་དེས་རྒྱས་འབྲིང་བསྡུས་གསུམ་བཞེངས་པ་ལ་བསྔགས་པ་སྨར་ཁམས་སྒང་དུ་སྦྱར་བ། ཡང་དེས་དམ་པའི་ཆོས་རིན་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པའི་ཚུལ་བསྟན་པའི་རབ་ཏུ་བྱེད་པ་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་དཔལ་ས་སྐྱར་སྦྱར་བ། མངྒ་ལ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་«༼༩༽༼༢༤༽»དང་ཕལ་པོ་ཆེ་བཞེངས་པ་ལ་བསྔགས་པ་འགོར་ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད་ཀྱི་རབ་ཏུ་བྱེད་པ་ཞེས་ཡོད་པ་ཙོམ་མདོ་གནས་གསར་དུ་སྦྱར་བ། ཇི་བིག་དེ་མུར་གྱིས་ཕལ་པོ་ཆེ། གསེར་འོད་དམ་པ། སྟོང་ཕྲག་བརྒྱ་«༼༩༽༼༢༤༽»པ་རྣམས་བཞེངས་པའི་མཚོན་བྱེད་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཐུགས་ནི་ཀུན་ནས་རྣམ་དག་ཅིང༌། །ཞེས་ཡོད་པ་ཤིང་ཀུན་དུ་མཛད་པ། རྒྱལ་པོ་ཨ་རོག་ཆེས་«༼༩༽༼༢༤༽»འབུམ་བཞེངས་པའི་མཚོན་བྱེད་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྲིད་ཞིའི་བདེ་ལེགས་མ་ལུས་འབྱུང་བའི་གཞི། །ཞེས་ཡོད་པ། གོ་པེ་ལས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་འགོར་གསུང་རབ་རིན་པོ་ཆེ་«༼༩༽༼༢༤༽»རྣམ་པར་བཀོད་པའི་མཚོན་བྱེད་ཅེས་ཡོད་པ་སྨར་ཁམས་ཙོམ་མདོ་གནས་གསར་དུ་སྦྱར་བ། དགེ་འདུན་བཟང་པོ་སོགས་ཀྱི་ཡུམ་རྒྱས་འབྲིང་བསྡུས་«༼༩༽༼༢༤༽»གསུམ་བཞེངས་པའི་མཚོན་བྱེད་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་སྤྱི་བོས་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོས་ཀྱི་དབྱིངས་ལས་ཞེས་ཡོད་པ། རིན་ཆེན་དཔལ་གྱིས་འབུམ་བཞེངས་པ་ལ་བསྔགས་«༼༩༽༼༢༤༽»པ་འགོར་ཆོས་བཞེངས་པའི་མཚོན་བྱེད་ཉེ་བར་བཀོད་པ་བསོད་ནམས་རིན་ཆེན་ཞེས་ཡོད་པ། ཟིན་ཤིང་གི་སྟོན་པ་བཅུ་བདུན་ཡང་དག་པའི་རིགས་པས་ཕམ་པར་བྱས་ཏེ་རབ་ཏུ་བྱུང་བའི་ཚེ་སྦྱར་བའི་ཚིགས་«༼༩༽༼༢༤༽»བཅད་འགོར། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཡོད་དང་མེད་པ་ལ་སོགས་པ། །ཞེས་ཡོད་པ། ཐེག་པ་ཆེན་པོའི་སློབ་དཔོན་དང་སློབ་མས་ལམ་ཉམས་སུ་བླང་བའི་ཚུལ་གྱི་རྣམ་དབྱེ་བསྟན་པ་«༼༩༽༼༢༤༽»འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཙང་མཁས་རབ་བརྟན་བྱམས་པར་ལྡན། །ཞེས་ཡོད་པ་ཧྱིང་ཧུའི་དགོན་པར་སྦྱར་བ། ཆོས་རྗེ་པ་བདེ་བར་གཤེགས་དུས་དབུས་གཙང་གི་དགེ་བའི་བཤེས་གཉེན་«༼༩༽༼༢༤༽»རྣམས་ལ་སྤྲིང་པ་འགོར། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ཞེས་ཡོད་པ། ཁྲོ་ཕུ་ལོ་ཙཱ་བ་ལ་«༼༩༽༼༢༤༽»བསྐུར་བ་དང་གདམས་པ་གཉིས་འགོར། དཔལ་ལྡན་ཉིན་མོར་བྱེད་པའི་གཟི་ལྡན་ཞིང༌། །ཞེས་པ་དང༌། མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་གྱིས། །ཞེས་ཡོད་པ། ལས་ཆོག་རྒྱས་བསྡུས་«༼༩༽༼༢༤༽»གཉིས་ཀྱི་འགོར། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དང་སློབ་དཔོན་དང་དགེ་འདུན་རྣམས་ཞེས་ཡོད་པ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བ། བསྙེན་«༼༩༽༼༢༤༽»གནས་ཀྱི་ཆོ་ག་འགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་ཚུལ་ནི་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་འདི་གསལ་ཁ་མེད་ཀྱང་ཕྱི་མོ་ཐམས་ཅད་ན་གོང་གི་ལས་ཆོག་དང་འབྲེལ་ནས་འདུག་པས་ལུང་རྒྱུན་ཡོད་པ་འདྲ། རྒྱལ་པོ་ཡབ་སྲས་ཀྱི་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དཎྜ་ཀ་«༼༩༽༼༢༤༽»འགོར། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་དང་ལྡན་ཞིང་ཞེས་ཡོད་པ་དཔལ་ལྡན་ས་སྐྱར་སྦྱར་བ། གསན་ཡིག་དབང་གི་རྒྱལ་པོར་རྒྱལ་བུ་ཇིམ་གྱིན་སོགས་ལ་བསྔགས་པ་གསུངས་པ་འདི་ཡིན། བསྔགས་པར་འོས་པའི་རབ་ཏུ་བྱེད་པ་«༼༩༽༼༢༤༽»འགོར་ཚིག་དེ་ཉིད་ཡོད་པ་སྨར་ཁམས་ཀྱི་སའི་ཆ་ཙོམ་མདོར་སྦྱར་བ། གསན་ཡིག་དབང་གི་རྒྱལ་པོར་ཧོར་གྱི་རྒྱལ་རབས་ལྔ་པོ་རྒྱལ་པོ་གོ་པེ་ལ་ལ་བསྔགས་པར་གསུངས་པ་འདི་ཡིན། བོད་ཀྱི་རྒྱལ་རབས་ལ་བསྔགས་པའི་ཚིགས་བཅད་འགོར། གང་གི་སྲིད་གསུམ་རྒྱ་མཚོའི་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཇིམ་གྱིན་ལ་བསྟོད་པ་གསུངས་པ་འདི་ཡིན། བོད་ཀྱི་རྒྱལ་རབས་འགོར། སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། ཞེས་ཡོད་པ་ཤིང་མོ་ཕག་གི་ལོར་སྐྱར་ཀ་མདོར་སྦྱར་བ། ལུང་དང་བརྒྱུད་པ་སྣ་ཚོགས་ཀྱི་གསན་«༼༩༽༼༢༤༽»ཡིག་འགོར། ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་འཆང་ཞེས་ཡོད་པ། འཇིགས་བྱེད་སྐྱོ་ལུགས་ཀྱི་བརྒྱུད་པ་ནས་བརྩམས་ཏེ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སྒྲུབ་ཐབས་དང་བཅས་པའི་བར་གྱི་གསན་ཡིག་རྫོགས་བྱང་གི་མཐའ་ཅན། སློབ་དཔོན་བསོད་ནམས་སེངྒེའི་སྤྱན་སྔར་ཕྲིན་དུ་«༼༩༽༼༢༤༽»ཞུ་བ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་མ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་ཡོད་པ་ཆུ་ཕོ་བྱི་བའི་ལོར་ལིང་ཆུང་རྩེར་ཁབ་ཀྱི་གཙུག་ལག་ཁང་དུ་བྲིས་པ། གྲགས་པ་རིན་ཆེན་གྱི་ཞུས་«༼༩༽༼༢༤༽»ལན་འགོར། དཔལ་མཆོག་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་འཛིན་པ་གྲགས་པ་རིན་ཆེན་གྱིས། །ཞེས་ཡོད་པ་འདམ་གྱི་ས་ཆ་གང་སྐྱར་སྦྱར་བ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་སྐྱོང་ལ་བཀའ་བསྒོ་གནང་བ་འགོར། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་བརྒྱུད་པ་དང་ཞེས་ཡོད་པ་གུར་ཆེན་དུ་བྲིས་པ། གུར་མགོན་གྱི་རྗེས་གནང་འགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མ་ཁོ་ནར་མཁའ་འགྲོ་དང་ཆོས་སྐྱོང་ཞེས་ཡོད་པ་མེ་མོ་ཡོས་བུའི་ལོར་འདམ་གྱི་ས་ཆར་སྦྱར་བ། རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་པ་ལ་བདེ་ལེགས་སུ་བྱ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཤིང་ཡོས་དཔལ་«༼༩༽༼༢༤༽»ལྡན་མ། མེ་འབྲུག་«༼༩༽༼༢༤༽»བསོད་ནམས་མ། མེ་སྦྲུལ་«༼༩༽»དཔལ་འབྱུང་མ། ས་རྟ་«༼༩༽༼༢༤༽»བཀྲ་ཤིས་མ། འདིར་ལུག་སྤྲེལ་གཉིས་ལ་མི་སྣང༌། ལྕགས་«༼༩༽༼༢༤༽»བྱ་ཚེ་དང་ཡེ་ཤེས་མ། ཆུ་«༼༩༽༼༢༤༽»ཁྱི་འགྲོ་བ་མ། ཆུ་ཕག་«༼༩༽༼༢༤༽»བདེ་ལེགས་མ། ཤིང་བྱི་གང་«༼༩༽༼༢༤༽»མཉེས་མ། ཤིང་གླང་«༼༩༽༼༢༤༽»བྱང་སེམས་མ།མེ་སྟག་ཧེ་རུ་ཀ་དཔལ་མ། མེ་ཡོས་རྒྱལ་«༼༩༽༼༢༤༽»མཚན་རྩེ་མོ། ས་འབྲུག་«༼༩༽༼༢༤༽»ཇི་སྙེད་མ། ས་«༼༩༽༼༢༤༽»སྦྲུལ་རྒྱལ་བ་མ།ལྕགས་རྟ་«༼༩༽༼༢༤༽»བཀྲ་ཤིས་མ། ལྕགས་ལུག་«༼༩༽༼༢༤༽»ཆོས་ཉིད་མ། ཆུ་སྤྲེལ་སྐྱོབ་པ་«༼༩༽༼༢༤༽»མ། ཆུ་བྱ་དངོས་«༼༩༽༼༢༤༽»གྲུབ་མ། ཤིང་ཁྱི་ས་«༼༩༽༼༢༤༽»དབང་མ། ཤིང་ཕག་«༼༩༽༼༢༤༽»བླ་མེད་མ། མེ་བྱི་དངོས་«༼༩༽༼༢༤༽»གྲུབ་མ།མེ་«༼༩༽»གླང་དོན་གྲུབ་མ། ས་སྟག་«༼༩༽༼༢༤༽»གང་ལ་བཀྲ་ཤིས་མ། ས་ཡོས་«༼༩༽༼༢༤༽»གང་དྲིན་མ། ལྕགས་«༼༩༽»འབྲུག་ཐུབ་དབང་ཆོས་རྒྱལ་མ་རྣམས་ཏེ་ལོ་གསར་གྱི་ཚེ་གནང་བའི་བཀྲ་ཤིས་ཉེར་གསུམ། རྒྱལ་པོ་མངྒ་ལ་«༼༩༽༼༢༤༽»ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་གཅིག་ཏུ་གཞན་ཕན་མ། རྒྱལ་པོ་ཇི་བིག་ཡབ་«༼༩༽༼༢༤༽»ཡུམ་ལ་གནང་བའི་བཀྲ་ཤིས་སངས་རྒྱས་རྣམ་རྒྱལ་མ། དཔོན་མོ་ཆེན་མོ་ལ་«༼༩༽༼༢༤༽»གནང་བའི་བཀྲ་ཤིས་སངས་རྒྱས་ཀུན་ཕྲིན་མ། ཡང་དཔལ་«༼༩༽༼༢༤༽»ལྡན་ཁྱེད་སྐུ་ལྷུན་པོ་ལྟར་བརྟན་ཞིང༌། ཞེས་བྱ་བའི་བཀྲ་ཤིས་ཤླཽ་ཀ་«༼༩༽»གཅིག་རྣམས་སོ། །འདི་དག་གི་གོ་རིམ་བསྒྲིགས་པའི་གཞི་ནི་ངོར་ཆེན་རྡོ་རྗེ་འཆང་གི་གསན་ཡིག་རྒྱ་མཚོ། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ཐུབ་བསྟན་རྒྱས་པའི་ཉིན་བྱེད། འཇམ་མགོན་སངས་རྒྱས་ཕུན་ཚོགས་པའི་གསན་ཡིག་དབང་གི་རྒྱལ་པོ། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་གསན་ཡིག་གངྒཱའི་ཆུ་རྒྱུན་རྣམས་ལ་ཞིབ་ཏུ་གཏུགས་ཚེ། སྔ་ཕྱིའི་གོ་རིམ་འདྲ་མིན་དང་ཆོས་ཚན་མང་ཉུང་སོགས་ཀྱི་ཁྱད་པར་འགའ་རེ་མཆིས་ཀྱང༌། འདིར་སྔོན་གྱི་བཀའ་འབུམ་ཕལ་ཆེར་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་དང་མཐུན་ཤས་ཆེ་བ་བྱུང་བས་འགའ་ཞིག་དེ་ཉིད་གཞིར་གཞག ད་ལྟའི་ལུང་རྒྱུན་དཔལ་མཆོག་ནས་སངས་རྒྱས་ཕུན་ཚོགས་པས་གསན་པ་འདི་ཉིད་ཁྱབ་ཆེ་བ་སྣང་ཡང༌། དཀོན་མཆོག་ལྷུན་གྲུབ་པའི་དེ་དང་སྔ་ཕྱིའི་གོ་རིམ་དང་ཆོས་ཚན་མང་ཉུང་དང༌། བསྟན་བཅོས་ཀྱི་མིང་གཟུང་ཡང་འགའ་ཞིག་གཞུང་ཚིག་དང༌། འགའ་ཞིག་ཁ་བྱང་ལས་དྲས་ནས་བཏགས་པ་སོགས་ཀྱིས་ལས་དང་པོ་པས་ངོས་ཟིན་དཀའ་བར་འདུག་པར། འདིར་གོང་འོག་ཐམས་ཅད་ཀྱི་ཁྱད་པར་ངོས་གཟུང་སླ་བའི་ཆེད་དུ་བསྟན་བཅོས་ངོས་འཛིན་དཀའ་བ་རྣམས་ཀྱི་མགོ་མཇུག་གི་ཚིག་སྨོས་པ་དང༌། བླ་མ་གོང་མ་རྣམས་ཀྱི་གསན་ཡིག་གི་མཚན་བྱང་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ནས་སྒོ་ཁྱིམ་ལ་ཨངྒི་དགུ་པའི་མཚན་མ་ཡོད་པ་རྣམས་དེད་པས་ངོར་ཆེན་རྡོ་རྗེ་འཆང་གི་གདན་ས་དགུ་པ་དཀོན་མཆོག་ལྷུན་གྲུབ་པས་གསན་ལྟར་རྟོགས་པ་དང༌། ཨངྒི་ཉེར་བཞི་པའི་མཚན་མ་ཡོད་པ་རྣམས་དེད་པས་གདན་ས་ཉེར་བཞི་པ་སངས་རྒྱས་ཕུན་ཚོགས་པས་གསན་ལྟར་རྟོགས་པར་འགྱུར་ལ། གཞན་པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། ངག་དབང་བསྟན་པའི་རྡོ་རྗེ། མཁན་ཆེན་བཟང་པོ་རྒྱལ་མཚན་སོགས་ཀྱིས་གསན་པའི་ལུང་རྒྱུན་ནི་བརྒྱུད་པའི་ཁ་སྐོང་མ་གཏོགས་པ་ཡན་ཆད་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ཇི་ལྟ་བ་བཞིན་ཡིན་ནོ། །རྟགས་གང་ཡང་མེད་པ་རྣམས་ནི་གསན་ཡིག་ན་དངོས་སུ་མ་སྨོས་ཀྱང་གླེགས་བམ་གྱི་གྲས་སུ་སྔར་ཡོད་པ་དང་ཕྱིས་རྙེད་པ་གསར་འཛུད་ཞུས་པ་རྣམས་ཡིན་པས། སླར་འདི་དག་གི་ལུང་རྒྱུན་བརྒྱུད་པ་ཡིད་ཆེས་པ་ལས་བཙལ་ཏེ་རྒྱ་ཆེར་སྤེལ་དགོས་སོ་ཞེས་ཤེས་པའི་ཆེད་དུ་བཞག་པ་ཡིན་པས་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་བྱེད་པ་རྣམས་ཀྱིས་དགོངས་འཚལ། ཇི་སྐད་བཤད་པའི་བསྟན་བཅོས་རིན་པོ་ཆེ་དེ་རྣམས་ཀྱི་ལུང་མནོས་པའི་བརྒྱུད་པ་ནི། གོང་མ་ཡབ་སྲས་གསུམ་པོའི་གསུང་རབ་རྣམས་ཀྱི་ལུང་དང་གླེགས་བམ་དང་པོ་ནས་ཕྱོགས་གཅིག་ཏུ་བསྡེབས་པ་མ་བྱུང་བ་ལ། དུས་ཕྱིས་བླ་མ་དཔལ་ལྡན་སེངྒེའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་ཆོས་རྗེ་བླ་མ་དམ་པ་བསོད་ནམ་རྒྱལ་མཚན་དཔལ་བཟང་པོ་པས་རང་ཉིད་ལ་གང་བཞུགས་པ་རྣམས་མཁན་ཆེན་ཤེས་རབ་རྡོ་རྗེ་དང༌། དབུས་པ་རིན་ཆེན་རྒྱལ་མཚན་གཉིས་ལ་གནང༌། མ་བཞུགས་པ་རྣམས་མཁན་པོ་ཤེས་རབ་རྡོ་རྗེ་དང༌། དབུས་པ་རིན་རྒྱལ་གཉིས་ལ་བཀས་བསྐུལ་ཏེ་ཕྱོགས་ཀུན་ཏུ་བཏང་ནས་ལུང་སུ་ཡོད་ལས་ཞུར་བཅུག་ཅིང་དཔེ་རྣམས་ཕྱོགས་གཅིག་གླེགས་བམ་དུ་བསྡེབས་པ་མཛད། ཆོས་རྗེ་བླ་མ་དམ་པས་ཀྱང་སྔར་མ་གསན་པ་རྣམས་ཤེར་རྡོར་བ་ལས་གསན་པས་ལུང་ཐམས་ཅད་ཕྱོགས་གཅིག་ནས་བརྒྱུད་པ་མེད་མོད། འོན་ཀྱང་མཁན་པོ་ཤེས་རབ་རྡོ་རྗེས་བླ་མ་སོ་སོ་ལས་གསན་པའི་བརྒྱུད་པ་ནི་ལམ་འབྲས་ལ་སོགས་པའི་ལམ་སྐོར་དགུ། མན་ངག་གཅེས་བསྡུས་དང་བཅས་པའི་བརྒྱུད་པ་ནི། རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་སེངྒེ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེས་མཁན་ཆེན་ཤེས་རབ་རྡོ་རྗེ་ལའོ། །ཡང་ན་འཕགས་པ་རིན་པོ་ཆེ་ནས། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། དེས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལའོ། །ཡང་ན་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། རྒྱལ་བ་བྲག་ཕུག་པ། བླ་མ་དཔལ་ལྡན་སེངྒེ། དེ་གཉིས་ཀ་ལས་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལའོ། །འོན་ཀྱང་གསུང་ངག་རིན་པོ་ཆེའི་སྐོར་རྣམས་ཉམས་ཁྲིད་མ་གཏོགས་བཀླག་ལུང་བྱེད་པའི་སྲོལ་མེད་དོ་ཞེས་ངོར་ཆེན་རྡོ་རྗེ་འཆང་གིས་གསན་ཡིག་རྒྱ་མཚོ་ལས་གསུངས། རྒྱུད་སྡེ་སྤྱིའི་སྟོང་ཐུན། རྣམ་འགྲེལ་དག་ལྡན། རྒྱུད་ཀྱི་མངོན་པར་རྟོགས་པ་ལྗོན་ཤིང༌། གུར་གྱི་ས་བཅད། རྣམ་བཤད། གུར་གྱི་རྒྱན་རྣམས་ཀྱི་སྒོས་བརྒྱུད་ནི། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་དཔལ་ལྡན་སེངྒེ། ཆོས་རྗེ་བླ་མ་དམ་པ།དེས་མཁན་ཆེན་ཤེས་རབ་རྡོ་རྗེ་ལའོ། །ནག་པོ་དཀྱིལ་ཆོག དེའི་ཊཱིཀྐ། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས། རྫོགས་རིམ་རྩ་དབུ་མ། ལམ་གྱི་ཡན་ལག་པྲ་སེ་ན་དབབ་པ། གནོད་སྦྱིན་མོའི་སྒྲུབ་ཐབས། ཚངས་པའི་བུ་མོ་འགུགས་པ། པདྨ་པ་ཏིའི་མན་ངག ཁོལ་པོ་པ་ཏིའི་མན་ངག སྨན་ཆེན་པོའི་བཅུད་ལེན། མཻ་ཏྲི་མཁའ་སྤྱོད་ཀྱི་རྗེས་གནང་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་བ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། དེས་མཁན་ཆེན་ཤེས་རབ་རྡོ་རྗེ་ལའོ། །སྒྲོལ་མ་སྤྱི་སྒྲུབ། སོ་སོའི་སྒྲུབ་ཐབས། བསྟོད་པ་འདོན་ཐབས། ཉི་མ་སྦས་པའི་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ལས་ཚོགས་བཅས་པའི་ཊཱིཀྐ།ས་ཆེན་གྱིས་མཛད་པའི་སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་ཆོག་རྣམས་ཀྱི་བརྒྱུད་པ་ནི། རིན་པོ་ཆེ་བསོད་ནམས་གྲགས་པ། ཆོས་རྗེ་བླ་མ་དམ་པ། དེས་མཁན་པོ་ཤེས་རབ་རྡོ་རྗེ་ལའོ། །སྒྲོལ་མའི་བསྟོད་སྒྲུབ་གཉིས་ཀྱི་བརྒྱུད་པ་ནི། ཉི་མ་སྦས་པ། ཏཻ་ལོ་པ། ནཱ་རོ་པ། ནག་པོ་པ། གུ་རུབ་ལོ་ཙཱ་བ། རོང་པ། བྲང་ཏི་དར་མ་སྙིང་པོ། བླ་མ་ས་སྐྱ་པ་ཆེན་པོ། མཆིམས་ཁུ་དབོན་གཉིས། བླ་མ་འཇམ་གསར་བ། ལྕེ་མདོ་སྡེ་སེངྒེ། རོང་པ་ཤེས་རབ་སེངྒེ། རིན་ཆེན་བསོད་ནམས་གྲགས་པ། དེས་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལའོ། །སྒྲོལ་མའི་དཀྱིལ་འཁོར་གྱི་ཆོ་གའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཀླུ་སྒྲུབ། ཉི་མ་སྦས་པ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། མཆིམས་ཆོས་ཀྱི་སེངྒེ། མཆིམས་བློ་བརྟན། བླ་མ་འཇམ་གསར་བ། སྲེའུ་ཆུང་བ།རྗེ་བཙུན་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེངྒེ། རིན་པོ་ཆེ་བསོད་ནམས་གྲགས་པ། བླ་མ་དམ་པ། དེས་མཁན་པོ་ཤེས་རབ་རྡོ་རྗེ་ལའོ། །སྒྲོལ་མ་མཎྜལ་བཞི་པའི་བརྒྱུད་པ་ནི། མཁན་པོ་ཤེས་རབ་རྒྱལ་མཚན། གྲུབ་པ་དཔལ་བཟང་པོ། བླ་མ་བཟང་པོ་པ། དེས་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལའོ། །རྡོ་རྗེ་རྣམ་པར་འཇོམས་པ་བྱབ་བསྲུང་དང་བཅས་པའི་བརྒྱུད་པ་ནི། བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལའོ། །དཀར་མོ་ཉི་ཟླའི་བརྒྱུད་པ་ནི། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་ཆེན་ཀུན་བློ། དེས་ཆོས་རྗེ་བསོད་ནམས་རྒྱལ་མཚན་ལའོ། །ས་སྐྱ་པ་ཆེན་པོས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག བརྟག་གཉིས་ཀྱི་ས་བཅད། ཊཱི་ཀ བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ། ས་བཅད། མལ་ལོའི་གསུང་ལ་ཟིན་བྲིས་བྱས་པའི་ཊཱི་ཀ་ཆེ་བ། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པའི་ཊཱི་ཀ་ཆེ་བ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་ས་སྐྱ་པ་ཆེན་པོ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། བླ་མ་ཡེ་ཤེས་དཔལ། མཁན་ཆེན་ཤེས་རབ་རྡོ་རྗེ། དེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལའོ། །རྗེ་བཙུན་རྩེ་མོས་མཛད་པའི་སམྤུ་ཊའི་ཊཱི་ཀ རྗེ་བཙུན་གྱིས་མཛད་པའི་རབ་གནས་དོན་གསལ། ཧེ་རུ་ཀའི་ཆས་དྲུག གཏོར་མ་བརྒྱ་རྩ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཞང་མདོ་སྡེ་དཔལ། འཇམ་སྐྱ། བླ་མ་དཔལ་ལྡན་པ། ཤེས་རབ་རྡོ་རྗེ། དེས་བླ་མ་དམ་པ་ལའོ། །སྒྲོལ་མ་ཞི་ཁྲོ་གཉིས་ཀྱི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་རྒྱལ་མཚན། དཀོན་མཆོག་འབྱུང་གནས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། གར་ཐིག་པ་སེངྒེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། དེས་ཆོས་རྗེ་བླ་མ་དམ་པ་ལའོ། །རྗེ་བཙུན་མི་གཡོ་བ་སྔོན་པོའི་ཆུ་སྲུང་གི་བརྒྱུད་པ་ནི། རྗེ་བཙུན་སྐུ་མཆེད་གཉིས། འཇམ་མགོན་ས་སྐྱ་པཎྜི་ཏ། ཞང་མདོ་སྡེ་དཔལ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། དེས་མཁན་ཆེན་ཤེས་རབ་རྡོ་རྗེ་ལའོ། །ཀུ་རུ་ཀུལླེ་སྒྲུབ་ཐབས་ནི། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འུ་ཡུག་པ་བསོད་ནམས་སེངྒེ། སྤྲུ་ལུང་པ་ཀུན་དགའ་སྨོན་ལམ། ལ་རུ་བ་ཡོན་ཏན་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། དེས་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལའོ། །གཉེན་གྱི་སྒྲོལ་མ་ཡན་ལག་དྲུག་པའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་རྒྱལ་མཚན། འཇམ་དབྱངས་ཆེན་པོ། དེས་བག་སྟོན་པ་ལའོ། །དུར་ཁྲོད་བདག་པོའི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། བྱང་ཆེན་པ་ནས།བག་སྟོན་པ་ལའོ། །རྡོ་རྗེ་འབྱུང་བའི་ཊཱི་ཀ་ནི། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། སྤྲོ་ལུང་ཀུན་སྨོན། ཞང་དཀོན་མཆོག་དཔལ། སློབ་དཔོན་རིན་ཆེན་དཔལ། བླ་མ་རྒྱལ་བ་དཔལ། བླ་མ་ཐོགས་མེད་པ། དེས་མཁན་ཆེན་ཤེས་རབ་རྡོ་རྗེ་ལའོ། །དོན་ཡོད་ཞགས་པའི་ལོ་རྒྱུས། ས་བཅད། རྒྱུད་ཆུང་གི་ཊཱི་ཀ དེའི་ལག་ཏུ་བླང་བའི་རིམ་པ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། གཙོང་པོ་ཞོ་ར་བ། ལ་རུ་པ། གྲགས་ཆེན་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། མཁན་ཆེན་དྭངས་མ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། དེས་ཆོས་བླ་མ་དམ་པ་ལའོ། །དྲིལ་བུ་པའི་དབང་ཆུ། སྒྲུབ་ཐབས་གཉིས་དང་བཅས་པའི་བརྒྱུད་པ་ནི། ས་པཎ་ཡན་གོང་ལྟར་ལ། དེ་ནས་བོ་དོང་རིན་པོ་ཆེ། ཁྲོ་ཕུ་བ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེངྒེ། བུ་སྟོན་རིན་པོ་ཆེ་ནས། རིན་ཆེན་བསོད་ནམས་གྲགས་པ་ལའོ། །སྡོམ་པ་ཉི་ཤུ་པའི་ཊཱི་ཀ མཚན་བརྗོད་འདོན་ཐབས་བཅས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་གཞོན་ནུ་མགོན། དེས་མཁན་ཆེན་ཤེས་རབ་རྡོ་རྗེ་ལའོ། །ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོ། དཀྱིལ་ཆོག་ནས་གླིང་མ། ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ། དེའི་རྣམ་བཤད། མངོན་རྟོགས་ཡན་ལག་དྲུག་པ། བདག་མེད་མའི་མངོན་རྟོགས། ལཱུ་ཧི་པའི་མངོན་རྟོགས་གསུམ། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་བྱིན་རླབས། ལས་བཅུ། མཆིམས་ཆོས་སེང་ལ་སྤྲིང་ཡིག གཞན་ཕན་ཉེར་མཁོ། ཨརྒྷའི་ཆོ་ག ཁ་འབར་མའི་གཏོར་ཆེན་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ་གྲགས་པ། འཇམ་དབྱངས་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ།འཇམ་སྐྱ། བླ་མ་ཨ་མོ་གྷ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་ལའོ། །དྲིལ་བུ་པའི་ལོ་རྒྱུས། དྲིལ་བུ་རིམ་ལྔ། ཚེས་བཅུའི་མཆོད་པ། ངེས་བརྗོད་བླ་མའི་འཁྲུལ་འཁོར་བྲི་ཐབས་རྣམས་ཀྱི་བརྒྱུད་པ་ནི། སྟོད་ལོ། སློབ་དཔོན་ཨ་མོ་གྷ། མཁན་པོ་ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་ལའོ། །སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ས་བཅད། ཊཱི་ཀ ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་མའི་ལས་ཚོགས་དང་ས་བཅད་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་མ་ཐུབ་པ་མགོན། བླ་མ་ཨ་མོ་གྷ། མཁན་པོ་ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་ལའོ། །རིགས་གསུམ་སྤྱིའི་རིགས་གཏད། ཨ་ར་པ་ཙ་ནའི་མངོན་རྟོགས། དཀྱིལ་ཆོག་རྣམས་ཀྱི་བརྒྱུད་པའང་གོང་དང་འདྲའོ། །དཔའ་བོ་གྲུབ་པའི་རྒྱུད་ཀྱི་ཊཱི་ཀའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཤངས་པ་བསོད་ནམས་རིན་ཆེན། སློབ་དཔོན་གཟུངས་འདུས། རིན་པོ་ཆེ་བསོད་ནམས་དབང་ཕྱུག མཁན་པོ་ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་ལའོ། །བརྟག་པ་གཉིས་པའི་རྣམ་བཤད་ཉི་མའི་འོད་ཟེར་གྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ།ས་པཎྜི་ཏ། འཕགས་པ། ཁུ་དབོན་གཉིས་ཀ་ལས་ཤངས་པ་བསོད་ནམས་རིན་ཆེན། སྲས་ཀུན་རིན། ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་ལའོ། །རབ་གནས་བཟང་པོ་དྲུག་པ། དུས་ཐ་མའི་ཆོ་ག བསྟོད་པ་དཎྜ་ཀ ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་བཀྲ་ཤིས་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ།དབོན་འཕགས་པ་རིན་པོ་ཆེ། ཅོག་རོ་སྟོན་གཞོན། ཆོས་བརྩོན། སངས་རྒྱས་རིན་ཆེན། མཁན་ཆེན་ཤེས་རབ་རྡོ་རྗེ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལའོ། །འདོད་པའི་རྒྱལ་པོ་དམར་པོའི་སྒྲུབ་ཐབས། རྡོ་རྗེ་མྱུ་གུས་མཛད་པའི་ཊཱི་ཀའི་བརྒྱུད་པ་ནི། ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ཁམས་པ་དབོན་པོ། རྗེ་བཙུན་རྒྭ་ལོ། ཨཱ་ཀ་ར། སངས་རྒྱས་རིན་ཆེན། མཁན་པོ་ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་ལའོ། །ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ཆེ་ཆུང་གི་བརྒྱུད་པ་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། སྐྱོབ་པ་དཔལ། གཞོན་ནུ་བཀྲ་ཤིས། རྡོ་རྗེ་དཔལ། གུ་རུབ་ཤེས་རབ་རིན་ཆེན་ནས། སངས་རྒྱས་རིན་ཆེན་ལའོ། །ཀྱེའི་རྡོ་རྗེའི་མངོན་རྟོགས་རྒྱས་པའི་བརྒྱུད་པ་ནི། ཆོས་རྗེ་བསོད་ནམས་རྒྱལ་མཚན་ནས། མཁན་པོ་ཤེས་རབ་རྡོ་རྗེ་ལའོ། །ཀླུའི་བཤད་པ་ལ་སོགས་པ་མངོན་རྟོགས། བསྟོད་པ་ལ་སོགས་པ་དྲུག་ཅུ་རྩ་དགུའི་བརྒྱུད་པ་ནི། ས་སྐྱ་པ་ཆེན་པོ་ཡབ་སྲས་གསུམ། ཆོས་རྗེ་ས་སྐྱ་པཎ་ཆེན། དམར་ཆོས་ཀྱི་རྒྱལ་པོ། གཞོན་ནུ་རྒྱལ་མཚན། བཀའ་བཅུ་པ་གཞོན་ནུ་སེངྒེ། ཤེས་རབ་རྡོ་རྗེ་ནས། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ལའོ། །གཉེན་གྱི་སྒྲོལ་མ་ཡན་ལག་དྲུག་པའི་བརྒྱུད་ལུགས་གཅིག་ནི། ཀླུ་སྒྲུབ་ནས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ།དཔལ་བདེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གཉེན་ལོ་ཙཱ་བ། གནམ་ཁའུ་པ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། རིན་ཆེན་གྲགས་ཚུལ་བ། མཁན་པོ་ཤེས་རྡོ་རྗེ་ནས། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པ་ལའོ། །དེ་དག་རྣམས་ལས་མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེངྒེ། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། དཔལ་ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཚུངས་མེད་ནམ་མཁའ་སངས་རྒྱས། རིན་པོ་ཆེ་དཔལ་མཆོག་རྒྱལ་མཚན། ཆོས་ཀྱི་རྗེ་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་གྲུབ་པ་ཁམས་སྟོན་ནམ་མཁའ་དཔལ་བཟང༌།དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་ཡོངས་འཛིན་དཀོན་མཆོག་འཕེལ་ནས། རྗེ་ལྷ་མཆོག་སེངྒེ། དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས་མན་འདྲའོ། །གཉིས་པ་ཆོས་རྗེ་ཁུ་དབོན་གཉིས་ལས། དང་པོ་ས་སྐྱ་པཎྜི་ཏའི་གསུང་རབ་རྣམས་ཀྱི་བརྒྱུད་པ་ནི། འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ནས། འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། འཇམ་དབྱངས་བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་བ་འཛིན་པ། ཆོས་རྗེ་བྱང་ཆུབ་སེངྒེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ནམ་མཁའ་སངས་རྒྱས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། ཆོས་ཀྱི་རྗེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་གྲུབ་པ་ཁམས་སྟོན་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འཇམ་དབྱངས་ཀུན་དགའ་བསོད་ནམས་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན་མན་འདྲའོ། །ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེངྒེ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*