བཀའ་དྲིན་ཆེ་ལྡན་བླ་མའི་རྣལ་འབྱོར་ཉམས་སུ་བླང་ཚུལ་དངོས་གྲུབ་འདོད་པ་འཇོ་བ་ཞེས་བྱ་བ་བཞུགས་སོ།།

༄༅། །བཀའ་དྲིན་ཆེ་ལྡན་བླ་མའི་རྣལ་འབྱོར་ཉམས་སུ་བླང་ཚུལ་དངོས་གྲུབ་འདོད་པ་འཇོ་བ་ཞེས་བྱ་བ་བཞུགས་སོ།།  ༄༅། །གང་ཞིག་དགྱེས་པའི་འཛུམ་ཟླས་རེག་པའི་འཕྲལ། །བསྐལ་པར་བསྒྲུབ་འོས་བྱང་ཆུབ་སྙིང་པོའི་མཛའ། །བརྟན་ལྡན་ཉིད་ཀྱང་ཚེ་གཅིག་འགྲུབ་ངེས་པའི། །སྐྱབས་གནས་ཀུན་འདུས་འཁོར་ལོའི་མགོན་པོས་སྐྱོངས། །རྣམ་འདྲེན་ཀུན་གྱི་ཡོན་ཏན་བཀོད་པའི་དཔལ། །ཇི་སྙེད་གང་སྐུར་རྫོགས་པའི་སྒྱུ་འཕྲུལ་གར། །འགྲོ་བ་སྨིན་མཛད་རྡོ་རྗེ་སློབ་དཔོན་མཆོག །གུས་པས་བསྙེན་འདི་རྒྱལ་ཀུན་བགྲོད་གཅིག་ལམ། །ཟབ་ལམ་རྣལ་འབྱོར་སྲོལ་ཆེན་མང་པོ་ལས། །རང་ཉིད་སྐུ་དྲིན་རྨད་བྱུང་བླ་མ་གཅིག །སྐྱབས་ཡུལ་ཀུན་འདུས་ཡིད་བཞིན་ནོར་ལྟར་བསྟེན། །གསོལ་གདབ་དངོས་གྲུབ་ལེན་པའི་ཆོ་ག་འདྲི། །དེའང་བླ་མེད་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་ཐོབ་པའི་བླ་མ་དམ་པའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས། མདུན་གྱི་ནམ་མཁར་སྐྱབས་ཡུལ་ཐུན་མོང་མ་ཡིན་པ་བླ་མ་དང་གཉིས་སུ་མེད་པའི་རང་གི་ཡི་དམ་གྱི་ལྷ་གང་ཡིན་གསལ་བཏབ། དེའི་ཐུགས་སངས་རྒྱས། གསུང་ཆོས། སྐུ་དགེ་འདུན་ཀུན་འདུས་སུ་བསམས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྐྱབས་སུ་འགྲོ་བའི་བློས། བདག་དང་འགྲོ་བ་སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཚིགས་བཅད་ལྷུག་པ་གང་རུང་བློ་དང་འདྲེས་ངེས་པ་བྱའོ། །གཉིས་པ་ལ་བཞི་ལས། དང་པོ་ཡུལ་བསྐྱེད་པ་ནི། རང་གི་སྤྱི་བོར་རིན་ཆེན་སེང་གེའི་ཁྲི། །སྣ་ཚོགས་ཆུ་སྐྱེས་ཉི་ཟླ་བརྩེགས་པའི་སྟེང༌། །སྐྱབས་གནས་ཀུན་འདུས་དྲིན་ཆེན་ཆོས་ཀྱི་རྗེ། །རྣམ་པ་རྡོ་རྗེ་འཆང་ཆེན་སྐུ་མདོག་སྔོ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །འཛུམ་ཁྲོ་སྒེག་ཆགས་མཚན་དང་དཔེ་བྱད་འབར། །རལ་པའི་ཐོར་ཚུགས་བཅིངས་དང་ལྷག་མ་གྲོལ། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །སྐུ་ལས་སྣ་ཚོགས་འོད་ཀྱི་དྲྭ་བ་འཕྲོ། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕུང་ལྔ་དབྱིངས་བཅས་རྣམ་དག་རྒྱལ་བ་དྲུག །ཁམས་ལྔ་རིག་མ་སྐྱེ་མཆེད་རྩ་རྒྱུས་ཚིགས། །སེམས་དཔའ་ཆེ་བརྒྱད་ཡུལ་དྲུག་ལྷ་མོ་དྲུག །ཚིགས་ཆེན་བགེགས་འདུལ་ཁྲོ་བོ་བཅུ་ཡི་བདག །གནས་གསུམ་འབྲུ་གསུམ་ཡི་གེའི་འོད་སྟོང་འབར། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕོ་ཉ་འཕྲོས། །དངོས་བརྒྱུད་བླ་མ་ཡི་དམ་རྒྱལ་བ་སྲས། །བསྟན་སྲུང་ནོར་ལྷ་སྤྱན་དྲངས་དབྱེར་མེད་ཐིམ། །གང་དེ་སྐྱབས་ཡུལ་ཀུན་འདུས་བླ་མའི་མཆོག །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ཡི་དངོས། །དུས་གསུམ་སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །ལམ་མཆོག་དམ་པའི་ཆོས་ཀྱི་འབྱུང་གནས་ཆེ། །ཚོགས་མཆོག་འཕགས་པའི་དགེ་འདུན་ཀུན་གྱི་བདག །བར་ཆད་ཀུན་སེལ་བསྟན་སྲུང་རྒྱ་མཚོའི་གཙོ། །འདོད་པའི་རེ་སྐོང་ནོར་ལྷའི་རང་བཞིན་ཉིད། །འཁོར་ལོའི་མགོན་པོ་དྲིན་ཆེན་རྡོ་རྗེ་འཆང༌། །བྱང་ཆུབ་བར་གྱི་མགོན་སྐྱབས་དཔུང་གཉེན་དུ། །སྤྱི་བོར་བཞུགས་ནས་བྱིན་གྱིས་བརླབ་པར་གྱུར། །གཉིས་པ་ཡན་ལག་བདུན་པ་དབུལ་བ་ནི། རྩ་བརྒྱུད་བླ་མ་ཡི་དམ་རྒྱལ་བ་སྲས། །སྐྱབས་ཀུན་གཅིག་ཏུ་རྫོགས་པའི་སྒྱུ་འཕྲུལ་གྱིས། །འགྲོ་བ་འཚང་རྒྱའི་རྟེན་འབྲེལ་ཟབ་མོའི་སྐོར། །སྨིན་མཛད་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ། །ཞེས་དང༌། རང་གི་རྩ་བའི་བླ་མའི་བསྟོད་པས་ཀྱང་བསྟོད། བདག་གཞན་ལོངས་སྤྱོད་ལུས་དང་དགེ་བའི་སེམས། །མཎྜལ་དམ་པར་སྤྲུལ་པའི་མཆོད་པ་འབུལ། །བཀའ་དང་དམ་ཚིག་ལས་འདས་སྡིག་ལྟུང་བཤགས། །ཅི་མཛད་དགེ་བར་བལྟ་བའི་ཡི་རང་བགྱི། །ཐེག་མཆོག་ཆོས་འཁོར་བསྐོར་ཞིང་གཞན་དོན་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བ་ཇི་སྙེད་བདག་གཞན་སེམས་ཅན་རྣམས། །བཅུ་གསུམ་རྡོ་རྗེའི་ས་མཆོག་ཐོབ་ཕྱིར་བསྔོ། །གསུམ་པ་གསོལ་བ་གདབ་པ་ནི། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང༌། །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ལུས་ལ་བུམ་པའི་དབང་མཆོག་བསྐུར་དུ་གསོལ། །ངག་ལ་གསང་བའི་དབང་མཆོག་བསྐུར་དུ་གསོལ། །སེམས་ལ་གསུམ་པའི་དབང་མཆོག་བསྐུར་དུ་གསོལ། །རླུང་ལ་བཞི་པའི་དབང་མཆོག་བསྐུར་དུ་གསོལ། །རྣམ་དག་དབང་གི་ཆོ་ག་ལས་ཐོབ་པའི། །མཉམ་རྗེས་བཟའ་བསྲུང་མི་འབྲལ་དམ་ཚིག་རྣམས། །འབད་རྩོལ་དྲག་པོས་བསྲུང་བསྡམ་ནུས་པ་དང༌། །ཉེས་ལྟུང་དྲི་མ་མེད་པར་བྱིན་གྱིས་རློབས། །གསལ་སྟོང་ཟུང་འཇུག་རྒྱུ་ཡི་བླ་མ་དང༌། །བསྐྱེད་རྫོགས་ཟུང་འཇུག་ལམ་གྱི་བླ་མ་དང༌། །སྤྲུལ་ཆོས་ལོངས་སྐུ་འབྲས་བུའི་བླ་མ་གསུམ། །དབྱེར་མེད་བླ་མར་རྟོགས་པར་བྱིན་གྱིས་རློབས། །བཞི་པ་དབང་བླང་བས་དེ་ཁོ་ན་ཉིད་ལ་བློ་གཞག་པ་ནི། དེ་ལྟར་གསོལ་བཏབ་འཁོར་ལོའི་མགོན་པོས་བདག །མཁྱེན་བརྩེ་ནུས་པས་བྱིན་གྱིས་བརླབས་བཞིན་དུ། །འོད་ཕུང་བདེ་བ་ཆེན་པོའི་རྣམ་རོལ་གྱིས། །བདག་གི་ལུས་ངག་ཡིད་གསུམ་རོ་གཅིག་འདྲེས། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དབང་བཞི་ཐོབ། །སྒོ་གསུམ་སྒྲིབ་པ་བག་ཆགས་བཅས་པ་སྦྱངས། །དམ་ཚིག་སྡོམ་པ་རྣམ་པར་དག་གྱུར་ནས། །སྐུ་བཞི་ཡེ་ཤེས་ལྔ་ལྡན་མངོན་དུ་གྱུར། །ཅེས་བརྗོད་དེ། སེམས་ཁོང་ལྷོད་གློད་ལ་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་བཅད་དེ་མཉམ་པར་བཞག་པས། སེམས་ཀྱི་གཤིས་ཅིར་ཡང་མ་གྲུབ་པ་བླ་མ་ཆོས་སྐུ། གདངས་གང་དུའང་མ་འགགས་པ་ལོངས་སྐུ། རྩལ་མོས་གུས་སུ་དུང་ངེ་བ་སྤྲུལ་སྐུ། བསྒོམ་བྱ་སྒོམ་བྱེད་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུར་ཤེས་པའི་གསལ་སྟོང་འཛིན་མེད་ཀྱི་ངང་དུ་སིང་ངེ་གཞག་གོ །གསུམ་པ་ནི་དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །རྡོ་རྗེ་འཆང་དངོས་རྟོགས་པའི་མོས་གུས་ཀྱིས། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་ཀྱི་བསྔོ་བ་སྨོན་ལམ་གང་ཤེས་ཀྱིས་མཐའ་བརྒྱན་པར་བྱས་ཏེ་ཉམས་སུ་བླངས་ན་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་ཅིང་རང་གཞན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་གསུངས་སོ། །སྨྲས་པ། དང་པོར་ལེགས་པར་འགྲོ་བའི་ལམ་དང་མཇལ། །བར་དུ་ལམ་གྱི་ཡོན་ཏན་ཅི་ཡང་བསྐྱེད། །དེ་མཐར་བསམ་བྱའི་འབྲས་བུ་མངོན་འགྱུར་བ། །དེ་ཀུན་རྡོ་རྗེ་སློབ་དཔོན་བསྟེན་ལས་འབྱུང༌། །བསྟེན་ཚུལ་ཕྱོགས་ལྷུང་དད་དང་བབ་ཅོལ་ཚིག །མཁྱེན་མཁྱེན་བཟླས་བརྗོད་དགོས་པ་འགྲུབ་སྲིད་ན། །ངལ་བརྒྱས་བསྟེན་དང་བཅོས་མིན་མོས་གུས་མཁན། །སྔོན་རབས་མཁས་གྲུབ་དེ་དག་མ་འཁྲུལ་ལམ། །འདི་བགྱིས་དགེ་བས་བདག་དང་སེམས་ཅན་རྣམས། །སྐྱབས་མཆོག་བླ་མ་གཙུག་གིས་གུས་བསྟེན་ཅིང༌། །ཐེག་གསུམ་བསྟན་པའི་སྙིང་པོ་ཡོངས་བཟུང་ནས། །རྣམ་འདྲེན་བསྟན་ལ་མཁས་པའི་ལས་བྱེད་ཤོག །ཅེས་བཀའ་དྲིན་ཆེ་ལྡན་བླ་མའི་རྣལ་འབྱོར་ཉམས་སུ་བླང་ཚུལ་དངོས་གྲུབ་འདོད་པ་འཇོ་བ་ཞེས་བྱ་བ་འདི་ནི་དོན་དུ་གཉེར་བ་དག་གི་ངོར། མྱོས་ལྡན་གྱི་ལོར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་བྲིས་པ་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*