མ་ཡུམ་སློབ་གླིང་ལ་བསྟོད་པ་ཙམ་པ་ཀའི་མེ་ཏོག

རྩོམ་པ་པོ། ཨ་འདུས།

མཚན་དཔེའི་ཆུ་གཏེར་འདུལ་བྱའི་དོན་དུ་བཞད། ། 

དམ་པའི་ཚུལ་དགུའི་ནོར་གྱིས་ཐུབ་བསྟན་བསྐྱངས། ། 

མན་ངག་ནོར་བུ་བྱེ་བའི་གདེང་ཀ་ཅན། །

ཨ་ཡི་མཚན་ཅན་ཀླུ་སྒྲུབ་གཉིས་པ་དྲན། ། 

བཅུ་ཕྲག་རིག་པའི་རྦ་རླབས་མ་ཞུམ་ཞིང་། ། 

འཆད་རྩོད་རྩོམ་པའི་ནོར་བུས་མ་ཕོང་བར། ། 

དཔྱོད་ལྡན་དེད་དཔོན་འདུ་བའི་ཆུ་གཏེར་དེར། ། 

མཁས་པའི་འབྱུང་གནས་ཞེས་པའི་སྙན་པ་འཕུར། ། 

བཀོད་ལེགས་ཁང་བཟང་ལྷ་ཡི་ཕོ་བྲང་འདྲ། ། 

ལྗང་མདོག་ནེའུ་གསེང་གཡུ་ཡི་མནྜལ་དངོས། ། 

གསེར་གྱི་རྒྱ་ཕིབས་ཉི་མ་བྱེ་བའི་མདངས། ། 

མིག་ལ་མངོན་པས་དད་ལྡན་དགའ་བར་བྱེད། ། 

གཡས་སུ་གངྒའི་ལྷ་མོའི་ཞབས་བསིལ་མཛེས། ། 

གཡོན་དུ་ནེ་ར་ཛ་ཉའི་དྲི་ཆབ་འཁྱིལ། །

གམ་ན་མྱ་མེད་ཀྱི་རྡོ་རིང་བརྗིད། །

གནས་འདི་ལྷ་ཡི་བཟོ་བོས་བཀོད་པ་བཞིན། ། 

རྒྱབ་རི་བཀྲ་ཤིས་སྐྱེ་བ་ལྔ་བའི་དུང་། །

མདུན་རི་བློན་པོ་འདུད་པའི་རྣམ་པ་ཅན། ། 

ངོ་མཚར་མཚན་དཔེས་འཁྱུད་པའི་གསང་བ་ཀུན། ། 

མིག་སྟོང་ལྡན་པས་བརྩིས་ཀྱང་རྙེད་མ་ཡིན། ། 

རྣམ་དག་ཁྲིམས་ཀྱི་རྩ་བ་ཤིན་ཏུ་བརྟན། ། 

ཐོས་བསམ་སྒོམ་པའི་ལོ་འདབ་ཕྱོགས་སུ་རྒྱས། ། 

གཞན་ཕན་ཁུར་གྱི་མེ་ཏོག་རྒྱས་པ་ཡི། ། 

མ་ཡུམ་སློབ་གྲྭའི་དགའ་ཚལ་ལྟ་ན་སྡུག །

མང་ཐོས་ཤེས་བྱའི་ནགས་ཀླུང་ཡངས་པོ་དེར། ། 

སྣ་མང་རིག་པའི་ཁུ་བྱུག་བརྒྱ་ཕྲག་གིས། ། 

འཕགས་བོད་གཞུང་བརྒྱའི་དཔྱིད་དཔལ་བསུས་པའི་གཏམ། །

སྙན་ངག་མཁན་པོའི་ཚིག་གིས་ཕྲིས་མ་ཡིན། །

ཅེས་པའང་ཕྱི་ལོ་ ༢༠། ༦། ༡༡། གུང་སེང་ཉིན་མོར་སྙན་ངག་འཛིན་གྲྭའི་སློབ་གྲོགས་ཚོའི་ཆེད་དུ་ཨ་འདུས་པས་ཞོགས་པའི་ཇ་ཐུན་ཙམ་ལ་ཤར་མར་བྲིས་པའོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*