བླ་མ་རྒྱང་འབོད།

        བླ་མ་རྒྱང་འབོད།

གསོལ་བ་འདེབས་སོ་བླ་མ་ས་པཎ་མཁྱེན།།
གསོལ་བ་འདེབས་སོ་ཡིད་དམ་ས་པཎ་མཁྱེན།།
གསོལ་བ་འདེབས་སོ་སངས་རྒྱས་ས་པཎ་མཁྱེན།།
གསོལ་བ་འདེབས་སོ་ཆོས་སྐྱོང་ས་པཎ་མཁྱེན།།
མཁྱེན་ནོ་མཁྱེན་ནོ་བུ་ལ་ཐུགས་རྗེས་གཟིགས།།

སངས་རྒྱས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།
དམ་ཆོས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།
དགེ་འདུན་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།
སྐྱབས་གནས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།
མཁྱེན་ནོ་མཁྱེན་ནོ་བུ་ལ་ཐུགས་རྗེས་དགོངས།།

ཐུབ་དབང་ཤཱཀྱ་འཇམ་དབྱངས་བླ་མ་ཁྱོད།།
ཤེས་རབ་ལྷ་མཆོག་འཇམ་དབྱངས་བླ་མ་ཁྱོད།།
རྗེ་བཙུན་སྒྲོལ་མ་འཇམ་དབྱངས་བླ་མ་ཁྱོད།།
སྤྱན་རས་གཟིགས་དངོས་འཇམ་དབྱངས་བླ་མ་ཁྱོད།།
མཁྱེན་ནོ་མཁྱེན་ནོ་བུ་ལ་ཐུགས་རྗེས་སྐྱོངས།།

མཁྱེན་བརྩེ་ནུས་པས་དད་མོས་བུ་སློབ་ལ།།
ལན་གཅིག་མི་གཟིགས་སྐྱབས་གནས་སུ་ལ་ཞུ།།
ཐུགས་རྗེ་ཆེན་པོས་མྱུར་དུ་འདྲེན་དུ་གསོལ།།
ལེ་ལོ་བཏང་སྙོམས་མ་ཞོག་ཐུགས་ལ་བཟུང་།།
གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ།།

ལོ་བརྒྱར་བཙལ་ཡང་སྐྱབས་གཞན་རྙེད་མིན་ན།།
སྐྱབས་མགོན་དཔུང་གཉེན་གཅིག་ཆོག་རིན་པོ་ཆེ།།
ཁྱོད་མིན་སྐལ་དམན་བདག་ལ་སྐྱབས་གནས་མེད།།
སྔོན་ཆད་བདག་འཛིན་ཉོན་མོངས་སྐྱབས་སུ་བསྟེན།།
གནོངས་འགྱོད་མཆི་མས་བཟོད་པ་བཞེས་སུ་གསོལ།།

གཟིགས་ཤིག་དགོངས་ཤིག་བླ་མ་རིན་པོ་ཆེ།།
མཁྱེན་ནོ་སྐྱོངས་ཤིག་ཆོས་རྗེ་རིན་པོ་ཆེ།།
སྩོལད་ཅིག་གནོངས་ཤིག་ས་པཎ་རིན་པོ་ཆེ།།
འདྲེན་ནོ་དྲོངས་ཤིག་འཇམ་མགོན་རིན་པོ་ཆེ།།
ཅི་དགར་མཛོད་ཅིག་བོས་པའི་ཚིག་གཅིག་གོ།

ཤི་ན་གསོན་ན་ཁྱོད་ལ་རེ་དགོས་དྲན།།
སྐྱིད་ན་སྡུག་ན་ཁྱོད་ལ་འབོད་དགོས་དྲན།།
ན་རུང་དྲག་རུང་ཁྱོད་ལ་དད་དགོས་དྲན།།
བདག་གི་ཡོད་ཚད་ཁྱོད་ལ་འབུལ་ན་དྲན།།
དྲན་ནོ་དྲན་ནོ་འཇམ་མགོན་བླ་མ་དྲན།།

བྱིས་པའི་ངུ་འབོད་རྒན་པོའི་མིག་ཆུ་མིན།།
ཆོས་པའི་གདུང་འབོད་སྐྱོ་ཤས་དེ་བས་མིན།།
བག་ཆགས་སད་མིན་དད་པའི་དགའ་ངུ་མིན།།
ཁྱོད་ལ་དད་ཅིང་ཁྱོད་ལ་དགའ་བས་ན།།
ལད་བཟློས་གདུང་འབོད་དེ་དེར་སྨོན་ནོ་ལོ།།

ཞེས་དྲྭ་མིང་རྣམ་ཤེས་ནས་སེམས་བཟང་ཆོས་ཚོགས་ཀྱི་མཆེད་པོ་ཡོངས་ལ། ངལ་གསོ་བའི་ལེགས་སྐྱེས་སུ་ཕུལ་བ་དགེའོ། འཇམ་དབྱངས་བླ་མ་རྒྱལ་གྱུར་ཅིག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*