རྨི་ལམ་ཞིང་གི་མེ་ཏོག

​ རྨི་ལམ་ཞིང་གི་མེ་ཏོག

སྐྱེ་རྒུའི་སྙིང་གི་མུན་པ་གཅོད་བྱེད་པའི། །
འཇམ་དབྱངས་མི་རུ་བརྫུས་པའི་འཁོན་གདུང་གཉིས། །
བཤེས་གཉེན་ལྷུན་པོའི་གམ་ན་ཉི་ཟླ་བཞིན། །
རྒྱལ་བསྟན་ནམ་མཁའ་མཛེས་པའི་དཔྱིད་དུ་འབར། །

ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོ། །
མཇལ་མ་ཐག་ཏུ་གཞན་ཕན་འཛུམ་བརྒྱ་གྲོལ། །
རིགས་གསུམ་མགོན་པོ་གཅིག་ཏུ་འདུས་འདྲ་བའི། །
པར་འདིས་བདག་གི་མིག་ནི་དོན་ཡོད་བྱས། །

ཕྱི་ཡི་ཀུན་སྤྱོད་རྟ་ཐུལ་ལས་ཀྱང་བཙུན། །
ནང་གི་ཤེས་རབ་ཤཱ་རིའི་བུ་བཞིན་ཟབ། །
བཟང་པོའི་ཡོན་ཏན་ཀུན་ལ་སྤེལ་མཛད་པའི། །
བཤེས་གཉེན་ཁྱེད་འདྲ་མཇལ་བས་སྐལ་བ་བཟང་། །

འཇམ་དཔལ་དབྱངས་ཀྱི་བཤེས་སུ་གྱུར་ནའང་། །
ཆེན་པོར་གྱུར་པའི་ང་རྒྱལ་ཁྱེད་ལ་མེད། །
དགུང་ན་བརྒྱད་ཅུའི་ཉག་མ་བརྒལ་ཟིན་ཀྱང་། །
འགྲོ་བའི་སླད་དུ་ནམ་ཡང་ངལ་མ་གྱུར། །

རིན་ཆེན་སེམས་ནི་དམ་པ་ཁྱེད་ལ་ལྡན། །
བཟང་པོའི་ཡོན་ཏན་མ་ལུས་ཁྱེད་ལ་མངའ། །
ད་ནི་དགོས་པ་སྐུ་ཡི་འཕྲོད་བསྟེན་ཏེ། །
ཉིན་རེ་བཞིན་དུ་ཐུགས་ལ་འདོགས་པར་ཞུ། །

སྐུ་ནི་གཡུང་དྲུང་ངོ་བོར་བརྟན་གྱུར་ཅིག །
གསུང་གི་གངྒཱ་རྒྱུན་ཆད་མེད་པར་ཤོག །
ཐུགས་ཀྱི་ཉི་མས་མུན་པ་ཀུན་བསལ་ཏེ། །
གཞན་ཕན་ལས་ཀྱིས་ས་གསུམ་ཁྱབ་གྱུར་ཅིག །

དེ་ལྟར་ཁྱེད་ཀྱི་ཐུགས་རྗེའི་མེ་ཏོག་གི །
ཉིང་བཅུད་ཡང་ཡང་འཐུང་བའི་བུང་བ་དེས། །
ཡིད་འཕྲོག་རྟེན་འདི་མཇལ་བས་རྐྱེན་བྱས་ཏེ། །
དང་བ་ཆེན་པོས་གཤོག་རྩེ་བསྐྱོད་པ་ལགས། །

ཅེས་པའང་མཇལ་བ་ཙམ་གྱིས་ཡིད་གཡོ་བར་ནུས་པའི་པར་རིས་ཁྱད་པར་ཅན་འདིས་རྐྱེན་བྱས་ཏེ་ས་སྐྱ་མཐོ་སློབ་ཀྱི་རང་ཤག་ཏུ་ཨ་འདུས་པས་ཤར་མར་བྲིས་པ་དགེའོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*