རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པས་འཇམ་དབྱངས་མཁྱེན་བརྩེ་དབང་པོར་ཕུལ་བའི་གསོལ་འདེབས།

དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་སྩལ་བའི་ཞབས་བརྟན་དངོས་དབུལ་ཕྲ་མོའི་ཐོ་ཆུང་དུ་ཕུལ་བ་ཞེས་བྱ་བ་བཞུགས་སོ།

༑ཐུབ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ། མཁས་དང་གྲུབ་པའི་ཁྱུ་མཆོག རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་གཟིགས་རྡོ་རྗེ་འཆང་ཆེན་པོའི་ཞབས་སྟེགས་རིན་པོ་ཆེའི་དྲུང་དུ། སྒར་ཆེན་གཞུང་ནས་ཞབས་བརྟན་དངོས་འབུལ་ཕྲ་མོའི་ཐོ་ཆུང་དུ་ཕུལ།
སྤྲོས་ཀུན་ཞི་ཡང་ཞི་བར་མི་གནས་ཤིང་། །
སྲིད་པར་འཇུག་ཀྱང་སྲིད་ལས་འདས་པ་ཉིད། །
རྟོག་བྲལ་ཉིད་ཀྱང་རྣམ་པ་ཐམས་ཅད་པ། །
སྒྱུ་འཕྲུལ་ཅིར་ཡང་སྟོན་མཛད་བླ་མར་བསྔགས། །

གང་གི་རང་བཞིན་བརྟན་གཡོ་ཀུན་ཁྱབ་སྲིད་ཞིའི་མཐའ་གཉིས་རྣམ་གྲོལ་ཡང་། །དམིགས་མེད་སྙིང་རྗེ་ཆུ་ཟླའི་གར་རོལ་རྒྱལ་བའི་རྒྱལ་ཚབ་ངུར་སྨྲིག་འཆར། །
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཉིད་དུ་མངོན་སྣང་འཇམ་མགོན་མཉྫུ་ཤྲཱི། །
ཀུན་མཁྱེན་རྒྱལ་བའི་སྤྱི་གཟུགས་མཆོག་གི་ཞབས་སྟེགས་གསེར་གྱི་འཁོར་ལོའི་དྲུང་། །
གང་གི་མཁྱེན་བརྩེའི་ཟླ་ཟེར་ནི། །
མཐོང་བའི་མོད་ལ་ལག་པད་ཀྱང་། །
བཟླུམས་ནས་མངོན་འདོད་དད་གསུམ་གྱི། །
ཀུན་དགའ་རྒྱས་པས་འདི་སྐད་གསོལ། །

གང་ཞིག་ཆོས་དབྱིངས་སྤྲོས་མཐའ་ཀུན་བྲལ་ཡེ་ཤེས་ཆེ། །
གཟོད་ནས་བརྙེས་ཀྱང་བརྩེ་ཆེན་ཐུགས་རྗེའི་གཞན་དབང་གིས། །
མཁའ་ཁྱབ་འགྲོ་འདུལ་གཟུགས་སྐུ་རྣམ་གཉིས་རྫོགས་ལྡན་སྤྲིན། །
ངོ་མཚར་རྣམ་མང་སྒྱུ་འཕྲུལ་ནོར་བུའི་ཆར་རྒྱུན་བསྙིལ། །

བསིལ་རིའི་མུ་ཁྱུད་འཛིན་པར་སྨན་ལྗོངས་འདིར། །
སྙིགས་ལྔའི་ལང་ཚོ་བརྟས་པའི་སྐྱེ་རྒུ་རྣམས། །
ཕན་བདེའི་གྲིབ་མ་སྟོར་ལ་སླར་ཡང་ནི། །
མགོན་ཁྱོད་ཐུགས་བསྐྱེད་ལྷག་པར་དར་བ་ལས། །

བསླབ་གསུམ་རྩ་བ་རབ་བརྟན་དཔག་བསམ་དབང་། །
མཁས་པའི་ཚུལ་དགུའི་རྣམ་དཔྱོད་ཡལ་འདབ་རྒྱས། །
གྲུབ་གཉིས་དཔལ་གྱི་འབྲས་བུ་གཡུར་དུ་སྨིན། །
བསྟན་འཛིན་ལྗོན་བཟང་དབང་པོ་གཅིག་པུར་གྲུབ། །

གངས་ལྗོངས་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བརྒྱད། །
རྒྱལ་བསྟན་རིན་ཆེན་དབྱིག་གིས་རྒྱས་མཛད་ནས། །
མཁྱེན་རབ་གོམ་སྟབས་གཅིག་གིས་ས་གསུམ་པོ། །
དབང་སྒྱུར་ཁྱབ་འཇུག་གཉིས་པའི་བརྟུལ་ཞུགས་བཟུང་། །

བཀའ་བབས་རིན་ཆེན་རྣམ་བདུན་མཛོད་ཁང་ལས། །
སྤོབས་པའི་གཏེར་ཁ་བརྒྱད་ཀྱི་སྒོ་ཕྱེ་བས། །
སྨིན་གྲོལ་གཏན་པ་མེད་པའི་མཆོད་སྤྲིན་མཁན། །
གང་གི་བཀའ་དྲིན་བསམ་གྱིན་སྙིང་ནས་དད། །

རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་ལ། །
ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མང་མོད་ཀྱང་། །
སྙིགས་མཐར་བསྟན་ལ་སྨན་པའི་ཕྲིན་ལས་ཅན། །
ཁྱོད་མཚུངས་གཉིས་པ་འཇིག་རྟེན་འདིར་མ་དམིགས། །

ད་ལྟ་ཉིད་ན་གང་གི་གསང་བ་གསུམ། །
འཆི་མེད་རྟག་པ་དམ་པའི་རང་བཞིན་དུ། །
འཕོ་འགྱུར་བྲལ་བར་བཞུགས་ནས་རྟག་ཁྱབ་ཀྱི། །
ཕྲིན་ལས་སྣང་བས་མཁའ་མཐར་རྒྱས་མཛད་གསོལ། །

ཅེས་ཚིགས་སུ་བཅད་པའི་ཕྲེང་བ་ཁ་ཤས་ཀྱིས་མདུར་བདར་ནས་གང་གི་གསང་བ་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྣམ་པར་ཐར་བ་ངོ་མཚར་རྨད་དུ་བྱུང་བ་ལ་སྙིང་ནས་ཡིད་ཆེས་པའི་ དྭངས་འདོད་དད་པས་དྲངས་ནས་མགོན་པོ་མཁྱེན་ནུས་བརྩེ་བའི་གཏེར་ཆེན། རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས། བསྟན་པ་ཡོངས་རྫོགས་ཀྱི་སྲོག་ཟུང་བླ་ན་མེད་པ། ངེས་པ་དོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཆོག་ཉིད་གསང་བ་གསུམ་གྱི་བཀོད་པ་འདི་ཉིད་ཁོ་ན་འཆི་མེད་རྟག་པ་དམ་པའི་རྡོ་རྗེའི་ཆོས་བདུན་གྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་རྡོ་རྗེའི་མདུད་རྒྱ་མི་ལྷོད་པར་བརྟན་ཅིང་། ཟབ་པ་དང་རྒྱ་ཆེ་བའི་གསང་བ་བསམ་གྱིས་མི་ཁྱབ་པའི་དམ་ཆོས་གསེར་གྱི་འཁོར་ལ་རྩིབས་སྟོང་ཕྱོགས་ཀྱི་འཁོར་ལོར་བསྒྱུར་བར་གསོལ་བ་འདེབས་པ་དང་ལྷན་ཅིག་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་ཆོག་དང་འགྲོལ་བའི་བརྟན་བཞུགས་རབ་བརྟན་རྡོ་རྗེའི་སྒོ་ནས་མཁའ་འགྲོ་སུན་ཟློག་དང་རྗེས་འབྲེལ་བཀྲ་ཤིས་མངའ་དབུལ་གྱི་ཆོ་ག་བཅས་མེ་ཏོག་མཆོད་རྫས་ཀྱི་དཔེ་ལྟར་དངོས་འབུལ་ཕྲ་མོ་བསྟར་བའི་ཐོག་མར་བཀྲ་ཤིས་ལྷ་གོས་ཀཻ་ལ་ཤའི་མདངས་འཛིན་སྲིད་རིང་ཕོན་ཚར་མ་ཉམས་པ། སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རེ་ཁཱ་བཀྲ་བ། རིན་ཆེན་གཉིས་པའི་མཎྜལ་ཞིང་ཁམས་རྒྱ་མཚོའི་ཚོམ་བུས་མཛེས་པ་དར་སྣའི་ཆུན་འཕྱང་ཅན། སྐུ་རྟེན་རིན་ཆེན་གཉིས་པ་ལས་གྲུབ་པའི་འཕགས་མཆོག་མིག་མི་འཛུམ་གྱི་བྱིན་སྐུ་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་ཕྱག་གཟོ་ཁྱད་ཅན་ནམ་ལྡན། གསུང་རྟེན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་ནམ་ལྡན། ཐུགས་རྟེན་བཀའ་གདམས་ལི་མའི་མཆོད་རྟེན་ནམ་ལྡན། མཛོད་གོས་++ བཅས་འབུལ་ལམ་ཞུས་པ་ལགས་ན། དངོས་འབུལ་པད་སྐུད་ལྟར་ཆེས་ཆེར་ཕྲ་ཡང་ལྷག་བསམ་དག་པ་ཁོ་ན་རྒྱུ་མཚན་དུ་བགྱི་སྟེ། སླར་ཡང་གསོལ་བ་འདེབས་པ།

གྲུབ་པར་གྱུར་ཅིག་མཆི་མེད་ཚེ་ཡི་ལྷ། །
པདྨ་ཀཱ་ར་ལྷ་དང་དྲང་སྲོང་ཚོགས། །
མཆི་མེད་གྲུབ་པ་རྣམས་ཀྱི་བདེན་པའི་མཐུས། །
བཀྲ་ཤིས་ཚེ་དབང་དམ་པའི་མཆོག་སྦྱིན་མཛོད། །

གང་སྐུ་མི་འགྱུར་རྟག་པ་དམ་པའི་དངོས། །
གང་གསུང་སྨིན་གྲོལ་བདེན་དོན་འཇོ་བའི་དཔྱིད། །
གང་ཐུགས་མི་ཤིགས་འཕོ་བྲལ་འགྱུར་བ་མེད། །
གསང་གསུམ་བསྟན་འགྲོའི་མགོན་དུ་འཚོ་གཞེས་གསོལ། །

ཐུབ་བསྟན་སྙིང་པོ་གསལ་བའི་རྟ་བདུན་དབང་། །
ཁྱོད་ཉིད་ཁོ་ནའི་ཐུགས་རྗེའི་འཇུག་པ་སྟེ། །
སླར་ཡང་བཤད་སྒྲུབ་དགའ་སྟོན་སྤེལ་བཞིན་དུ། །
བསྐལ་བ་རྒྱ་མཚོར་མི་ནུབ་འཚོ་གཞེས་གསོལ། །

རྣམ་དག་ཚུལ་ཁྲིམས་གསུམ་གྱི་རྒྱལ་མཚན་ཆེ། །
བརྩེ་ཆེན་ཐུགས་རྗེའི་གཟི་བྱིན་ལྷམ་མེ་བ། །
ཐེག་མཆོག་ཏིང་འཛིན་ནོར་བུའི་ཏོག་གིས་བརྗིད། །
ཕྱོགས་ལས་རྣམ་པར་རྒྱལ་བཞིན་ཞབས་བརྟན་གསོལ། །

འཇ༵མ་དབྱ༵ངས་ཚངས་པ་ལྷ་ཡི་མེ་ཏོག་གི །
ཐུགས་བསྐྱེད་མཁྱེ༵ན་བརྩེ༵འི་སྒོ་བརྒྱད་ཕྱེ་བ་ལས། །
དབ༵ང་ཆེན་གྲུབ་པའི་དཔའ་བོ་ཆེན་པོ༵་ཉིད། །
ཀུ༵ན་བཟང་དག༵འ་སྟོན་རྒྱས་ཕྱིར་འཚོ་བཞེས་གསོལ། །

ལུང་རྟོགས་བསྟ༵ན་པ༵འི་པད་ཚལ་རྒྱས་པའི་གཉེན། །
ཆོས་ཀྱི་རྒྱ༵ལ་མཚ༵ན་ཆེ་ཁྱོད་ཁོ་ནར་རག །
དེ་ཕྱིར་དཔ༵ལ་ལྡན་རྟག་པ་དམ་པའི་སྐུ། །
བཟ༵ང་པོ༵་བསྐལ་པའི་ཡུན་དུ་འཚོ་གཞེས་གསོལ། །

ཀུན་མཁྱེན་པ༵དྨ༵འི་གདུང་འཚོབ་མཁྱེན་གསུམ་འོ༵ད། །
ཀུན་གས༵ལ་རྒྱན་གཅིག་མཁྱེན་བརྩེའི་གཟི་འབར་བ། །
མདོ༵་སྔ༵གས་གླི༵ང་འདིར་བསྐལ་བརྒྱར་ཞབས་བརྟན་ནས། །
བསྟན་འགྲོའི་དགེ་ལེགས་སྣང་བ་རྒྱས་མཛད་གསོལ། །

བཀྲ་ཤིས་རབ་རྒྱས་ཐུགས་བསྐྱེད་དུས་བབས་ཀྱི། །
བཀྲ་ཤིས་སྙན་པ་སྒྲོགས་པའི་ཆོས་ཀྱི་དུང་། །
བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཀྱིས། །
བཀྲ་ཤིས་ཕན་བདེའི་པདྨོ་རྒྱས་གྱུར་ཅིག །
ཅེས་དཔལ་ཀརྨ་པའི་མཚན་གྱི་བྱིན་རླབས་འཛིན་པ་བཅོ་ལྔ་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ།

ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་འབུམ་པོད་༼ཉ༽ པར་ཡུལ་དམ་པ་དང་བར་མར་བཅས་ལ་ཕུལ་བའི་ཞུ་ཕྲིན་དང་། ཆབ་ཤོག་སྐོར་ཞེས་པ་ལས་བཏུས། བོད་ལྡེབས་ཞེ་དྲུག་ན། རྒྱ་ལྡེབས་༨༠༩

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*