ཁ་འབབ་རྣམ་བཞིའི་ཆུ་བོ་བཞི་ལས་འཕྲོས་པའི་གཏམ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།
རྩོམ་པ་པོ། ཐུབ་བསྟན་ལེགས་བཤད་བཟང་པོ།
ངོ་མཚར་མཁྱེན་པའི་འཁོར་ལོའི་མུ་ཁྱུད་ལ། །བརྟན་གཡོའི་ཆོས་ཀུན་ཟླུམ་པའི་དཔལ་ལྡན་པའི། །ཤེས་རབ་ནོར་བུའི་མཛོད་གྱུར་ཤཱཀྱ་ཐུབ། །སྙིང་དབུས་མི་ཤིགས་ཐིག་ལེར་རོལ་བར་མཛོད། །དེ་ལ་འདིར་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱིས་མཛད་པའི་སྡོམ་སྡེའི་ཚིག་མཛོད་ཆེན་མོ་ལས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ངོས་བཟུང་བའི་ཚུལ་ལ་དཔྱད་པར་བྱ་བ་ལ། རང་ལུགས་ཁ་འབབ་རྣམ་བཞིའི་ཆུ་བཞི་ངོས་བཟུང་བ་དང་། གཞན་ལུགས་མི་འཐད་པར་དགག་པ་དང་། དེ་ལ་རྩོད་པ་སྤོང་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། ཁ་འབབ་རྣམ་བཞིའི་ཆུ་བོ་ཞེས་རང་རེ་བོད་ལ་གྲགས་པ་ནི། བོད་ཡུལ་གྱི་ཆུ་བཞི་ལ་ཟེར་བ་མིན་པར་རྒྱ་གར་གྱི་ཡུལ་གྱི་ཆུ་བོ་ཆེན་པོ་བཞི་ལ་གོ་བ་ནི་ཀུན་ཀྱིས་ཤེས་ལ། རྒྱ་གར་གྱི་ཆུ་བོ་དེ་བཞིའི་མགོ་བོ་ནི་བོད་ཡུལ་ནས་ཐོན་པར་གྲགས་ཤིང་ཆུ་མགོ་ངོས་འཛིན་ལུགས་མི་འདྲ་བ་ཡོད་མཆི་ཡང་དོན་ལ་དེ་ལྟར་བོད་ནས་ཐོན་པར་བྱས་ཀྱང་རུང་བར་མངོན་ནོ། །འོ་ན་ཁ་འབབ་ཆུ་བོ་རྣམ་བཞི་དེ་གང་། དེ་ལྟར་བཞི་རུ་བགྲང་བའི་ལུགས་དེ་སུས་མཛད་ཅེ་ན། འདི་ལྟ་སྟེ། ཆུ་བོ་ཆེན་པོ་གངྒཱ་དང་། ཆུ་བོ་ཆེན་པོ་སིནྡྷུ་དང་། ཆུ་བོ་ཆེན་པོ་པཀྵུ་དང་། ཆུ་བོ་ཆེན་པོ་སི་ཏ་བཞི་ལ་ཆུ་བོ་ཆེན་པོ་བཞི་རུ་བགྲང་བ་གང་ཞིག །དེ་ལྟར་བགྲང་བའི་ལུགས་དེ་སྔོན་རྒྱ་གར་གྱི་ཡུལ་གྲུ་སྤྱི་ལ་གྲགས་པ་ཞིག་ཡིན་ངེས་ལ། རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པས་མིང་གྲངས་དེ་ལྟར་མཛད་པ་ཡིན་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། ཆུ་བོ་ཆེན་པོ་བཞི་པོ་འདི་དག་ཕྱོགས་བཞིར་འབབ། །གང་གཱ་སིན་དྷུ་དེ་བཞིན་པཀྵུ་དང་། །སི་ཏ་དེ་ལ་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐུབ་པ་དགེ་འདུན་བཅས་པར་བཞུགས། །ཞེས་དང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། མཚོ་དེ་ལས་ཆུ་ཀླུང་ཆེན་པོ་བཞི་འབྱུང་ངོ་། །བཞི་གང་ཞེ་ན། ཆུ་བོ་གང་གཱ་དང་། སིན་དྷུ་དང་། སིད་ཏ་དང་། པཀྵུ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་དག་ལ་ཁ་འབབ་རྣམ་བཞིའི་ཆུ་བོ་ཞེས་ཅི་ལ་བརྗོད་ཅེ་ན། དེ་བཞི་ལས་ཆུ་བོ་གང་གཱ་ནི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་འབབ་པ་དང་། ཆུ་ཀླུང་ཆེན་པོ་སི་ཏ་ནི་བྲག་སེང་གེའི་ཁ་འདྲ་བ་ནས་འབབ་པ་དང་། ཆུ་ཀླུང་ཆེན་པོ་སིན་དྷུ་ནི་བྲག་བ་གླང་གི་ཁ་འདྲ་བ་ནས་འབབ་པ་དང་། ཆུ་ཀླུང་ཆེན་པོ་པཀྵུ་ནི་བྲག་རྟའི་ཁ་འདྲ་བ་ནས་འབབ་པས་ན་ཁ་བབས་ཞེས་འབོད་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ཤིན་ཏུ་རྒྱས་པ་ཆེན་པོའི་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པའི་གནས་ན། ཆུ་ཀླུང་ཆེན་པོ་མ་དྲོས་རྙོགས་མེད་པ། དང་བ་འོད་གསལ་བ། དྲི་མ་མྱེད་པ་དག་པ། ནམ་མཁའ་ལྟ་བུ་དྲི་མ་དང་བྲལ་བ་བཞི་འབབ་སྟེ། དེ་དག་ཀྱང་གཉིས་དང་གསུམ་དང་བཞིའི་སྒོ་ནས་འབབ་སྟེ། འདི་ལྟར་ཆུ་ཀླུང་ཆེན་པོ་གང་གཱ་ནི་གླང་པོའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་སེང་གེའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་གླང་གི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པཀྵུ་ནི་རྟའི་ཁ་ནས་འབབ་བོ། །དེ་དག་དེ་ལྟར་ཕྱོགས་བཞི་ནས་ཁ་བཞི་འབབ་སྟེ། ཞེས་གསུངས་པའི་ཕྱིར། དེ་ཡང་ཆུ་བོ་གང་གཱ་ནི་བྲག་ཁའི་དོང་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་དངུལ་གྱི་ཁ་དོག་ལྟ་བུ་དཀར་པོའི་རྣམ་པ་དང་ཆུའི་འགྲམ་གྱི་བྱེ་མ་ཡང་དངུལ་གྱི་མདོག་ལྟར་སྐྱ་བོ་ལ་དེར་གནས་ནས་འབབས་པ་དང་། ཆུ་ཀླུང་སི་ཏ་ནི་བྲག་ཁའི་དོང་ནས་རྡོ་རྗེའི་བྱེ་མ་འདྲེན་ཅིང་ཁ་དོག་སྔོ་སྐྱ་ལ་ཀླུང་འགྲམ་གྱི་བྱེ་མ་ཡང་རྡོ་རྗེའི་བྱེ་མ་ལ་གནས་ནས་འབབས་པ་དང་། ཆུ་ཀླུང་སིན་དྷུ་ནི་བྲག་ཁའི་དོང་ནས་གསེར་གྱི་བྱེ་མ་འདྲེན་ཅིང་ཁ་དོག་སེར་པོ་ལ་ཀླུང་གི་བྱེ་མ་ཡང་གསེར་གྱི་བྱེ་མ་ལྟར་སེར་པོ་ལ་གནས་ནས་འབབས་པ་དང་། ཆུ་ཀླུང་ཆེན་པོ་པཀྵུ་ནི་བྲག་ཁའི་དོང་ནས་བཻ་ཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་ཁ་དོག་བཻ་ཌཱུརྱའི་མདོག་ཅན་ལ་ཀླུང་གི་བྱེ་མ་ཡང་བཻ་ཌཱུརྱ་སྔོན་པོའི་བྱེ་མ་ལ་གནས་ནས་འབབས་པར་གསུངས་ཏེ། ཕལ་པོ་ཆེའི་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་མདོ་ལས། ཆུ་ཀླུང་གང་གཱ་ནི་དོང་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ། དངུལ་གྱི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སི་ཏ་ནི་དོང་ནས་རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ་སྟེ། རྡོ་རྗེའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སིན་དྷུ་ནི་དོང་ནས་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ། གསེར་གྱིས་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་པཀྵུ་ནི་དོང་ནས་བཻ་ཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ་སྟེ། བཻ་ཌཱུརྱ་སྔོན་པོའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་གང་གཱ་ནི་ལྷ་རྫས་ཀྱི་དངུལ་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་པོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་ལྷ་རྫས་ཀྱི་རྡོ་རྗེའི་ཁ་དོག་ལྟ་བུའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་ལྷ་རྫས་ཀྱི་གསེར་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པཀྵུ་ནི་ལྷ་རྫས་ཀྱི་བཻ་ཌཱུརྱ་སྔོན་པོའི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཞེས་གསུངས་པའི་ཕྱིར། མདོ་དེ་ཉིད་ལས། ཆུ་ཀླུང་ཆེན་པོ་དེ་བཞི་ཡང་ཁའི་སྒོ་དཔག་ཚད་ཙམ་གྱི་ཚད་ནས་འབབ་སྟེ། དེ་དག་འབབ་པའི་ཚེ་རེ་རེས་ཀྱང་མཚོ་ཆེན་པོ་ལ་ལན་བདུན་དུ་གཡས་སུ་བསྐོར་ཏེ། ཕྱོགས་བཞིར་འབབ་ཅིང་རྒྱ་མཚོ་ཆེན་པོ་གངས་ཆེན་མཚོ་ལ་ཞེན་པར་འདོང་ངོ་། །ཞེས་མཚོ་མ་དྲོས་པ་ལ་ལན་བདུན་གཡས་སུ་བསྐོར་ནས་འབབས་ཀྱིན་ཡོད་པར་གསུངས་པ་ནི་ཕལ་ཆེར་ས་འོག་ནས་དེ་ལྟར་རྒྱུ་བ་མཁྱེན་ནས་གསུངས་པ་ཡིན་སྲིད་ཀྱི་ས་སྟེང་དུ་ཐོན་ནས་བཞུར་བའི་དབང་དུ་བཏང་ན་དེ་ལྟར་རྒྱུ་བཞིན་མེད་པ་ནི་མངོན་སུམ་གྱིས་གསལ་ལོ། །ཆུ་བོ་ཆེན་པོ་དེ་དག་ནི་མིང་གི་རྣམ་གྲངས་ཀྱང་མངོན་བརྗོད་ལྟར་ན། གངྒཱ་ལ་ནི། རྒྱ་གར་གྱི་སློབ་དཔོན་འཆི་བ་མེད་པའི་སེངྒེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལས། གངྒཱ་ཁྱབ་འཇུག་རྐང་པ་དང་། །ཛ་ཧུའི་བུ་མོ་ལྷའི་ཆུ་བོ། །སྐལ་ལྡན་ཤིང་རྟ་ལམ་རྟ་འགྲོ། །གསུམ་འབབ་འཇིགས་སྡེ་སྐྱེད་མ་དང་། ཞེས་དང་། རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པའི་རྡོ་རྗེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ལས། ཡན་ལག་བརྒྱད་ལྡན་འཆི་མེད་ཆབ། །ནམ་མཁའི་ཆུ་བོ་དྲག་པོའི་ཐོད། །ཛ་ཧུའི་བུ་མོ་གསེར་ལྡན་མ། །རྒྱུན་གསུམ་པ་དང་ལམ་གསུམ་འགྲོ། །གླང་ཆེན་ཁར་འབབ་འཇིགས་སྡེ་མ། །ཁྱབ་འཇུག་རྐང་པ་ཆུ་སྦྱིན་མ། །སྐལ་ལྡན་ཤིང་རྟའི་བུ་མོ་དང་། །གངྒཱ་ལྷ་ཡི་ཆུ་བོའོ། །ཞེས་གསུངས་པ་ལྟར་གྱི་མིང་དང་། པཀྵུ་ལ་ནི། འཆི་མེད་མཛོད་ལས། ཉི་མའི་བུ་མོ་ཀཱ་ལིནྡཱ། །ཞི་བའི་སྲིང་མོ་ཡ་མུ་ནཱ། །ཞེས་དང་། མཁས་པའི་རྣ་རྒྱན་ལས། ཉི་མའི་བུ་མོ་གདུང་བྱེད་མ། །ཞི་བའི་སྲིང་མོ་ཡ་མུ་ནཱ། །རྩོད་ལྡན་ཀཱ་ལིནྡཱའི་བུ་མོ། །གཤིན་རྗེའི་སྲིང་མོ་པཀྵུའོ། །ཞེས་གསུངས་པ་ལྟར་གྱི་མིང་དང་། སིནྡྷུ་ལ་ནི། འཆི་མེད་མཛོད་ལས། རེ་བཱ་དང་ནི་ནརྨ་དཱ། །ཟླས་བྱུང་རི་བོའི་བུ་མོ་དང་། །ཞེས་དང་། མཁས་པའི་རྣ་རྒྱན་ལས། རྩེད་འཇོའི་ཆུ་བོ་ནརྨཱ་དཱ། །སྔོན་གྱི་གངྒཱ་ཟླ་བ་སྐྱེས། །རི་བོའི་བུ་མོ་མང་པོ་བྱིན། །རེ་བཱ་ཆུ་བོ་སིནྡྷུའོ། །ཞེས་གསུངས་པ་ལྟར་གྱི་མིང་དང་། སི་ཏ་ལ་ནི། འཆི་མེད་མཛོད་ལས། ལག་པའི་ཆུ་བོ་རྟག་ཏུ་འབབ། །དཔུང་བ་བྱིན་དང་དཀར་འབབ་མ། །ཆུ་བོའི་ཤིང་རྟ་བརྒྱར་གྱེས་དང་། །ཞགས་པ་གྲོལ་དང་བི་པཱ་ཊ། །ཁྲག་བབ་གསེར་གྱི་ལག་པའོ། །ཞེས་དང་། མཁས་པའི་རྣ་རྒྱན་ལས། བརྒྱར་གྱེས་ཞགས་གྲོལ་དཔུང་བས་བྱིན། །སྲིད་སྒྲུབ་མ་དང་རྟག་ཏུ་འབབ། །ཁྲག་འབབ་དབྱིག་གི་དཔུང་བ་དང་། །ལག་པའི་ཆུ་བོ་སི་ཏའོ། །ཞེས་གསུངས་པ་ལྟར་གྱི་མིང་རྣམས་ཡོད་པའི་ཕྱིར་རོ། །ཆུ་བོ་ཆེན་པོ་དེ་བཞི་ཡུལ་གང་དུ་ཡོད་དང་། དངོས་སུ་གང་ལ་ངོས་འཛིན་པའི་ཚུལ་ནི། ཆུ་བོ་གངྒཱ་ནི། གངས་ཏི་སེའི་ཤར་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ནས་འབབ་སྟེ་རྒྱ་གར་ཡུལ་དབུས་བརྒྱུད་ནས་ཤར་ཕྱོགས་ནས་རྒྱ་མཚོ་ཆེན་པོར་འཇུག་གིན་ཡོད་ལ། ཁ་ཅིག་གིས་གངྒཱ་དེ་ནུབ་ཕྱོགས་སུ་བབས་ནས་ཕ་ཀི་སི་ཐན་གྱི་ཤར་ངོས་ནས་རྒྱ་མཚོར་འབབ་པ་དེ་ཡིན་ཟེར་བ་ལྟར་ནི་མིན་པར་འཛམ་གླིང་ན་གྲགས་ཆེ་ཞིང་ས་ཆ་གང་དུ་རྒྱུ་བཞིན་ཡོད་པ་མཆོག་དམན་གཉིས་ཀས་ཤེས་པ་ལྟར་ཡིན་པས་མང་དུ་བཤད་ལྟ་ཅི་ཞིག་མཆིས། འོན་ཀྱང་བོད་རྣམས་ཀྱིས་ནོར་ནས་གངྒཱ་ལ་རྨ་བྱ་ཁ་འབབ་(马甲藏布-孔雀河)ཅེས་འབོད་པ་ནི་ནོར་འཁྲུལ་དུ་རིགས་པར་བྱ་ལ། གལ་ཏེ་བོད་རྣམས་མ་ནོར་ན་དྲངས་མ་ཐག་པའི་ཕལ་བོ་ཆེའི་མདོ་སོགས་མདོ་དང་བསྟན་བཅོས་མང་པོ་ཞིག་ནོར་བ་ཡིན་དགོས་ཤིང་། དེ་ཡིན་ཞེས་ནང་པ་བ་མ་ཟད་ཕྱི་གླིང་པ་ནང་ཆོས་ལ་མི་དད་པའི་མཁས་པས་ཀྱང་ཁས་ལེན་ག་ལ་སྲིད་དེ་མི་སྲིད་དོ། །དེས་ན་གངྒཱ་ནི་གླང་ཆེན་ཁ་འབབ་ཡིན་གྱི་རྨ་བྱ་ཁ་འབབ་མ་ཡིན་པ་ཤེས་པར་བྱའོ། །ཆུ་བོ་སིན་དྷུ་ནི། གངས་ཏི་སེའི་ནུབ་ནས་འབབ་སྟེ་མཐར་གངས་ཏི་སེ་དང་རྒྱ་གར་གྱི་ནུབ་རྒྱུད་ཀྱི་ཡུལ་གྲུ་ཆེན་པོའི་ལྷོ་ཕྱོགས་སུ་བཞུར་ནས་ཕ་ཀི་སི་ཐན་གྱི་ཡུལ་དབུས་བརྒྱུད་དེ་ལྷོ་ནུབ་ནས་རྒྱ་མཚོ་ཆེན་པོར་འདྲེས་བཞིན་ཡོད་ལ། སིནྡྷུ་ཆུ་བོ་དང་། ཧིན་དྷུ་ཆུ་བོ་དང་། ཨིན་དྷུས་ཆུ་བོ་ཞེས་ས་ཁྲ་ཡན་ཆད་ལ་གསལ་བོར་བྲིས་པ་ལྟར་ཡིན་པས་ཤེས་སླའོ། །བོད་རྣམས་ཀྱིས་སིནྡྷུ་ལ་སེངྒེ་ཁ་འབབ་(狮泉河-狮口河-森格河) ཞེས་འབོད་སྲོལ་ཆགས་པ་ནི་ནོར་བ་ཡིན་ཏེ། ཆུ་ཀླུང་ཆེན་པོ་སིན་དྷུ་ནི་གླང་གི་ཁ་ནས་འབབ་བོ། །ཞེས་ཕལ་ཆེན་གྱི་མདོ་དྲངས་མ་ཐག་པ་ལྟར་མདོ་དང་བསྟན་བཅོས་ཚད་མ་དག་ལས་བ་གླང་ངམ་ཁྱུ་མཆོག་གི་ཁ་འདྲ་བའི་བྲག་ལས་འབབ་བཞིན་ཡོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་སིནྡྷུ་ནི་བ་གླང་ཁ་འབབ་བམ་ཁྱུ་མཆོག་ཁ་འབབ་ཡིན་གྱི་སེངྒེ་ཁ་འབབ་ནི་མ་ཡིན་པར་སེམས་ལ་ཆོངས་ཤིག། འོ་ན་མདོ་སོགས་ལས་ཆུ་བོ་འདི་ལྷོ་ཕྱོགས་ནས་འབབ་པར་བཤད་ལ། དོན་ལ་གངས་ཏི་སེའི་ནུབ་ནས་འབབ་བཞིན་པས་མདོ་སོགས་ནོར་རོ་ཞེ་ན། དེ་ནི་ནོར་བ་མ་ཡིན་ཏེ། མགོ་བོ་གངས་ཏི་སེའི་ནུབ་ནས་འབབ་བཞིན་པ་བདེན་མོད་ཆུ་ཀླུང་དེ་གངས་ཏི་སེའི་ལྷོ་ཕྱོགས་དང་རྒྱ་གར་གྱི་ནུབ་རྒྱུད་ཀྱི་ཡུལ་གྲུ་ཆེན་པོ་དེའི་ལྷོ་རུ་འབབ་པས་ན་དེ་ལྟར་གསུངས་པ་ཡིན་པར་གདོན་མི་ཟ་པའི་ཕྱིར་རོ། །ཆུ་བོ་པཀྵུ་ནི་ངོས་འཛིན་ལུགས་མི་འདྲ་བ་གཉིས་བྱུང་སྟེ། ཆུ་བོ་ཡ་མུ་ན་དང་གཅིག་ཏུ་འདོད་པའི་ལུགས་ལྟར་ན་ནི། མགོ་བོ་གངས་ཏི་སེའི་ལྷོ་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ནས་ཐོན་ཅིང་རྒྱ་གར་གྱི་རྒྱལ་ས་དྷི་ལི་གསར་བའི་ཉེ་ཟུར་ནས་འབབ་སྟེ་གངྒཱ་དང་འདྲེས་བཞིན་ཡོད་པ་ས་ཁྲ་ལ་བལྟས་པ་ཙམ་གྱིས་ངོས་ཟིན་སླ་ལ། ཁ་ཅིག་མགོ་བོ་གངས་ཏི་སེའི་ལྷོ་ནས་ཐོན་ཏེ་ཀིསྨིས་དང་ཁྲ་མོའི་ཡུལ་བརྒྱུད་ཅིང་ནུབ་ཏུ་བབས་ནས་སིནྡྷུ་ཆུ་བོ་དང་འདྲེས་པའི་ཆིས་ན་བྷུའམ་ཆིས་ནབ་(奇纳布河Chenab River)གཙང་བོ་དང་། ཨིན་ཡིག་གིས་ཨོབ་ན་བྷོ་ཆུ་བོ་(Odd naboo river)རུ་གྲགས་པ་ད་ལྟའི་ས་ཁྲ་ལ་བལྟས་ནའང་ངོས་ཟིན་སླ་བ་དེ་ཡིན་པར་འདོད་དོ། །ཡང་བོད་རྣམས་ཀྱིས་པཀྵུ་ལ་གླང་ཆེན་ཁ་(象泉可-朗钦藏布)འབབ་ཅེས་འབོད་པ་ནི་ནོར་ཏེ། ཆུ་ཀླུང་ཆེན་པོ་པཀྵུ་ནི་རྟའི་ཁ་ནས་འབབ་བོ། །ཞེས་ཕལ་བོ་ཆེའི་མདོ་དྲངས་མ་ཐག་པ་ལྟར་མདོ་དང་བསྟན་བཅོས་དུ་མ་དང་འགལ་བའི་ཕྱིར་རོ།
།དེས་ན་པཀྵུ་ནི་རྟ་མཆོག་ཁ་འབབ་ཡིན་གྱི་གླང་ཆེན་ཁ་འབབ་མ་ཡིན་པར་ཤེས་རིགས་སོ། །ཆུ་བོ་སི་ཏ་(སཱི་ཏཱ)ནི། གངས་ཏི་སེའི་བྱང་ཕྱོགས་ནས་ཐོན་ཏེ། མངའ་རིས་བརྒྱུད་བོད་ཡུལ་ནས་བཞུར་ནས་རྒྱ་གར་གྱི་ཤར་ཕྱོགས་བྷང་ག་ལ་ནས་ཆུ་བོ་གངྒཱ་དང་འདྲེས་ནས་ཤར་ནས་རྒྱ་མཚོར་འབབ་པའི་ཆུ་བོ་དེ་ཡིན་ནོ། །ཡང་བོད་རྣམས་ཀྱིས་སི་ཏ་ལ་རྟ་མཆོག་ཁ་འབབ་(马泉河)ཅེས་འབོད་པ་ནི་ནོར་ཏེ། ཆུ་ཀླུང་ཆེན་པོ་སི་ཏ་ནི་སེང་གེའི་ཁ་ནས་འབབ་བོ། །ཞེས་ཕལ་བོ་ཆེའི་མདོའི་ལུང་ལྟར་ཆུ་ཀླུང་འདི་ལ་སེངྒེ་ཁ་འབབ་ཟེར་བ་ཡིན་པ་གཞུང་དུ་མར་བཤད་པའི་ཕྱིར་རོ། །དེས་ན་རྟ་མཆོག་ཁ་འབབ་ཡིན་ཞེས་མདོ་དང་འགལ་བའི་རྒྱུ་མཚན་མེད་པའི་གཏམ་མ་སྨྲ་ཅིག། དེ་ཡང་ཁ་འབབ་རྣམ་བཞིའི་གྲས་སུ་ཆུ་བོ་ཡ་མུ་ན་བགྲང་བའི་ཚུལ་ཡོད་དེ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལས། ཆུ་བོ་གང་གཱའི་འགྲམ་དང་ནི། །དེ་བཞིན་ལེགས་མཛེས་ཡ་མུ་ན། །སིནྡུ་ནར་མ་དཱ་ནང་དང་། །ཟླ་བའི་ཆ་ནི་གཙང་ངོགས་དང་། །དེ་བཞིན་ཀཱ་བའི་ས་ར་སྭད། །ཆུ་བོ་ཆེན་པོ་སཱི་ཏ་རྣམས། ། འདི་དག་གྲུབ་པའི་ཞིང་དུ་ནི། །སྟོབས་བཅུ་ལྡན་སྲས་རྣམས་ཀྱིས་བཤད། །ཅེས་གསུངས་པའི་ཕྱིར་རོ། །ཡང་བོད་ཀྱི་མཁས་པ་འགའ་ཡིས་ཡར་ཀླུང་གཙང་བོ་ལ་ཆུ་བོ་ལོ་ཧི་ཏ་ཞེས་འབོད་པ་ཡིན་པར་བཤད་ལ། དེ་ཡང་ཁུངས་མེད་པ་མིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་འདི་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་གསུངས་པ་དེ་ཁུངས་སུ་རུང་བའི་ཕྱིར། ཁོ་ན་རེ། ལོ་ཧི་ཏ་ཡར་ཀླུང་གཙང་བོ་ཡིན་ཏུ་འཆུག་ཀྱང་། དེ་ལྟར་ལོ་ཧི་ཏ་ཆུ་བོ་བཞིའི་ཁོངས་སུ་མེད་དོ་ཞེ་ན། ཆུ་ཀླུང་ལོ་ཧི་ཏ་ཆུ་བོ་བཞིའི་ཁོངས་སུ་བགྲང་བའི་ཚུལ་ནི་ཡོད་དེ། ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པའི་རྣམ་བཤད་ལས། རོལ་མཚོ་ཆེན་པོ་བདུན་ནོ། །ཆུ་བོ་ནི་དེ་དང་ཉེ་བའི་ཆ་མཐུན་པ་དག་སྟེ། གངྒཱ། སིནྡྷུ། པཀྵུ། ལོ་ཧི་ཏ་སོགས་སོ། །ཞེས་གསུངས་པའི་ཕྱིར། འདིས་སི་ཏ་མ་བགྲང་བར་ལོ་ཧི་ཏ་བགྲང་བ་དེས་ཀྱང་ལོ་ཧི་ཏ་དང་སི་ཏ་གཉིས་ཆུ་ཀླུང་གཅིག་ཡིན་པར་བསྟན་ཅིང་དེ་ལྟར་ཡིན་པར་ཤེས་ཐུབ་པས་ན་ལོ་ཧི་ཏ་དང་སི་ཏ་རུ་གྲགས་པ་ཆུ་ཀླུང་གཅིག་གི་མིང་སྟེ་དེ་ནི་ཡར་ཀླུང་གཙང་བོ་ཡིན་པར་འཐད་དོ། །ཡང་ལོ་ཧི་ཏ་ཞེས་པ་ནི་དམར་པོའི་དོན་ཡིན་ལ། མངོན་བརྗོད་ཀྱི་མིང་དུ་སི་ཏ་ལ་ཁྲག་འབབ་ཅེས་བརྗོད་པ་ཡང་མདོག་ཁམ་དམར་དུ་འབབ་པས་ཡིན་པར་འགའ་རེས་ཟེར་བའང་བདེན་མཆིའོ། །ལོ་ཧི་ཏ་དམར་པོ་ཡིན་པའི་ཁུངས་ནི་ཡོད་དེ། མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་དུ། ལོ་ཧི་ཏ་ཀཿ མདོག་དམར་ཟེར། ཞེས་དང་། བི་ལོ་ཧི་ཏ་སཾ་ཛྙཱ། རྣམ་པར་དམར་བའི་འདུ་ཤེས། ཞེས་དང་། ལོ་ཧཾ་ཏ། དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། ཞེས་དང་། ལོ་ཧི་ཏཾ། དམར་པོ་ལེབ་བརྒན་ཀྱང་ཟེར། ཞེས་སོགས་གསུངས་པའི་ཕྱིར། འགའ་རེས་ལོ་ཧི་ཏ་ནི་རོ་ཧི་ཏ་ཟུར་ཆག་པ་ཡིན་ཞིང་། རོ་ཧི་ཏ་ཞེས་པ་ནི་དམར་པོའི་དོན་ཡིན་ཟེར་བ་ཡང་བདེན་སྲིད་དེ། རོ་ཧི་ཏའང་དམར་པོ་ཞེས་པ་ཡིན་པའི་ཁུངས་ཡོད་པའི་ཕྱིར། གྲུབ་སྟེ། མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་ལས། རོ་ཧི་ཏ། དམར་པོ། རོ་ཧི་ཏ། དམར་ལྡན་ཞེས་པའི་ཤིང་། ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ཆུ་ཀླུང་ལོ་ཧི་ཏ་ཞེས་པ་ནི་ཆུ་ཀླུང་རོ་ཧི་ཏ་ཞེས་པ་བརྡ་ཟུར་ཆག་པ་ཡིན་ཞིང་། དེ་ཡང་ཀླུང་དེར་ཉ་རོ་ཧི་ཏ་གནས་པས་ན་དེ་ལྟར་མིང་ཐོགས་པ་ཡིན་ཟེར་བ་ཡང་བདེན་ངེས་ཏེ། ཉ་རོ་ཧི་ཏ་ཟེར་བ་ཞིག་ནི་ཡོད་པར་བསྟན་བཅོས་ལས་བཤད་པའི་ཕྱིར། གྲུབ་སྟེ། སློབ་དཔོན་ཆེན་པོ་ཤྲཱི་རཏྣ་ཀ་ར་ཤཱནྟིས་མཛད་པའི་དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས། རོ་ཧི་ཏ་ཞེས་པ་ནི་ཉའི་ཁྱད་པར་རོ། །ཞེས་དང་། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ལས། ཆོ་ག་བཞིན་ཞེས་པ་ཐོད་པ་རྣམས་སུ་མ་བཤད་པའི་རྫས་ཉ་རོ་ཧི་ཏ་ལ་སོགས་པའི་ཆོ་གའོ། །ཞེས་དང་། སློབ་དཔོན་དཔལ་སྒྲ་གཅན་གསང་བས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་ལས །འཁོར་བའི་བག་ཆགས་ཉམས་པར་བྱ་བའི་ཕྱིར་གཡོན་པས་ཉ་རོ་ཧི་ཏ་འཛིན་པ། ཞེས་དང་། སློབ་དཔོན་ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལས། ཕྱག་གཡས་ན་གྲི་གུག །གཡོན་ན་ཉ་རོ་ཧི་ཏ། ཚངས་པ་མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་དགོད་དོ། །ཞེས་དང་། རྣལ་འབྱོར་པ་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་དགྱེས་པ་རྡོ་རྗེའི་སྒྲུབ་པའི་ཐབས་ལས། རོ་ཧི་ཏ་ཡི་ཉ་བསྣམས་ལ། །ཞེས་དང་། དཔལ་ནཱ་རོའི་ཞབས་ཀྱིས་མཛད་པའི་དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་པ་བསྡུས་པ་ལས། སྐད་ཅིག་གཅིག་གིས་བདེ་བ་འབའ་ཞིག་ཡང་དག་པར་རིག་པ་དང་། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་གཅིག་པ་གང་ཡིན་པ་དེ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཞེས་དང་། དུས་འཁོར་བ་པཎྜི་ཏ་རྣམ་པར་རྒྱལ་བ་དབང་པོས་མཛད་པའི་དབང་མདོར་བསྟན་པའི་བརྗེད་བྱང་ལས། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་གཅིག་པ་དེ་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཞེས་གསུངས་པ་སོགས་མཐའ་ཡས་པའི་ཕྱིར་རོ། །གཉིས་པ་གཞན་ལུགས་མི་འཐད་པར་དགག་པ་ནི། སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱིས་མཛད་པའི་སྡོམ་སྡེའི་ཚིག་མཛོད་ཆེན་མོ་ལས། (གླེགས་བམ་དང་པོ། ཀ-ཆ ལྡེབ་ངོས། 191 ཐིག་ཕྲེང་ 7 -20) ཁ་འབབ་རྣམ་བཞི། གངས་ཏེ་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་སྟེ། ཤར་ཕྱོགས་གླང་ཆེན་ཁ་ནས་གངྒཱ་འབབ། ལྷོ་ཕྱོགས་རྨ་བྱའི་ཁ་ནས་སིནྡྷུ་འབབ། ནུབ་ཕྱོགས་རྟ་ཡི་ཁ་ནས་པཀྵུ་འབབ། བྱང་ཕྱོགས་སེངྒེའི་ཁ་ནས་སཱི་ཏཱ་འབབ་པ་བཅས་སོ། །དང་པོ་ཤར་ཕྱོགས་གླང་ཆེན་ཁ་འབབ་ནི། སྟོད་མདའ་པ་དང་། མཐོ་ལྡིང་སོགས་ནས་ཁུ་ནུའི་གཞུང་བརྒྱུད་རྒྱ་གར་ནང་རཱམ་པུར། མ་དྷི་ཨ་ནར། པན་འཇབ་སོགས་སུ་ཆུ་བོ་སུ་ཀྲ་ལེ་ཇེ་ཟེར། གཉིས་པ་ལྷོ་ཕྱོགས་ནས་རྨ་བྱ་ཁ་འབབ་ནི། སྤུ་ཧྲེང་ཕྱོགས་ནས་རྒྱ་གར་ཨུཏྟར་པྲ་དེ་ཤ་བརྒྱུད་ཕྱི་ནང་གཉིས་ཀས་རྩ་ཆེར་འཛིན་པ་ཆུ་བོ་གངྒཱའམ། གྷན་ཇི་འབབ། གསུམ་པ་ནུབ་ཕྱོགས་ནས་རྟ་མཆོག་ཁ་འབབ་ནི། གཙང་གི་གཞུང་བརྒྱུད། དབུས་ཀྱི་སྐྱིད་ཆུ་དང་ཟླ་བསྒྲིལ་གྱིས་དྭགས་ཀོང་ནས་གནམ་ལྕགས་འབར་བའི་རི་བོར་གཡས་སྐོར་གྱིས་ཀློ་ཡུལ་བརྒྱུད་རྒྱ་གར་ཤར་ཕྱོགས་ཨ་སམ་དང་། འབང་ལེ་དེ་ཤ་སོགས་བརྒྱུད་རྒྱ་མཚོར་འབབ་པ་བྲ་མ་པུ་ཏྲ་དང་། བཞི་བ་བྱང་ཕྱོགས་སེངྒེའི་ཁ་འབབ་ནི། སྟོད་སྒར་དང་ལ་དྭགས་ནས་ཀསྨིར་དང་། པ་ཀིསྠན་བརྒྱུད་འབབ་པ་ཆུ་བོ་ཨིན་དྷུ། ཞེས་བྲིས་འདུག་པ་ནི་མངོན་གསལ་སྙོན་མེད་ལ། དེ་ལ་སྐྱོན་འདི་ཡོད་དེ། ཁོ་རང་གི་རང་ཚིག་སྔ་ཕྱི་དངོས་སུ་འགལ་བའི་སྐྱོན་དང་། ཆུ་བོ་བཞི་ངོས་འཛིན་ནོར་བའི་སྐྱོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཁོ་རང་གིས། ཤར་ཕྱོགས་གླང་ཆེན་ཁ་ནས་གངྒཱ་འབབ། ཅེས་བྲིས་ནས། འོག་ཏུ། དང་པོ་ཤར་ཕྱོགས་གླང་ཆེན་ཁ་འབབ་ནི། ཞེས་སོགས་ཀྱིས་ཤར་ཕྱོགས་གླང་ཆེན་ཁ་འབབ་དེ་གངྒཱ་མིན་པར་རྒྱ་གར་གྱི་ཆུ་བོ་སུ་ཀྲ་ལེ་ཇེ་ཟེར་བ་དེ་ཡིན་པ་དང་། གངྒཱ་ནི། གཉིས་པ་ལྷོ་ཕྱོགས་རྨ་བྱ་ཁ་འབབ་ནི། ཞེས་པ་ནས། ཕྱི་ནང་གཉིས་ཀས་རྩ་ཆེར་འཛིན་པ་ཆུ་བོ་གངྒཱའམ། གྷན་ཇི་འབབ། ཅེས་ལྷོ་ཕྱོགས་རྨ་བྱ་ཁ་འབབ་དེ་ཡིན་པར་བཤད་པ་ནང་འགལ་ཡིན་པའི་ཕྱིར་དང་། གཞན་ཡང་། ལྷོ་ཕྱོགས་རྨ་བྱའི་ཁ་ནས་སིནྡྷུ་འབབ། ཅེས་བྲིས་ནས། སྨོས་མ་ཐག་པ་ལྟར་ལྷོ་ཕྱོགས་རྨ་བྱ་ཁ་འབབ་པ་དེ་སིནྡྷུ་མིན་པར་གངྒཱ་ཡིན་པར་བྲིས་པ་ནང་འགལ་བ་དང་། བྱང་ཕྱོགས་སེངྒེའི་ཁ་ནས་སཱི་ཏཱ་འབབ་ཅེས་བྲིས་ནས། འོག་ཏུ་སེངྒེའི་ཁ་ནས་འབབ་པ་དེ་ཨིན་དྷུ་ཡིན་པར་བྲིས་པ་ནང་འགལ་བའི་ཕྱིར་རོ། །གཉིས་པ་ཆུ་བོ་བཞི་ངོས་འཛིན་ནོར་བའི་སྐྱོན་ཡོད་དེ། གོང་དུ་དྲང་ཟིན་གྱི་འདུལ་བ་ལུང་གཞི་དང་། མྱང་འདས་ཀྱི་མདོ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་མདོའི་ལུང་ལྟར་ན། རྟ་མཆོག་གི་ཁ་ནས་འབབ་པའི་ཆུ་བོ་པཀྵུ་དེ་སྒོམ་སྡེས་བཤད་པ་ལྟར་གྱི་བོད་ཡུལ་གཙང་དབུས་སུ་བཞུར་བའི་ཡར་ཀླུང་གཙང་བོ་མིན་པར་རྒྱ་གར་གྱི་ཆུ་ཀླུང་ཆེན་པོ་ཡ་མུ་ན་ཡིན་པའམ། ཡང་ན་ཆུ་བོ་ཆིས་ན་བྷུའམ་ཆིས་ནབ་(奇纳布河Chenab River)གཙང་བོ་ཡིན་དགོས་པའི་ཕྱིར་དང་། སེངྒེའི་ཁ་ནས་འབབ་པའི་ཆུ་ཀླུང་ཆེན་པོ་སི་ཏ་དེ་ཁོ་རང་གིས་བཤད་པ་ལྟར་ཕ་ཀི་སི་ཐན་དུ་འབབ་པའི་ཆུ་བོ་ཨིན་དྷུ་མིན་པར་བོད་ཀྱི་ཡར་ཀླུང་གཙང་བོ་ཡིན་དགོས་པའི་ཕྱིར་དང་། དེ་ལྟར་སྨོས་ཟིན་ལྟར་གངྒཱ་རྒྱ་གར་ཡུལ་དབུས་ནས་འབབ་ནས་ཤར་ཕྱོགས་སུ་བཞུར་ཏེ་བྷང་ག་ལ་མཚོ་ཁུག་ནས་ཤར་ཕྱོགས་ཀྱི་རྒྱ་མཚོར་འབབ་པ་དང་། པཀྵུ་དེ་ཡ་མུ་ན་ཡིན་ན་ནི་རྒྱ་གར་ནུབ་རྒྱུད་དུ་འབབས་མཐར་གངྒཱར་འདྲེས་པ་དང་། པཀྵུ་དེ་ཆུ་བོ་ཆིས་ནབ་ཡིན་ན་ནི་རྒྱ་གར་གྱི་ནུབ་ཏུ་བབས་ནས་ཆུ་བོ་སིནྡྷུ་དང་འདྲེས་པ་དང་། སིནྡྷུ་ནི་རྒྱ་གར་གྱི་ནུབ་མཐར་པ་ཀི་སི་ཐན་གྱི་ཡུལ་དབུས་ནས་བཞུར་ཏེ་ལྷོ་ནུབ་ནས་རྒྱ་གར་རྒྱ་མཚོའམ་ཧིན་དྷུ་རྒྱ་མཚོའི་ཆ་ཤས་ཨ་རབ་རྒྱ་མཚོར་འབབ་པ་དང་། སི་ཏ་ནི་རྒྱ་གར་གྱི་བྱང་ཕྱོགས་བོད་ཡུལ་ནས་བཞུར་ཏེ་ཆུ་བོ་གངྒཱ་དང་འདྲེས་ནས་ཤར་ནས་རྒྱ་མཚོར་འབབ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་པ་འཐད་དེ། ད་ལྟ་རྒྱ་གར་དུ་དངོས་སུ་སླེབས་པ་དང་། རྒྱ་གར་གྱི་ས་ཁྲ་དང་། ཕ་ཀི་སི་ཐན་གྱི་ས་ཁྲ་ལ་བལྟས་ནའང་ཤེས་ནུས་པའི་ཕྱིར། གྲུབ་སྟེ། ཕ་ཀི་སི་ཐན་གྱི་ཡུལ་དབུས་ནས་རྒྱུ་ཞིང་རྒྱ་གར་རྒྱ་མཚོའམ་ཧིན་དྷུ་རྒྱ་མཚོ་ལ་འབབ་པ་དེ་སྒོམ་སྡེ་ལྷ་རམས་པ་ལྟར་ཆུ་བོ་སི་ཏ་(སཱི་ཏཱ) མིན་པར་སིནྡྷུ་ཡིན་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། གྲུབ་སྟེ། དེ་ལ་ཕ་ཀི་སི་ཐན་གྱི་ས་ཁྲར་རྒྱ་ནག་གི་ཡི་གེས་ཡེན་ཏུའུ་ཧི་(印度河) ཞེས་དང་། ཨིན་ཡིག་གིས་ཨིན་དྷུས་སི་དང་སིན་དྷུས་(Indus-Sindhu) ཞེས་བྲིས་པ་དང་། ཡུལ་སྐད་དུའང་དེ་དང་འདྲ་བར་འབོད་པའི་ཕྱིར་དང་། ཨིན་དྷུས་ཟེར་བ་དོན་ལ་ཧིན་དྷུ་ཞེས་པ་ཡིན་ཞིང་། དེ་ཡང་སིནྡྷུ་ཞེས་པ་ཡིན་ལ། དེ་ནི་ཆུ་ཀླུང་དེའི་མིང་ཡིན་ཞིང་དེའི་དབང་གིས་གནའ་སྔ་མོར་ཡུལ་ཁམས་འདིར་སིནྡྷུའི་ཡུལ་ཞེས་གྲགས་པ་དང་། དེ་རྒྱ་གར་གྱི་ཡུལ་ཁམས་སྤྱིའི་མིང་དུ་ཆགས་པ་ཡིན་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་ཏེ། གཏམ་རྒྱུད་གསེར་ཐང་ལས། རང་རེ་མ་གཏོགས་པའི་རྒྱལ་ཁབ་གཞན་ཐམས་ཅད་ན་འདི་ལ་ཧིན་དྷུའི་ཡུལ་ཞེས་བྱ་བར་གྲགས་ཤིང་། རྒྱ་གར་རང་རིགས་ཀྱི་མི་ལ་ཧིན་ཏུ་བྱ་བར་འབོད། དེ་ནི་པ་སིག་དང་གྷི་རིགས་སམ་ཡ་བ་ནའི་རིགས་དག་ཡུལ་འདིའི་ནུབ་ཕྱོགས་ཀྱི་མཐའ་སིནྡྷུའི་ཆུ་འགྲམ་དུ་ཐོག་མར་ཆགས་ཤིང་། དེ་ལ་པ་སིག་དག་གི་སྐད་དུ་སིནྡྷུ་ལ་ཧིན་དྷུ་དང་། སཔྟ་སིནྡྷུ་ལ་ཧཔྟ་ཧིན་དྷུ་ཞེས་བྱ་བར་འབོད་པར་དོན་ལ་སིནྡྷུ་ཟུར་ཆགས་པ་ཡིན་ལ། ཡ་བ་ན་དག་ཨིན་ཏུ་ཉིད་དུ་བརྗོད་པས་འགའ་ཞིག་གིས་ཟླ་བ་བྱ་བར་བསྒྱུར་བ་ཡང་བྱུང་འདུག། དུས་དེ་ཙ་ན་སིནྡྷུའི་ཡུལ་གྱི་མིང་ཙམ་ཡིན་ཞིང་། ཕྱིས་དེ་དག་གི་མི་རིགས་རྣམས་དབུས་ཀྱི་ཕྱོགས་སུ་ཚུར་འཁྱར་བ་ནའང་། ཡུལ་གྱི་མིང་ལ་རྒྱུས་མེད་པ་ཉིད་ཀྱིས་འདི་ཡང་ཧིན་དྷུའི་ཡུལ་ཡིན་ནོ་ཞེས་མཐར་རྒྱ་གར་ཐམས་ཅད་ལ་ཧིན་དྷུ་སྠན་དུ་གྲགས། ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཆུ་བོ་གངྒཱ་ནི་སྒོམ་སྡེས་ངོས་བཟུང་བ་དེ་ཡིན་མོད་རྨ་བྱ་ཁ་བབས་ནི་མིན་པར་གླང་ཆེན་ཁ་བབས་ཡིན་པ་དྲངས་ཟིན་གྱི་ལུང་དག་གིས་གྲུབ་ཅིང་། སྨོས་ཟིན་ལྟར་རྒྱ་གར་ཡུལ་དབུས་ནས་ཤར་དུ་རྒྱུ་བ་དེ་ཡིན་པར་ནི་རྒྱ་གར་གྱི་ས་ཁྲ་ལ་རྒྱ་ནག་གི་ཡི་གེས་ཧིན་ཧི་(恒河) ཞེས་དང་། ཨིན་ཡིག་གིས་གང་ག་སི་དང་གང་གཱ་(Ganges-Ganga) ཞེས་བྲིས་པ་མངོན་གསུམ་ཡིན་པའི་ཕྱིར་དང་། ཆུ་བོ་པཀྵུ་ནི་ཡ་མུ་ན་ཡིན་པའི་དབང་དུ་བྱས་ན། དེ་ཡང་སྒོམ་སྡེ་དང་ཁ་ཅིག་ལྟར་བོད་དུ་བཞུར་བའི་ཡར་ཀླུང་གཙང་བོ་མིན་པར་མགོ་བོ་ཧི་མ་ལ་ཡའི་རི་ལས་ཐོན་ནས་གངྒཱ་ལ་འདྲེས་པའི་ཆུ་ཀླུང་ཆེན་པོ་དེ་ཡིན་པར་ཡང་རྒྱ་གར་གྱི་ས་ཁྲ་ལ་རྒྱ་ནག་གི་ཡི་གེས་ཡ་མུས་ན་ཧི་(亚穆纳河) ཞེས་བྲིས་པ་དང་། ཨིན་ཡིག་གིས་ཀྱང་ཡ་མུས་ན་(Yamuna) ཞེས་བྲིས་པ་མངོན་གསུམ་ཡིན་པའི་ཕྱིར་རོ། །དེ་ཡང་གངྒཱ་དང་ཡ་མུ་ན་གཉིས་གཅིག་ཏུ་འདྲེས་ཀྱིན་ཡོད་པ་དང་། དེ་གཉིས་རྒྱ་གར་ཡུལ་དབུས་སུ་འབབ་ཀྱིན་ཡོད་པ་ནི་བསྟན་བཅོས་ལས་ཀྱང་གསལ་བོར་གསུངས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧས་མཛད་པའི་ཀ་ཁའི་དོ་ཧའི་བཤད་པ་ལས། ག་ནི་གང་གཱ་སྟེ་དཔེར་ན་གང་གཱ་དང་ཡ་མུ་ན་གཉིས་གཅིག་ཏུ་འདྲེས་པ་བཞིན་དུ། འདིར་སེམས་ཅན་གྱི་རྒྱུད་ལ་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་རྒྱུ་བ་བཀག་སྟེ། མེད་པར་བྱས་ནས་ལུས་ལ་ཐིམ་ནུས་ན་རྒས་པ་ལ་སོགས་པར་མི་འགྱུར་བའོ། །ཞེས་དང་། སློབ་དཔོན་ཐུབ་པས་བྱིན་གྱིས་མཛད་པའི་སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ལས། གངྒཱ་དང་ནི་ཡ་མུ་ན་དབུས་གཙང་པོ་འབབ། །དེར་ཞུགས་གདོལ་པའི་བུ་མོ་རོལ་པས་སྒྲོལ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས། དེ་ནས་ཡང་གླང་པོ་ཆེའི་མཆོག་དེའི་སྣ་གཉིས་ཀྱི་ནང་ནས་སྣ་ཆུའི་རྒྱུན་འཛག་སྟེ་འདི་ལྟ་སྟེ། འཛམ་བུའི་གླིང་ན་མཚོ་གང་གཱ་དང་ཡ་མུ་ནའི་ཆུ་འབབ་པ། ཤིན་དུ་དང་ཞིང་རྙོག་པ་མེད་པ་བསིལ་བ་རབ་ཏུ་འབབ་པ་བཞིན་ནོ། །ཞེས་གངྒཱ་དང་ཡ་མུ་ན་གཉིས་གླང་པོ་ཆེ་ས་སྲུང་གི་སྣ་ཁུང་གཡས་གཡོན་ནས་འབབ་པར་བཤད་པས་ཀྱང་དེ་གཉིས་ལས་ཆུ་ཀླུང་རྣམ་བཞིའི་གྲས་སུ་གང་གཱ་ལས་ཡ་མུ་ན་མི་བགྲང་བ་ཡིན་བྱས་ན། མདོ་དེ་ཉིད་དུ་ཡ་མུ་ན་བགྲང་ནས་སིནྡྷུ་མ་བགྲང་བ་ལ་དགོངས་པ་ལེན་དགོས་སོ། །པཀྵུ་དེ་ཆུ་བོ་ཆེན་པོ་ཆིས་ནབ་ཡིན་ན་ནི། སྒོམ་སྡེ་ལྟར་ཡར་ཀླུང་གཙང་བོ་ཡིན་པ་གནས་མེད་དེ། རྒྱ་གར་ནུབ་རྒྱུད་ནས་ཕ་ཀི་སི་ཐན་དུ་བཞུར་ནས་སིནྡྷུར་འདྲེས་པ་ས་ཁྲ་ལ་བལྟས་པས་ཀྱང་ཤེས་ནུས་པའི་ཕྱིར་རོ། །སྒོམ་སྡེ་ལྷ་རམས་པས། དཔྱད་པར་བྱ་བ་ཞིག་ལ། བོད་རྒྱ་ཚིག་མཛོད་ཆེན་མོར། གངྒཱ་ཤར་ཕྱོགས་གླང་ཆེན་གྱི་ཁ་ནས་འབབ་པར་བཤད་ལ། ཞྭ་སྒབ་པའི་རྒྱལ་རབས་ནང་། གངྒཱ་དེ་བཞིན་ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ་པར་བཤད་པའི་བཤད་ཚུལ་མི་འདྲ་བ་གཉིས་འདུག་པས་དཔྱད་པར་འོས་སོ། །ཞེས་ཟེར་བ་དང་། ཚིག་མཛོད་ཀྱི་ལྡེབ་ངོས་༢༦༦ པར་ཡང་དེ་ལྟར་བཤད། དེ་ནི་གོང་གི་ཕལ་བོ་ཆེའི་མདོ་ལས། དེ་ལྟར་ཆུ་ཀླུང་ཆེན་པོ་གང་གཱ་ནི་གླང་པོའི་ཁ་ནས་འབབ་བོ། །ཞེས་སོགས་མདོ་དང་དགོངས་འགྲེལ་གྱི་ལུང་མིག་གིས་མ་མཐོང་བའི་རྟགས་དང་མཚང་གཏམ་དུ་ཤེས་ལ། བོད་རྒྱ་ཚིག་མཛོད་ཆེན་མོར། གངྒཱ་ཤར་ཕྱོགས་གླང་ཆེན་གྱི་ཁ་ནས་འབབ་པར་བཤད་པ་སོགས་ནི་ཡང་དག་པའི་དོན་དང་། ཞྭ་སྒབ་པས་ནོར་བ་ནི་ལུང་དེ་དག་མཐོང་བ་ཙམ་གྱིས་ཤེས་ནུས་པས་ལྷག་པོར་དཔྱད་འོས་པ་ཅི་ཡང་མ་མཆིས་སོ། །དེ་བཞིན་དུ་ཚིག་མཛོད་ཕྱི་མ་རྣམས་སུ་སིནྡྷུ་དང་། སི་ཏཱའི་བཤད་པ་དག་ཀྱང་ངང་ཚུལ་དེ་ལས་མ་འདས་སོ། །ཡང་སྒོམ་སྡེས། འདི་ལ་ཆུ་བོ་ཡ་མུ་ན་དང་། བོད་སྐད་དུ་ཡར་ཀླུང་གཙང་པོའང་ཟེར། ཞེས་ཟེར་བ་ནི། ཡ་མུ་ན་ནི་རྒྱ་གར་གྱི་ས་ཁྲ་ལ་བལྟས་པ་ཙམ་གྱིས་རྒྱ་གར་གྱི་རྒྱལ་ས་དྷི་ལི་དང་ཉེ་བ་ནས་འབབ་བཞིན་ཡོད་པ་ཤེས་པས་དེ་ཙམ་ཡང་མ་མཐོང་བ་ནི་དགོད་བྲོ་བའི་གནས་ལ། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་བཀླག་ནའང་ཆུ་ཀླུང་ཡ་མུ་ན་བོད་ན་མེད་པ་ནི་ནག་རྫིས་ཀྱང་རྟོགས་ནུས་སོ། །ཁ་ཅིག་གིས། གངྒཱ་དེ་མངའ་རིས་གུ་གེའི་ཡུལ་ནས་ཐོན་ཏེ་ཕ་ཀི་སི་ཐན་བརྒྱུད་དེ་དེའི་ཤར་ངོས་ནས་ཨ་རབ་རྒྱ་མཚོར་འཇུག་ཟེར་བ་དང་། སིནྡྷུ་བྷང་ག་ལ་མཚོ་ཁུག་ནས་རྒྱ་མཚོར་འདྲེས་བཞིན་ཡོད་ཟེར་བ་དང་། སི་ཏ་དེ་གངྒཱ་དང་འདྲེས་ནས་ཨ་རབ་རྒྱ་མཚོར་འགྲོ་བཞིན་ཡོད་ཟེར་བ་དང་། པཀྵུ་དེ་བོད་ནས་བཞུར་བའི་ཡར་ཀླུང་གཙང་བོ་ཡིན་ཞིང་མཐར་རྨ་བྱ་ཁ་འབབ་དང་འདྲེས་ཟེར་བའི་ཤར་བསྟན་ནས་ནུབ་དང་། ལྷོ་བསྟན་ནས་བྱང་དང་། ར་བསྟན་ནས་ལུག་དང་། རྟ་བསྟན་ནས་གཡག་ཡིན་ཟེར་བའི་ལུགས་ཀྱང་སྒོམ་སྡེ་དགག་པ་དེས་ཁེགས་སོ། །གསུམ་པ་དེ་ལ་རྩོད་པ་སྤོང་བའི་ཚུལ་བཤད་པ་ནི། ཁོ་ན་རེ། ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་པོ་སྒོམ་སྡེས་ངོས་བཟུང་ཚུལ་ལྟར་འཐད་དེ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས། དཔེར་ན་འཛམ་བུའི་གླིང་གི་ཆུ་བོ་ཆེན་པོ་བཞི་བཞིན་ཏེ། འདི་ལྟ་སྟེ། གང་གཱ་དང་། ཡ་མུ་ནཱ་དང་། པ་ཀྵུ་དང་། སཱི་ཏཱའོ། །ཞེས་སིནྡྷུ་ཟེར་བ་ཞིག་མ་གསུངས་པ་གང་ཞིག། ཡ་མུ་ནཱ་དང་པཀྵུ་གཉིས་ཁྱོད་ལྟར་གཅིག་མིན་པར་སོ་སོར་བགྲང་བའི་ཕྱིར་དང་། དེ་ལྟར་ན་སཱི་ཏཱ་ཞེས་པ་སིནྡྷུ་དང་། པ་ཀྵུ་ཞེས་པ་ཡར་ཀླུང་གཙང་བོ་ལ་ཟེར་བ་ཤིན་ཏུ་འཐད་དོ་ཞེས་ཟེར་རོ། །དེ་དགག་པ་ལ། ཁྱོད་ཀྱིས་བཤད་པ་ལྟར་འཐད་པ་མ་ཡིན་ཏེ། དྲན་པ་ཉེར་བཞི་ལས་བཤད་པ་དེ་གླིང་བཞིའི་ཆུ་བོ་བཞི་བགྲང་དུས་ཀྱི་འཛམ་གླིང་གི་ཆུ་བོ་ཆེན་པོ་བཞི་བཤད་པའི་སྐབས་ཤིག་ཡིན་ལ། ཡ་མུ་ནཱ་དང་པཀྵུ་ཞེས་ཆུ་བོའི་སྟོད་སྨད་གཉིས་སོ་སོར་ཕྱེས་ཏེ་བགྲང་བ་ཞིག་གམ། ཡང་ན་གོང་དུ་སྨོས་ཟིན་ལྟར་ཡ་མུ་ནཱ་དང་པཀྵུ་ཆུ་བོ་གཅིག་མིན་པའི་དབང་དུ་བྱས་ཤིང་། པཀྵུ་ནི་ཆུ་བོ་ཆེན་པོ་ཆིས་ན་བྷུའམ་ཆིས་ནབ་ཡིན་པའི་དབང་དུ་བྱས་ཏེ། དེ་ཉིད་ཀྱི་མཇུག་ཆུ་བོ་ཆེན་པོ་སིནྡྷུ་དང་འདྲེས་བཞིན་པས་ཆུ་སྟོད་ཀྱི་མིང་ལས་བགྲང་བ་ལས་ཆུ་སྨད་སིནྡྷུའི་མིང་གིས་མ་བགྲང་བའི་ཚུལ་ཡིན་སྲིད་ཀྱི་མདོ་དང་བསྟན་བཅོས་ཕལ་མོ་ཆེར་ཡོངས་སུ་གྲགས་པའི་བགྲང་ཚུལ་ནི་དེ་ལྟར་མིན་པའི་ཕྱིར། གྲུབ་སྟེ། མདོ་དང་བསྟན་བཅོས་ཕལ་མོ་ཆེར་ཡོངས་སུ་གྲགས་པའི་བགྲང་ཚུལ་ནི་གོང་དུ་བགྲང་ཟིན་པ་ལྟར་གྱི་གངྒཱ་དང་། སིནྡྷུ་དང་། པཀྵུ་དང་། སི་ཏ་བཞི་བོ་ལ་ཆུ་བོ་རྣམ་བཞི་ཞེས་བགྲང་བ་ཡིན་པའི་ཕྱིར། གྲུབ་སྟེ། གོང་དུ་འདུལ་བ་ལུང་གཞི་དང་། མདོ་མྱང་འདས་སོགས་ཀྱི་ལུང་དྲངས་ཟིན་པ་ལྟར་གྱི་ཕྱིར་དང་། གཞན་ཡང་། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། སྒོ་ཡི་གནས་ཀྱི་བར་དག་ཏུ། །ཆུ་བོ་བཞི་ནི་བྲི་བྱ་བ། །གང་གཱ་དང་ནི་སི་ཏ་དང་། །པག་ཤུ་དང་ནི་སིན་ཏུ་ཡིན། །ཞེས་དང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། འདི་ལྟ་སྟེ། ཀླུང་གི་རྒྱལ་པོ་གང་གཱ་དང་། ཀླུང་གི་རྒྱལ་པོ་སིན་དྷུ་དང་། ཀླུང་གི་རྒྱལ་པོ་པཀྵུ་དང་། ཀླུང་གི་རྒྱལ་པོ་སཱི་ཏ་དང་། ཞེས་དང་། ཡང་དེ་ཉིད་ལས་ཀླུང་དེ་དག་ལ་གནས་པའི་ཀླུའི་རྒྱལ་པོ་བཤད་པའི་སྐབས་སུ། ཀླུའི་རྒྱལ་པོ་གང་གཱ་དང་། ཀླུའི་རྒྱལ་པོ་སིན་དྷུ་དང་། ཀླུའི་རྒྱལ་པོ་པཀྵུ་དང་། ཀླུའི་རྒྱལ་པོ་སཱི་ཏ་དང་། ཞེས་བགྲང་བའི་ཕྱིར་དང་། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་མདོའི་འབུམ་འགྲེལ་ལས། བྱང་ཕྱོགས་ཁ་གུར་གྱུར་པ་ཡི། །ཆུ་མཚོ་ཡོད་དེ་གཞན་དག་ཀྱང་། །དེ་ནི་མཚོ་ཆེན་ཆུ་ཞེས་བྱ། །ཐ་དད་རྒྱུ་རྣམས་བྱུང་ནས་ཡོད། །ཆུ་ཀླུང་གངྒཱ་སིནྡྷུ་པཀྵུ་དང་། །སཱི་ཏ་དབའ་རླབས་དབུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱར་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས། གངས་རི་དེའི་ཕ་རོལ་རི་སྤོས་ཀྱི་ངད་ལྡང་བའི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་གནས་པ་ལས་ཆུ་བོ་ཆེན་པོ་བཞི་པོ་གང་གཱ་དང་། སིན་དྷུ་དང་། སི་ཏ་དང་། པཀྵུ་འབབ་པ་ཡོད་དོ། །དེའི་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་ལ། ཆུར་ཡང་དཔག་ཚད་ལྔ་བཅུ་ཡོད་དེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ་། །དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་འགྲོ་བར་དཀའོ། །ཞེས་དང་། སློབ་དཔོན་འདུས་བཟང་གིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་བཤད་ལས། རི་གངས་ཅན་དེའི་ཕ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ། གང་གཱ་དང་། སིན་དྷུ་དང་། པཀྵུ་དང་། སི་ཏཱ་རྣམས་འབབ་པ་ཡོད་དེ། དེ་ནི་ཞེང་དུ་དཔག་ཚད་ལྔ་བཅུ་ཆུར་ཡང་དཔག་ཚད་ལྔ་བཅུ་སྟེ། དེར་ནི་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའོ། །ཞེས་དང་། སློབ་དཔོན་བུད་དྷ་ཤྲཱི་ཛྙཱ་ནས་མཛད་པའི་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་ལས། ཆུ་ཀླུང་ནི་གང་གཱ་དང་པཀྵུ་དང་སིན་དྷུ་དང་སི་ཏཱ་ཞེས་བྱ་བ་བཞི་སྟེ། དེ་དག་ཉིད་མ་དྲོས་པ་ལས་འབྱུང་བའི་ཕྱིར་རོ། །ཞེས་དང་། གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས། དེ་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ཉིད་དོ། །འདི་ལྟ་སྟེ། གང་གཱ་དང་། སིན་དྷུ་དང་། ཤཱི་ཏ་དང་། པཀྵུའོ། །མཚོ་འདིའི་འགྲམ་བྱང་ཕྱོགས་ན་འཛམ་བུའི་ཤིང་ཡོད་དེ། མཐོ་བ་དང་རྒྱར་དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པའོ། །ཞེས་དང་། འཇིག་རྟེན་གཞག་པ་ལས། མཚོ་མ་དྲོས་པ་ཞེས་བྱ་བའི་མཚོ་ཆེན་པོ་གང་ནས་ཀླུང་བཞི་ལ་འདི་ལྟ་སྟེ། གང་གཱ་དང་། སིནྡྷུ་དང་། སི་ཏ་དང་། པཀྵུ་རྣམས་འབྱུང་བའི་མཚོ་ཆེན་པོ་དེ་ཡང་དེའི་ཚེ་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁོ་ན་རེ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་གང་གཱ་དང་། སི་ཏ་དང་། བག་ཤུ་དང་། ཡ་མུ་ན་དང་། ཙན་དྲ་བ་ག་དང་ཀླུང་ཆེན་པོ་ལྔ་པོ་དེ་དག་ནི་རྒྱ་མཚོ་ཆེན་པོར་འབབ་སྟེ། ཀླུང་ཆེན་པོ་རེ་རེ་ལ་ཡང་འཁོར་ཀླུང་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །ཞེས་དང་། འཕགས་པ་ཟ་མ་ཏོག་བཀོད་པའི་མདོ་ལས། དཔེར་ན་ཆུ་བོ་ཆེན་པོ་འཛམ་བུའི་གླིང་དུ་ཉིན་མཚན་དུ་འབབ་པ་འདི་ལྟ་སྟེ། སི་ཏ་དང་། གང་གཱ་དང་། ཡ་མུ་ན་དང་། སིན་དྷུ་དང་། པཀྵུ་དང་། ཤ་ཏ་དྲུ་དང་། ཙན་དྲ་བྷ་ག་དང་། ཨེའི་ར་བ་ཏི་དང་། སུ་མ་ག་ད་དང་། ཧི་མ་ཀ་ལ་དང་། ཀོ་ད་པ་རི་རྣམས་ཆུ་བོ་རེ་རེ་ཞིང་འཁོར་ལྔ་བརྒྱ་ཡོད་པ་ཉིན་མཚན་དུ་རྒྱ་མཚོ་མཇིང་རྣམ་དུ་འབབ་བོ། །ཞེས་གསུངས་པ་དེས་ཡ་མུ་ན་དང་། པཀྵུ་གཉིས་སོར་བགྲང་བ་དེས་ཀྱང་དེ་གཉིས་གཅིག་མིན་པ་ཤེས་པས་དེ་གཉིས་གཅིག་ཏུ་བགྲང་བ་ནི་འགལ་བ་ཁོ་ནའོ་ཟེར་ན། པཀྵུ་ལ་པཀ་ཤུ་དང་། པག་ཤུ་དང་། བག་ཤུ་ཞེས་ཡི་གེ་དག་མི་དག་ཀུན་བྲིས་པ་ཡོོད་ལ། ཡ་མུ་ན་དང་དེ་གཉིས་ཐ་དད་དུ་བགྲང་བའི་མདོ་ཡོད་པའང་མངོན་སུམ་ཡིན་མོད། དེ་ནི་སྨོས་ཟིན་ལྟར་བོད་དུ་ཆུ་བོ་གཅིག་གི་སྟོད་སྨད་ཀྱི་མིང་མི་འདྲ་བར་སོ་སོར་འབོད་སྲོལ་ཡོད་པ་བཞིན་དུ་རྒྱ་གར་དུའང་ཡུལ་གྲུ་འགའ་རེར་ཆུ་བོ་པཀྵུ་གཅིག་པོ་ལ་སྟོད་སྨད་ཀྱི་མིང་མི་འདྲ་བའི་དབང་གིས་དེ་ལྟར་སོ་སོར་བགྲང་བའམ། ཡང་ན་པཀྵུ་དེ་ཆུ་བོ་ཆེན་པོ་ཆིས་ནབ་ལས་ཡ་མུ་ན་མིན་པའི་དབང་དུ་བྱས་པ་ཡིན་སྲིད་ཀྱི་དོན་ལ་དེ་གཉིས་ཆུ་ཀླུང་གཅིག་གི་མིང་ཡིན་པར་གསུངས་པ་ཡོད་དེ། མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལས། ཉི་མའི་བུ་མོ་ཀཱ་ལིནྡཱ། །ཞི་བའི་སྲིང་མོ་ཡ་མུ་ནཱ། །ཞེས་དང་། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཉི་མའི་བུ་མོ་གདུང་བྱེད་མ། །ཞི་བའི་སྲིང་མོ་ཡ་མུ་ནཱ། །རྩོད་ལྡན་ཀཱ་ལིནྡཱའི་བུ་མོ། །གཤིན་རྗེའི་སྲིང་མོ་པཀྵུའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཆི་མེད་མཛོད་ལས་ཉི་མའི་བུ་མོ་ནི་ཆུ་བོ་ཀཱ་ལིནྡཱ་ཡིན་ཞིང་དེ་ཉིད་ཞི་བའི་སྲིང་མོ་ཆུ་ཀླུང་ཡ་མུ་ནཱ་ཡིན་པར་བཤད་པ་དང་། མཁས་པའི་རྣ་རྒྱན་ལས་ནི་ཆུ་བཞི་རེ་རེའི་མངོན་བརྗོད་ཀྱི་མིང་བགྲང་སྐབས་ཀྱི་པཀྵུ་ཡི་མངོན་བརྗོད་ལ་དེ་ལྟར་བརྗོད་པ་མ་ཟད་པཀྵུ་དེ་རི་བོ་ཀཱ་ལིནྡཱ་ནས་འབབ་པས་ཀཱ་ལིནྡཱའི་བུ་མོ་ཞེས་འབོད་པ་ཡིན་པའི་མཆན་དང་བཅས་པས་ན་ཡ་མུ་ན་དང་པཀྵུ་གཅིག་ཏུ་བསྟན་པ་ཡིན་པའི་ཕྱིར་རོ། །གཞན་ཡང་། འདུལ་བ་ལུང་གཞི་ལས། དཔེར་ན་ཆུ་བོ་ཆེན་པོ་ལྔ་པོ་འདི་ལྟ་ལྟེ། གང་གཱ་དང་། ཡ་མུ་ན་དང་། སར་ཡུ་དང་། གནས་ལྡན་དང་། ཆེན་པོ་ཞེས་བྱ་བ་དེ་དག་འབབ་ཅིང་འདྲེ་བར་འགྱུར་བ་དེ་ལ་ནི་ཆུའི་ཚད་ཆུ་འམ། ཆུ་བུམ་པ་འམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་འདི་སྙེད་ཅེས་གཟུང་བར་མི་ནུས་ཏེ། ཞེས་ཆུ་ཀླུང་ཆེན་པོ་ལྔ་ཟེར་བ་བགྲང་བ་དང་། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་ལས། ཉམས་དགའ་སྐལ་ལྡན་ཤིང་རྟའི་འགྲམ། །ཡ་མུ་ན་ཉིད་རབ་མཛེས་པ། །སིན་དྷུ་ན་ར་མ་ད་བཀྵེ། །ཟླ་བའི་ཆ་ནི་གཙང་མའི་འགྲམ། །ཀཱ་བེ་རཱི་དང་དབྱངས་ཅན་ཉིད། །ཆུ་ཀླུང་ཆེན་པོ་ཤཱི་ཏ་ཉིད། །འདི་གྲུབ་ཞིང་གཞན་མ་ཡིན་པར། །སྟོབས་བཅུ་ལྡན་སྲས་རྣམས་ཀྱིས་བཤད། །ཅེས་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བལ་པོ་སྐྱེ་མེད་བདེ་ཆེན་གྱི་ཞལ་སྔ་ནས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ལས། ཆུ་བོ་གང་གཱ་དང་། ཡ་མུ་ན་དང་། སི་ཏ་ན་ར་ལ་སོགས་པའི་ཆུ་བོ་ཐམས་ཅད་བྱུང་ཡང་རྒྱ་མཚོ་ལས་བྱུང་། ཐིམ་ཡང་རྒྱ་མཚོར་ཐིམ། ཞེས་ཡ་མུ་ན་དེ་ཆུ་ཀླུང་ཆེན་པོའི་གྲས་སུ་བགྲང་བ་འདིས་ཀྱང་ཆུ་ཀླུང་ཆེན་པོ་ཞིག་ཡིན་པ་ཤེས་ཤིང་། ཆུ་བོ་ཆེན་པོ་ཆིས་ནབ་དེ་པཀྵུ་ཡིན་པའི་དབང་དུ་བྱས་ན་པཀྵུ་དེ་ཡ་མུ་ན་ལས་ལོགས་སུ་ཡོད་པ་དང་། ཆིས་ནབ་དང་པཀྵུ་གཅིག་མིན་པའི་དབང་དུ་བྱས་ན་པཀྵུ་ལོགས་སུ་མི་རྙེད་པས་ཡ་མུ་ན་དང་གཅིག་ཡིན་པ་ནི་མངོན་བརྗོད་ཀྱི་མིང་ལ་བརྟེན་ནས་བསྒྲུབ་ནུས་སོ། །ཡང་ཁོ་ན་རེ། ཡ་མུ་ན་དང་། ཆིས་ན་བྷུ་ནི་རིམ་བཞིན་གངྒཱ་དང་སིནྡྷུར་འདྲེས་པས་ཆུ་བོ་ཆེན་པོར་སོ་སོར་བགྲང་མི་རུང་ངོ་ཞེ་ན། སྐྱོན་དེ་མེད་ཏེ། དེ་ལྟར་ན་ལོ་ཧི་ཏ་ཡང་གངྒཱར་འདྲེས་པས་ཆུ་བཞིར་བགྲང་མི་རུང་བར་ཐལ་ལ། མདོ་ལས་ཆུ་བོ་ཆེན་པོ་བཞིའི་ཆུ་ཚད་མེད་པ་ཡིན་མོད། ནང་གསེས་སུ་སོ་སོའི་མང་ཉུང་གི་ཚད་མི་མཉམ་པར་དངོས་སུ་གསུངས་པའི་ཕྱིར། གྲུབ་སྟེ། མྱང་འདས་ལས། དཔེར་ན་ཀླུང་གང་གཱའི་ཆུ་ཡང་ཆ་དེ་མེད་ལ། ཀླུང་སིནྡུ་ཞེས་བྱ་བའི་ཆུ་ཡང་ཚད་མེད། ཀླུང་པཀྵུའི་ཆུ་ཡང་ཚད་མེད། ཀླུང་སི་ཏའི་ཆུ་ཡང་ཚད་མེད། མཚོ་མ་དྲོས་པའི་ཆུ་ཡང་ཚད་མེད། རྒྱ་མཚོ་ཆེན་པོའི་ཆུ་ཡང་ཚད་མེད་དེ། དེ་ལྟར་ཆུ་མང་པོ་དག་ཚད་མེད་པར་འདྲ་མོད་ཀྱི། ཡང་དག་པར་ན་མང་ཉུང་ནི་མི་མཉམ་མོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གོང་སྨོས་ལྟར་བོད་ཀྱི་མི་ཡིས་རྨ་བྱ་ཁ་འབབ་ཅེས་པ་ཞིག་བགྲང་ཞིང་། མངའ་རིས་པ་ཚོས་དེ་འདི་ཡིན་དེ་ཡིན་ཞེས་ཕན་ཚུན་བརྗེས་ནས་ཅེས་འབོད་སྲོལ་ཆགས་མོད། མདོ་དང་བསྟན་བཅོས་ཁུངས་མ་ལས་ནི་རྨ་བྱ་ཁ་འབབ་ཟེར་བ་མེད་པ་གོང་དུ་དྲངས་པའི་ལུང་དེ་དག་གིས་ཤེས་ལ། གཞན་ཡང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་མདོའི་འབུམ་འགྲེལ་ལས། ཀླུང་གི་རྒྱལ་པོ་གངྒཱ་དང་ཞེས་བྱ་བ་ནི། ཤར་ཕྱོགས་ནས་གླང་པོ་ཆེའི་ཁ་ནས་འབབ་སྟེ། འདི་ནི་མཚོ་ཆེན་པོའི་ཆུ་ཞེས་བྱ་བ། གཡས་ཕྱོགས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ། །ཀླུང་གི་རྒྱལ་པོ་སིནྡྷུ་དང་ཞེས་བྱ་བ་ནི། ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོའི་ཆུ་ཞེས་བྱ་བ་གཡས་ཕྱོགས་ནས་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ། །ཀླུང་གི་རྒྱལ་པོ་པཀྵུ་དང་ཞེས་བྱ་བ་ནི་ནུབ་ཕྱོགས་ནས་རྟའི་ཁ་ནས་འབབ་སྟེ། དེ་ནི་མཚན་ཆུ་ཞེས་བྱ་བ་གཡས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ནུབ་ཕྱོགས་སུ་རྒྱ་མཚོ་ཆེན་པོར་འགྲོའོ། །ཀླུང་གི་རྒྱལ་པོ་སཱི་ཏ་དང་ཞེས་བྱ་བ་ནི། བྱང་ཕྱོགས་ནས་སེང་གེའི་ཁ་ནས་འབབ་པོ། །དེ་ནི་རྒྱ་མཚོ་ཆེན་པོའི་ཆུ་ཞེས་བྱ་བ་ནི། གཡས་ཕྱོགས་སུ་བསྐོར་ནས་ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ། །ཞེས་དང་། རྒྱ་ནག་གི་སློབ་དཔོན་ཝེན་ཚག་གིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་ལས། རྒྱ་མཚོ་མ་དྲོས་པ་ཞེས་བྱ་བ་ཀླུང་ཆེན་པོ་བཞི་འབྱུང་བ་ཡོད་དེ། དེའི་ཤར་ཕྱོགས་ཀྱི་ངོས་གླང་པོ་ཆེའི་ཁ་ནས་ཆུ་བོ་གང་གཱ་བྱུང་ནས་ཤར་ཕྱོགས་ཀྱི་རྒྱ་མཚོའི་ནང་དུ་འབབ་བོ། །ལྷོའི་ངོས་བ་ལང་གི་ཁ་ནས་ཆུ་བོ་སིན་དྷུ་བྱུང་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། ། ནུབ་ཕྱོགས་ཀྱི་ངོས་རྟའི་ཁ་ནས་ཆུ་བོ་པག་ཤུ་བྱུང་ནས་ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །བྱང་གི་ངོས་སེང་གེའི་ཁ་ནས་ཆུ་བོ་སི་ཏ་བྱུང་ནས་བྱང་ཕྱོགས་ཀྱི་རྒྱ་མཚོར་འབབ་སྟེ། ཞེས་དང་། འཇིག་རྟེན་གཞག་པ་ལས། བྱང་ཕྱོགས་ཁ་དགུར་འགྱུར་བ་ཡི། །ཆུ་མཚོ་ཡོད་དེ་གཞན་དག་ཀྱང་། །དེ་ནི་མཚོ་ཆེན་ཆུ་ཞེས་བྱ། །ཐ་དད་རྒྱུ་རྣམས་འབྱུང་གནས་ཡོད། །ཆུ་ཀླུང་གངྒཱ་སིནྡྷུ་པཀྵུ་དང་། །སི་ཏ་དབའ་རླབས་ལྦུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིནྡྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སི་ཏ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་གསུངས་པ་སོགས་གླང་ཆེན་དང་། བ་གླང་དང་། རྟ་མཆོག་དང་། སེངྒེ་ཁ་འབབ་བཞི་གསུངས་ལ། ཁྱུ་མཆོག་གི་ཁ་འབབ་ཅེས་པའི་ཁྱུ་མཆོག་ཅེས་པ་ནི་བ་གླང་ལ་གོ་བ་འདུལ་བ་སོགས་ལས་གསུངས་པ་ལྟར་ཡིན་པས་རྨ་བྱ་ལ་ཟེར་བ་མ་ཡིན་པའི་ཕྱིར་རོ། །ཡང་ཁོ་ན་རེ། མདོ་དང་བསྟན་བཅོས་ལས། གླང་ཆེན་ཁ་འབབ་གངྒཱ་ཤར་དང་། བ་གླང་ངམ་ཁྱུ་མཆོག་ཁ་འབབ་སིནྡྷུ་ལྷོ་དང་། རྟ་མཆོག་ཁ་འབབ་པཀྵུ་ནུབ་དང་། སེངྒེ་ཁ་འབབ་སི་ཏ་བྱང་ནས་འབབ་པར་བཤད་པ་དང་། དྲངས་མ་ཐག་པའི་རྨ་བྱ་ཆེན་མོའི་མདོའི་འབུམ་འགྲེལ་དང་། དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་དང་། འཇིག་རྟེན་གཞག་པ་ལས། རིམ་པ་བཞིན་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་། ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་། ནུབ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞིར་སོ་སོར་འགྲོ་བར་བཤད་པ་དང་། ཁྱོད་ལྟར་ན་སིནྡྷུ་ལྷོ་ཕྱོགས་ནས་འབབ་པ་དེ་ཕ་ཀི་སི་ཐན་གྱི་ཡུལ་དབུས་ནས་འབབ་སྟེ་ནུབ་ཀྱི་རྒྱ་མཚོར་འགྲོ་བ་དེ་དང་། པཀྵུ་ནུབ་ཕྱོགས་ནས་འབབ་པ་དེ་ལྷོ་རུ་བཞུར་ནས་གངྒཱར་འདྲེས་པ་དེ་ཡིན་ན་མདོ་དང་བསྟན་བཅོས་དག་དང་མངོན་སུམ་དུ་འགལ་ལོ་ཞེ་ན། དེ་གོང་དུ་རང་ལུགས་བཞག་པའི་སྐབས་སུ་ལན་བཏབ་ཟིན་པ་ལྟར་ཡིན་ལ། ཆུ་བོ་བཞི་ཐ་མར་གཞན་དང་མ་འདྲེས་པར་ཀླུང་མཇུག་རྒྱ་མཚོར་ཤར་གྱིས་འཇུག་པ་ཞིག་གཅིག་ཀྱང་མེད་པས། ཕྱོགས་བཞིའི་རྒྱ་མཚོ་ལ་འཇུག་པ་སྐད་དུ་གསུངས་པ་ནི་ཆུ་ཀླུང་བཞི་བོ་དེ་ཕྱོགས་བཞིར་བཞུར་བའི་དབང་དུ་བྱས་ཀྱི་དངོས་སུ་སོ་སོར་ཕན་ཚུན་མ་འདྲེས་པར་ཕྱོགས་བཞིའི་རྒྱ་མཚོ་ལ་འཇུག་པ་ཞིག་ནི་མེད་པའི་ཕྱིར་རོ། །པཀྵུ་དང་ཡ་མུ་ན་གཅིག་ཡིན་ན་གངྒཱ་དང་། པཀྵུ་དང་། སི་ཏ་གསུམ་ཀ་མཉམ་དུ་འདྲེས་ནས་ཤར་གྱི་རྒྱ་མཚོར་འདུག་པ་དང་། སིནྡྷུ་གཅིག་པུ་དེ་མ་འདྲེས་པར་རྒྱ་མཚོར་འཇུག་བཞིན་པ་དང་། པཀྵུ་དང་ཆིས་ནབ་གཅིག་ཡིན་པའི་དབང་དུ་བྱས་ན་དེ་ཡང་སིནྡྷུར་འདྲེས་ནས་ལྷོ་ནུབ་རྒྱ་མཚོར་འཇུག་བཞིན་ཡོད་པས་ཐད་ཀར་བྱང་གི་རྒྱ་མཚོ་དང་ནུབ་ཀྱི་རྒྱ་མཚོར་འཇུག་པ་ཞིག་ནི་མ་གྲུབ་བོ། །མྱང་འདས་ལས། དཔེར་ན་ཀླུང་ཆེན་པོ་བཞི་སྟེ། སིན་དྷུ་དང་། གང་གཱ་དང་། པཀྵུ་དང་། སི་ཏ་ཞེས་བྱ་བ་བཞི་ཅར་ཡང་རྒྱ་མཚོ་ཆེན་པོར་འབབ་སྟེ་ཁྱད་པར་མེད་དོ། །ཞེས་གསུངས་པ་ལྟར་དོན་ལ་བཞི་ཀ་འདྲེས་ནས་རྒྱ་མཚོར་འཇུག་བཞིན་པ་ལ་ཁྱད་པར་མེད་པ་ལ་དགོངས་ནས་རྒྱ་མཚོར་འགྲོ་ཞེས་གསུངས་པ་དང་། དང་པོ་ཆུ་མགོ་ཐོན་ཡུལ་ཕྱོགས་བཞིའི་རྒྱ་མཚོའི་ཕྱོགས་སུ་བཞུར་བས་ན་ཕྱོགས་བཞིའི་རྒྱ་མཚོར་འགྲོ་ཞེས་བཤད་པ་ཡིན་པ་གོར་མ་ཆག་གོ །དཔེར་ན། མྱང་འདས་ལས། མཚོ་མ་དྲོས་པ་ངོས་བཞི་ཆུ་ཞེང་གབ་པ་དཔག་ཚད་ཉིས་བརྒྱ་ཡོད་དེ། རྩང་པོ་ཆེན་པོ་བཞི་འབབ་བོ། །ཞེས་དང་། ལྷ་མོ་དཔལ་ཕྲེང་སེང་གེའི་སྒྲའི་མདོ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཀླུང་ཆེན་པོ་བཞི་ནི་མཚོ་མ་དྲོས་པ་ལས་འབྱུང་ངོ་། །ཞེས་དང་། རབ་རྩལ་རྣམ་གནོན་པས་ཞུས་པ་ལས། དཔེར་ན་ཆུ་བོ་ཆེན་པོ་བཞི་ནི་མཚོ་མ་དྲོས་པ་ལས་འབབ་སྟེ། མཚོ་ཆེན་པོ་ལ་མ་ཐུག་པར་རྒྱུན་མི་འཆད་དོ། །ཞེས་དང་། སློབ་དཔོན་མ་ཏི་ཙི་ཊས་མཛད་པའི་བསྔགས་འོས་བསྔགས་བསྟོད་ལས། མ་དྲོས་པ་ཡི་མཚོ་ལས་ནི། །ཆུ་བོ་ཆེན་པོ་བཞི་འབབ་ཀྱང་། །ཞེས་གསུངས་པ་ལ་སོགས་པ་གཞུང་དུ་མ་ནས་ཆུ་བོ་ཆེན་པོ་བཞི་མ་དྲོས་པ་ལས་བྱུང་བར་བཤད་ཀྱང་། དངོས་སུ་དེ་ལས་ཐོན་པ་ནི་མ་མཐོང་ནའང་མཚོ་མ་དྲོས་པ་ཡོད་པའི་ཕྱོགས་ནས་འབབ་པས་དེ་ལྟར་བཤད་པར་གོ་རུང་བ་ལྟར་ཡིན་པའི་ཕྱིར་རོ། ། སྨྲས་པ། མདོ་རྒྱུད་བསྟན་བཅོས་དཔང་དུ་བཞུགས་ན་ཡང་། །མ་མཐོང་མི་ངེས་ཀླག་ཅོར་འབྱུང་བྱའི་སྐད། །ཐོས་ཆུང་བྲག་ན་སྒྲོག་པའི་གཡམ་རྒྱུག་པའི། །རྣམ་དཔྱད་མིག་ཟུང་ལྡོང་རྣམས་སྙིང་རྗེའི་གནས། །ཆུ་བཞིའི་བཤད་སྲོལ་མདོ་རྒྱུད་བསྟན་བཅོས་ལས། །སྨྲ་བའི་ལྗགས་རྩེ་བུ་རམ་ཤིང་བ་དང་། །དེ་ཡི་རྗེས་འཇུག་མཁས་པའི་ངག་ལས་བྱུང་། །དེ་ཕྱིར་དེ་ཉིད་རྣམ་དག་ཚད་མར་ཟུངས། །མདོ་རྒྱུད་མ་མཐོང་བྲག་ན་སྐྱིད་ཉལ་བའི། །རྟོགས་ལྡན་འདབ་ཆགས་སྒོ་ངའི་བརྟུལ་ཞུགས་ཅན། །མཐོང་སྣང་ཟ་ཟིས་ཀུན་ལ་རྒྱས་འདེབས་པ། །ལུང་རིགས་ཉི་ཟླའི་འོད་སྣང་རིང་དུ་བསྐལ། །གཞུང་ལུགས་ཉི་ཚེས་ང་རྒྱལ་ལྟོ་སྦོས་ནས། །མ་མཐོང་འོལ་ཚོད་བྱུང་རྒྱལ་སྨྲ་བའི་ཁ། །ཅོལ་ཆུང་རྨོངས་པའི་གཡང་ཁྲིད་རྟོག་གེ་བས། །ལོག་སྨྲའི་རྔ་གོག་རྡུང་ལ་ཡིད་རྟོན་ཅི། །ཤེས་རབ་ཡིད་འཕྲོག་ནགས་ཀྱི་ལྡིང་ཁང་ན། །ལུང་རིགས་སྙན་པའི་གླུ་དབྱངས་རྣ་བའི་དཔྱིད། །སྒྲོག་མཁས་ཁུ་བྱུག་བུ་མོ་ཡིད་འོང་མས། །དྲན་དབང་བྱེ་བ་འགུགས་པའི་དཔལ་དེར་ལྟོས། །ཞེས་ཁ་འབབ་རྣམ་བཞིའི་ཆུ་བོ་ལས་འཕྲོས་པའི་གཏམ་འདི་ནི་རིག་པ་སྨྲ་བའི་གྲལ་མཐར་དབང་བ་ཐུབ་བསྟན་ལེགས་བཤད་བཟང་པོའམ་སྙན་ངག་པ་བྱ་རོག་གདོང་ཅན་ནས་བྲིས་པ་ཛ་ཡནྟུ། དགེའོ། ། སྔགས་མང་དྲ་ཚིགས་ལས་བཤུས།
Leave a Reply