རིན་ཐང་ཆེ་ཤོས་ཀྱི་ལག་རྟགས།

རིན་ཐང་ཆེ་ཤོས་ཀྱི་ལག་རྟགས།
གོ་པལ། མི་ཤྲཱས་༢༠༡༩/༢/༨ ལ་མཐའ་མའི་བསྐྱར་བཅོས་བྱས།
ངག་དབང་ཉི་མས་བསྒྱུར།།

ཨ་གུ་མོ་ཧན་ནི་སྦྲག་ཁང་གི་ལས་བྱེད་རེད། ལོ་མང་རིང་ཁོས་མཱ་དྷོ་པུར་གཡས་གཡོན་གྱི་གྲོང་གསེབ་ལ་ཡིག་སྐྱེལ་བའི་ལས་ཀ་བྱེད་ཀྱིན་ཡོད། ཉིན་ཞིག་ཁོ་ལ་ཡི་གེ་ཞིག་རག་པར་ཁ་བྱང་ནི་མཱ་དྷོ་པུར་གྱི་ཉེ་འགྲམ་རང་ལ་རེད། འོན་ཀྱང་ཁོས་དེ་སྔར་ཁ་བྱང་དེ་ལ་ཡི་གེ་གཅིག་ཀྱང་སྐྱེལ་མྱོང་མེད།

ཉིན་ལྟར་ད་རིང་ཡང་ཁོས་རང་གི་ཡི་གེ་བླུག་སྣོད་ཡར་བཀྱག་སྟེ་ཡི་གེ་སྐྱེལ་བར་ཕྱི་ལ་ཐོན། ཡི་གེ་ཚང་མ་སྐྱེལ་ཟིན་རྗེས་ཁོས་ཁ་བྱང་གསར་པ་དེའི་ཕྱོགས་སུ་བསྐྱོད་འགོ་ཚུགས། སྒོ་འགྲམ་འབྱོར་བ་དང་སྦྲག་པ་སླེབས་ཡོད་ཅེས་སྐད་འབོད་བྱས། ནང་ནས་བུ་མོ་ཞིག་གིས་”ཨ་ཁུ”སྒོའི་འོག་ནས་ཡི་གེ་གཡུག་རོགས་གྱིས་དང་ཞེས་སྐད་འབོད་པ་བྱས། “བུ་མོ། ཡ་མཚན་རེད། ང་དེ་འདྲའི་ཐག་རིང་ནས་ཡི་གེ་འཁྱེར་ནས་འོང་ཐུབ་པ་ལ་སྲས་མོའི་སྐུ་ཞབས་སྒོའི་བར་དུ་ཡང་མ་ཐོན་པ་གང་ཡིན་ནམ་བསམ། “ཕྱི་རུ་ཤོག ར་ཇི་སྚི་ཐོག་ནས་བསླེབས་ཤག མིང་རྟགས་བཀོད་པའི་རྗེས་སུ་རག་གི་རེད་” ཅེས་ཁོས་ཁོང་ཁྲོའི་ངང་ལབ། “ད་ལྟ་རང་ཡོང་གོ་” ཞེས་ནང་ལན་འདེབས་བྱས་བྱུང་། ཨ་ཁུས་སྒུག་བསྡད་པས། སྐར་མ་གཉིས་ཕྱིན་ཡང་། སུ་ཞིག་ཀྱང་མ་བསླེབས་པར་བརྟེན་ཁོས་བཟོད་བསྲན་མ་ཐུབ་པར་” ང་ལ་ལས་ཀ་འདི་ཁོ་ན་ལས་མེད་པ་མིན། མགྱོགས་པོ་བྱེད་རོགས། ཡི་གེ་གཞན་དག་ཡང་བསྐྱེལ་དགོས་ཡོད་ཅེས་སྨྲས་ནས་ཨ་ཁུས་སྒོ་རྡུང་འགོ་བརྩམས། གང་ཙམ་ནས་སྒོ་ཕྱེས་པའི་རྗེས་མདུན་གྱི་སྣང་བརྙན་དེ་མཐོང་དུས་ཨ་ཁུ་ཧ་ལས་པར་གྱུར། ལོ་ན་༡༢ནས་༡༣ ཙམ་གྱི་བུ་མོ་ཞིག་སྟེ། གང་གི་རྐང་པ་གཉིས་ཀ་བཅད་པ་ཞིག་མཐོང་། ཨ་ཁུས་རང་ཉིད་ཀྱི་བཟོད་བསྲན་མ་ཐུབ་པར་ངོ་ཚ་བར་གྱུར། བུ་མོས་”་དགོངས་འགལ་མེད་པར་ཞུ། ང་ཡོང་བར་འགོར་སོང་། མིང་རྟགས་གང་དུ་བརྒྱབ་དགོས་སམ།”ཞེས་བརྗོད། ཨ་ཁུས་མིང་རྟགས་བཀོད་བཅུག་ནས་སོང་།

དོན་རྐྱེན་འདི་འཕྲད་ནས་ཉིན་གྲངས་༨ནས་༡༠ཙམ་སོང་རྗེས་ཨ་ཁུར་སླར་ཡང་ཁ་བྱང་དེ་ལ་ཡི་གེ་ཞིག་སྐྱེལ་དགོས་གྱུར། ཐེངས་འདིར་ཡང་ས་ཆ་གཞན་ཚང་མ་ལ་ཡི་གེ་བསྐྱལ་བའི་རྗེས་སུ་ཁང་པ་དེ་འགྲམ་དུ་འབྱོར། “ཡི་གེ་བསླེབས་ཤག། མིང་རྟགས་ཡང་འགོད་མི་དགོས། སྒོའི་འོག་ནས་གཡུག་ག” ཞེས་ཨ་ཁུས་ལབ། “།མ་གཡུག མ་གཡུག སྒུག་དང་། ང་ད་ལྟ་རང་ཡོང་ཆོག”ཅེས་བུ་མོས་ནང་ནས་སྐད་བརྒྱབས། ཏོག་ཙམ་རྗེས་སྒོ་ཕྱེ་པར་བུ་མོའི་ལག་ན་ལག་རྟགས་ཀྱི་ཤོག་སྒམ་ཞིག་ཡོད། ” ཨ་ཁུ་ངའི་ཡི་གེ་སྤྲོད་དང་། ཁྱེད་རང་གི་ལག་རྟགས་འདི་བཞེས་རོགས།” ཞེས་བུ་མོས་འཛུམ་མདངས་ཀྱིས་ཁེངས་པའི་ངང་ནས་བརྗོད། “དེ་འདྲ་དགོས་མ་རེད་བུ་མོ”ཞེས་ཨ་ཁུས་ཤིན་ཏུ་མཚེར་སྣང་དང་བཅས་ལག་རྟགས་ལེན་བཞིན་དུ་འདི་ལྟར་སྨྲས། བུ་མོས་” གལ་ཆེ་གི་མ་རེད་ཨ་ཁུ་ལགས། ཁྱེད་ཀྱིས་འདི་བཞེས་ནས་ཁྱིམ་ལ་བསླེབས་ནས་ཁ་འབྱེད་རོགས་གནང་”ཞེས་ལབ། ཨ་ཁུ་ཁོང་། ཤོག་སྒམ་དེ་ཁྱེར་ནས་ཁྱིམ་གྱི་ཕྱོགས་སུ་བསྐྱོད། ཁོས་ཤོག་སྒམ་ནང་དུ་ཅི་ཞིག་ཡོད་མེད་ཤེས་རྟོགས་མ་ཐུབ། ཁྱིམ་དུ་འབྱོར་མ་ཐག་ཁོས་ཤོག་སྒམ་ཁ་ཕྱེས་ནས་ལག་རྟགས་མཐོང་བ་དང་ཁོའི་མིག་ནས་མིག་ཆུ་ཟགས་འགོ་ཚུགས། ཤོག་སྒམ་ནང་དུ་བསིལ་ལྷམ་ཆ་གཅིག་ཡོད། ཨ་ཁུས་ལོ་མང་པོར་རྐང་རྗེན་མས་ཡི་གེ་སྐྱེལ་་བར་བྱས། འོན་ཀྱང་ད་རིང་བར་སུ་གཅིག་གིས་འདི་ལ་དོ་སྣང་མ་བྱུང་བ་རེད། འདི་ནི་ཁོའི་མི་ཚེ་ལ་རིན་ཐང་ཆེ་ཤོས་ཀྱི་ལག་རྟགས་རེད། ཨ་ཁུས་བསིལ་ལྷམ་བྲང་ཁར་སྦྱར་ནས་ངུ་ཤོར། ཁོའི་སེམས་སུ་བསམ་བློ་གཅིག་ཡང་ཡང་འཁོར་བ་ནི། ཕྲུ་གུས་ཁོ་པར་བསིལ་ལྷམ་སྤྲད་མོད། མོ་ལ་རྐང་པ་ག་འདྲ་བྱས་ནས་སྤྲོད་ཐུབ་སྙམ་མོ།། །།

༼གྲོགས་པོ་ཚོ། ཚོར་བ་རྣོ་པོའམ་(sensitivity) ནི་འགྲོ་བ་མིའི་དམིགས་བསལ་གྱི་ཡོན་ཏན་ཞིག་ཡིན། གཞན་གྱི་སྡུག་བསྔལ་ཚོར་ཐུབ་པ་དང་། དེ་ཉུང་དུ་གཏོང་ཐབས་ལ་གཞོལ་བ་ནི་རླབས་ཆེན་གྱི་ལས་ཤིག་ལགས། ཕྲུ་གུ་གང་ཞིག་རང་གི་རྐང་པ་མེད་པ་དེས་གཞན་གྱི་རྐང་པའི་སྟེང་གི་ཚོར་བ་རྣོ་པོ་སྐྱེས་པ་དེས་བདག་ཅག་རྣམས་ལ་བརྡ་ལན་ཧ་ཅང་ཆེན་པོ་ཞིག་སྟེར་བར་བྱེད། ད་ཕེབས་ཤོག། ང་ཚོ་ཡང་རང་གི་སྤྱི་ཚོགས། རང་གི་ཉེ་འཁོར་གྱི་ཁྱིམ་མཚེས། རང་གི་གྲོགས་པོ་དང་རྒྱུས་མེད་མི་དག་ལ་ཚོར་བ་རྣོ་པོ་སྐྱེ་བར་བྱ། ང་ཚོས་ཀྱང་མི་གང་ཞིག་གི་རྐང་རྗེན་མ་ལ་བསིལ་ལྷམ་སྦྱིན་ཏེ་སྡུག་བསྔལ་གྱིས་ཁེངས་པའི་འཇིག་རྟེན་ནང་དུ་བདེ་སྐྱིད་ཆུང་ངུ་ཞིག་སྤེལ་བར་བྱའོ།། །།༽

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*